Friday 29 April 2011

ཡུལ་ཤུལ། སྐྱི་གཡའ་བའི་འཇིག་པ་ལས་སད་རན། གཡུ་མཚོ།

 
སྐྱོ་བ་དང་སྡུག་བསྔལ་ཁྲོད་ནས་ང་ཚོ་དལ་གྱིས་ཡོང་ནས་དེ་རིང་བར་དུ་ལོ་ངོ་གཅིག་འགོར་སོང་།   ཕ་མ་མིང་སྲིང་དེ་ཚོ་ཕྱི་མའི་ཡུལ་དུ་སོང་ནས་ལོ་ངོ་གཅིག་འགོར་སོང་། ཕ་གཞིས་དྲོད་མོ་དེ་ཐལ་རྡུལ་དུ་གྱུར་ནས་ལོ་ངོ་གཅིག་འགོར་སོང་། ལོ་ངོ་གཅིག་གི་རིང་ང་ཚོས་འདས་པོའི་ཆེད་དུ་མིག་ཆུ་བཏང་ཡོད། སྡུག་བསྔལ་མྱོང་ཡོད། སྐྱབས་འཇུག་ཞུ་ཡོད། ལོ་ངོ་གཅིག་གི་རིང་། ང་ཚོས་གསོན་པོ་རུ་ཡོད་པའི་སྤུན་ཟླ་རྣམས་ལ་སེམས་གསོ་བྱེད་ཡོད། སྨོན་ལམ་འདེབས་ཡོད། འདི་ལྟར་ལོ་ངོ་གཅིག་འགོར་སོང་། ཞག་མ་དྲུག་བརྒྱ་སུམ་ཅུ་འགོར་སོང་།   རེད་ལགས་སྤུན་ཟླ་ཚོ། ད་ནི་སྐྱི་གཡའ་བའི་འཇིག་པ་ལས་སད་རན།
ད་ནི་ང་ཚོ་སྐྱོ་བ་དང་སྡུག་བསྔལ་ཁྲོད་ནས་ཡར་ལངས་རན་པའི་དུས་ལ་སླེབས་འདུག ད་ནི་མིག་ཆུ་ཕྱིས་ནས་མདུན་དུ་སྐྱོད་དགོས་པའི་དུས་ལ་སླེབས་འདུག སེམས་ཀྱི་རྨ་ཁ་ཅི་འདྲ་ན་རུང་། ཁོག་ན་སྡུག་བསྔལ་ཅི་འདྲ་ཡོད་རུང་། མདུན་དུ་དཀང་ངལ་ཅི་འདྲ་མང་རུང་། ད་ནི་ང་ཡིས་མི་ནུས་ང་ཡིས་མི་འཇོན་ཟེར་མི་ཆོག སྤུན་ཟླ་ཚོ་མདུན་དུ་སྐྱོད། ང་རང་ཚོ་ནི་ནང་པ་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་པའི་མི་རིགས་ཤིག་རེད། དེས་ན་ང་ཚོས་རང་ནི་རང་གི་མགོན་ཡིན་ཤེས་པ་གྱིས་ཟེར་བའི་བདེན་དོན་དེ་སེམས་ལ་དམ་པོ་བཟུང་ནས།    རང་གི་སྟོབས་དང་ལྡན་པའི་རྐང་པ་ལ་བསྟེན་ནས་ཡར་ལངས་ཤོག རང་གི་ལག་ཟུང་ལ་བསྟེན་ན་ངལ་རྩོལ་བྱེད་ཤོག རང་གི་རལ་གྲི་ལྟར་ནོར་བའི་རིག་པ་ལ་བརྟེན་ནས་སྔར་ལས་མཛེས་པའི་ཁྱིམ་གཞིས་དྲོད་མོ་ཞིག་སྐྲུན་ཤོག  རེད་ལགས་སྤུན་ཟླ་ཚོ། ད་ནི་སྐྱི་གཡང་བའི་འཇིག་པ་ལས་སད་རན།
རྨ་རྫ་འབྲུ་གསུམ་གྱི་འབྱུང་ས།  དུས་རབས་ཉེར་གཅིག་པ་ལ་ང་ཚོ་ཕྱུག་པོ་ཡིན། ཆུ་གསུམ་གྱི་སྨད་རྒྱུད་དུ་གནས་པའི་མི་རྣམས་ཆུ་འདི་གསུམ་ལ་བརྟེན་ནས་ཕྱུག་པོ་གྱུར་ཆོག་ན། རྨ་རྫ་འབྲུ་གསུམ་གྱི་འབྱུང་ས་ལ་གནས་པའི་ཡུལ་ཤུལ་ཅི་ཕྱིར་ཕྱུག་པོ་འགྱུར་མི་ཆོག འདི་ནི་ཁྱེད་ཚོའི་དགོས་འདོད་ནོར་བུ་རེད། སྤུན་ཟླ་རྣམ་པ། ནོར་བུ་རང་ལ་ཡོད་དུས། ནོར་བུས་ནོར་ཉམས་མ་ཆོད། ། ནོར་བུ་གཞན་ལ་ཤོར་དུས། ། འགྱོད་པ་གཏིང་ནས་ཤོར་སོང་ཟེར་བའི་ཚིག་འདི་སེམས་ལ་དམ་པོ་བཟུང་ནས། རྨ་རྫ་འབྲུ་གསུམ་གྱི་འབྱུང་ཁུངས་དེ་རང་གི་སྲོག་བཞིན་དུ་རྩིས་དང་། འདི་ནི་ཡུལ་ཤུལ་གྱི་མ་འོངས་པའི་རེ་བ་རེད། རེད་ལགས་སྤུན་ཟླ་ཚོ།  
ཁ་སང་གི་ན་ཟུག་དེ་བརྗེད་དཀའ་རྒྱུ་རེད། ཁ་སང་གི་སྐྱོ་བ་འདི་བརྗེད་དཀའ་རྒྱུ་རེད། ཡིན་ཡང་། འདི་ནི་རང་བྱུང་གི་འཇིག་པ་རེད། བཟློག་ཏུ་མེད་པའི་རང་བྱུང་གི་འཇིག་པ་རེད། སྙིང་རྗེ་མེད་པའི་རང་བྱུང་གི་འཇིག་པ་རེད།   དེ་རིང་ད་དུང་ཡང་ང་ཚོ་ལ་ན་ཟུག་འདུག ང་ཚོ་ལ་སྐྱོ་བ་ཡོད། ང་ཚོ་སྐྱི་གཡའ་གིན་འདུག ང་ཚོ་ལ་སྐྱབས་དགོས། ང་ཚོ་ལ་མགོན་དགོས་ཟེར་ནས་འདུག་ཁོམ་མེད། ད་ནི་ལམ་ལ་ཆས། ང་ཚོ་མཉམ་དུ་ལམ་ལ་ཆས། ལག་བརྡང་མཉམ་དུ་སྦྲེལ་ནས་མདུན་དུ་སྐྱོད།   མཛེས་སྡུག་ལྡན་པའི་གཞིས་ཁྱིམ་ཞིག་གི་ཆེད་དུ་ད་ནི་ལམ་ལ་ཆས་རན་འདུག   སྐྱོ་བ་དང་སྡུག་བསྔལ། ན་ཟུག་སོགས་རིང་དུ་དོར་ནས། ཡིད་ཆེས་ཀྱི་འོད་སྣང་དང་མཉམ་དུ་སྤོབས་པ་ཆེན་པོ་ངང་མདུན་དུ་སྐྱོད་ཤོག སྤུན་ཟླ་ཚོ།   ད་ནི་སྐྱི་གཡའ་བའི་འཇིག་པ་ལས་སད་རན། 

Thursday 28 April 2011

ངའི་ བརྩེ་ བའི་ ཡུལ་ ཤུལ་ གྱི་ སྤུན་ ཟླ། ཐེ་བོ་ཤེས་རབ་རྒྱ་མཚོ།

                                    

ང་ ཡི་ བརྩེ་ བའི་ ཡུལ་ ཤུལ་ སྤུན་ ཟླའི་ སྟེང་ ལ་ གོད་ ཆག་ ནག་ པོ་ གནམ་ ནས་ ལྷུང་ བའི་ གཏམ་ ངན་ དུག་ གི་ མདའ་ མོ་ རྣོན་ པོ་ ཞིག།
འགོག་ མེད་ བརྙན་ འཕྲུལ་ རྒྱུད་ ལས་ ཤེད་ ཀྱིས་ ཤོར་ བས་ ང་ ཡི་ སྙིང་ གི་ འཕར་ སྒྲ་ གཉོམ་ པོ་ འདི་ ཡང་ ཅུང་ ཙམ་ མིན་ ན་ བཅད་ ནས་ ཐལ།།
ཀྱེ་ མ་ ཀྱི་ ཧུད་ འདི་ ནི་ ཁྱེད་ ཀྱི་ སྡུག་ བསྔལ་ ཁོ་ ན་ མ་ ལགས་ ས་ མཐར་ ལྷུང་ བའི་ ཤཱཀྱའི་ དགེ་ ཕྲུག་ རྐང་ རྗེན་ ང་ ཡང་ སྟེ།།
ལུས་ ཀྱི་ ཁ་ ཐག་ ཤིན་ ཏུ་ རིང་ ཡང་ སེམས་ ཀྱི་ ཁ་ ཐག་ ཤིན་ ཏུ་ ཉེ་ བའི་ ང་ ཡིས་ ཁྱེད་ ལ་ ཁུ་ སིམ་ མ་ ཎི་ བགྲང་ བཞིན་ ཡོད།།

རྔམ་ གནག་ རི་ དང་ ཆུ་ བོ་ མ་ ལུས་ ཁོང་ ནས་ ཁྲོ ས་ ཤིང་ བརྩེ་ མེད་ དུས་ ཀྱི་ ཁ་ རླངས་ ནག་ པོ་ དམར་ པོ་ རྒྱ་ ཡི་ གདུག་ རྩུབ་ བཞིན།།
ལུས་ དང་ སེམས་ པ་ གཙབས་ པའི་ རྨ་ ཁའི་ ན་ ཟུག་ འཇགས་ ལོང་ མེད་ པར་ སླར་ ཡང་ ས་ ཡོམ་ འཇིགས་ པ་ ཉམ་ ཆུང་ སྲོག་ གི་ གཤེད་ དུ་ བབས།།
ལྷན་ སྐྱེས་ རང་ དབང་ རྐང་ ལག་ བཅད་ པའི་ གདུང་ བ་ ལྕི་ མོས་ ལུས་ དང་ ས ེམས་ པ་ མནར་ ནས་ ལོ་ ཡི་ འཁོར་ མོ་ གཅིག་ ཀྱང་ མ་ འདས་ བས།།
རང་ བྱུང་ ཁམས་ ཀྱི་ རི་ ཆུ་ དག་ ལ་ རྒྱུ་ འབྲས་ མིག་ ཟུང་ ཡོད་ པ་ བདེན་ ན་ ད་ ལོ་ ང་ ཡི་ ཡུལ་ ཤུལ་ སྤུན་ ཟླར་ འདི་ མི་ འབབ།།

ཧ་ ཅང་ ཕངས་ བའི་ ཚེ་ སྲོག་ རེ་ རེ་ མྱ་ ངན་ མིག་ ཆུས་ སྐྱེལ་ མ་ བྱེད་ དུས་ ང་ ནི་ ནམ་ ཡང་ ཁྱེད་ དང་ མཉམ་ དུ་ ངུ་ ན་ འདོད།།
ཤིན་ ཏུ་ སྐྱིད་ པའི་ ཁྱིམ་ ཚང་ རེ་ རེ་ ཐལ་ བར་ བརླགས་ ནས་ སྐྱོ་ བས་ གཟིར་ དུས་ ང་ ནི་ ནམ་ ཡང་ ཁྱེད་ དང་ མཉམ་ དུ་ སྡུག་ ན་ འདོད།།
ཧ་ ཅང་ བརྩེ་ བའི་ མ་ བུ་ རེ་ རེ་ འདི་ ཕྱི་ ཡོལ་ བས་ བར་ ཐག་ གཅོད་ དུས་ ང་ ནི་ ནམ་ ཡང་ ཁྱེད་ དང་ མཉམ་ དུ་ བསྡད་ ན་ འདོད།།
ཤ ིན་ ཏུ་ སྐྱོ་ བའི་ ནངས་ མོ་ དེ་ ལ་ འཇིགས་ པ་ དམར་ པོ་ མགོ་ ལ་ ལྷུང་ དུས་ ང་ ནི་ ནམ་ ཡང་ ཁྱེད་ དང་ མཉམ་ དུ་ ཤི་ ན་ འདོད།།

དཔྱིད་ ཀྱི་ ཆབ་ རོམ་ དྲོད་ ཀྱིས་ ཞུ་ འདྲའི་ ང་ ཡི་ སེམས་ ཀྱི་ མིག་ ཆུ་ གྲང་ མོ་ ཉིན་ མཚན་ བར་ མེད་ ཁྱེད་ དང་ མཉམ་ དུ་ བཞུར་ བཞིན་ ཡོད།།
རྒས་ ཤིང་ འཁོགས་ པའི་ རོ་ གོག་ འདི་ ཡིས་ ཁྱོད་ ཀྱི་ ཕྱིར་ དུ་ ཅི་ ཡང་ མི་ འཇོན་ ང་ རང་ ང་ ལ་ འཚིག་ པ་ གཏིང་ ནས་ ཟ་ བཞིན་ ཡོད།།
རྨོངས་ ཤིང་ འཐོམ་ པའི་ མགོ་ བོ་ འདི་ ཡིས་ ཁྱོད་ ཀྱི་ ཕྱིར་ དུ་ ཅི་ ཡང་ མི་ དྲན་ ང་ རང་ ང་ ལ་ ཧ་ ཅང་ ཡི་ ཐང་ ཆད་ ནས་ ཡོད།།
ཀྱེ་ ཀྱེ་ སེམས་ ཀྱི་ སྡུག་ བསྔལ་ སྟོབས་ སུ་ སྒྱུར་ ཅ ིག་ ཡུལ་ ཤུལ་ སྤུན་ ཟླ་ ང་ ཚོ་ མཉམ་ དུ་ གནམ་ གྱི་ གོད་ ཆག་ འདི་ ལས་ རྒྱལ་ བར་ བྱེད།། 

ས་ཆེན་པོའི་འཕག་འཚག རྫོང་སར། ཡིད་ལྷུང་ཚེ་རིང་ཡེ་ཤེས།

ས་གཞི་འཕག་འཚག་རྒྱུ་འབྲས་རྒན་པོའི་ཀི་སྒྲ་ཡིན།།
བགྲེས་པའི་བུ་ཕྲུག་སྙིང་རྗེ་དར་མའི་གཤིས་བཟང་ཡིན།།
དྭ་བུའི་ཕ་མ་བྱམས་བརྩེ་གསར་མོའི་སྒེགས་ཉམས་ཡིན།།
ཤ་ཚའི་མཆིལ་མ་འཇིག་རྟེན་བྱིས་པའི་རང་བཞིན་ཡིན།།

ས་ཆེན་པོའི་འཕག་འཚག བོད་མགོ་ནག་གི་ལས་དབང་། ད་ང་ཚོས་ཇི་ལྟར་བྱས་ནས་གཤིན་པོའི་རྣམ་ཤེས་ཁྲི་ཕྲག་ལ་སྐྱེལ་མ་བྱ། ད་ང་ཚོས་ཇི་ལྟར་བྱས་ནས་གསོན་པའི་རྨ་ཁ་སྟོ་ཕྲག་ལ་ལྷན་པ་བསླན། ད་ང་ཚོས་ཇི་ལྟར་བྱས་ནས་དྭ་ཕྲུག་བརྒྱ་ཕྲག་འགའ་ཞིག་གི་འདུག་ཆོས་སྒྲུབ། རྣམ་ཤེས་ཁྲི་ཕྲག རྨ་ཁ་སྟོང་ཕྲག དྭ་ཕྲུག་བརྒྱ་ཕྲག ངའི་ཤ་རུས་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་རྣམས། ཡིད་སེམས་སྐྱོ་བ་ལ།
ཆོས་ལུགས་མཐུན་སྒྲིལ་ཞི་བདེ་འབོད་པའི་ཕོ་ཉ་ཡིན།།
མི་རིགས་མཐུན་སྒྲིལ་རྒྱལ་ཁབ་གཅིག་གི་འདུག་ཆོས་ཡིན།།
ནང་ཁུལ་མཐུན་སྒྲིལ་མི་རིགས་ཤིག་གི་ལྕགས་རི་ཡིན།།
བླ་སློབ་མཐུན་སྒྲིལ་ཤི་གསོན་བར་གྱི་སྦྲེལ་ཐག་ཡིན།།

ས་ཆེན་པོའི་འཕག་འཚག བོད་མགོ་ནག་གི་ལས་དབང་། ད་ང་ཚོས་ཇི་ལྟར་བྱས་ནས་གཤིན་པོའི་རྣམ་ཤེས་ཁྲི་ཕྲག་ལ་སྐྱེལ་མ་བྱ། ད་ང་ཚོས་ཇི་ལྟར་བྱས་ནས་གསོན་པའི་རྨ་ཁ་སྟོ་ཕྲག་ལ་ལྷན་པ་བསླན། ད་ང་ཚོས་ཇི་ལྟར་བྱས་ནས་དྭ་ཕྲུག་བརྒྱ་ཕྲག་འགའ་ཞིག་གི་འདུག་ཆོས་སྒྲུབ། རྣམ་ཤེས་ཁྲི་ཕྲག རྨ་ཁ་སྟོང་ཕྲག དྭ་ཕྲུག་བརྒྱ་ཕྲག ངའི་ཤ་རུས་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་རྣམས། ཡིད་སེམས་སྐྱོ་བ་ལ།

མ་ཎི་མགུར་དབྱངས་གཤིན་པོར་ཕན་པའི་ཆོས་སྐལ་ཡིན།།
མིག་ཆུའི་ཐིགས་པ་ཤུལ་ལུས་གསོན་པོར་སེམས་གསོ་ཡིན།།
ཤུགས་རིང་ལན་གསུམ་རང་སེམས་བདེ་བའི་ཐབས་ཤིག་ཡིན།།
ཁེར་རྐྱང་འཁྱམ་པོའི་སེམས་ཀྱི་ན་ཟུགས་ལུད་པ་ལགས།།

ས་ཆེན་པོའི་འཕག་འཚག བོད་མགོ་ནག་གི་ལས་དབང་། ད་ང་ཚོས་ཇི་ལྟར་བྱས་ནས་གཤིན་པོའི་རྣམ་ཤེས་ཁྲི་ཕྲག་ལ་སྐྱེལ་མ་བྱ། ད་ང་ཚོས་ཇི་ལྟར་བྱས་ནས་གསོན་པའི་རྨ་ཁ་སྟོ་ཕྲག་ལ་ལྷན་པ་བསླན། ད་ང་ཚོས་ཇི་ལྟར་བྱས་ནས་དྭ་ཕྲུག་བརྒྱ་ཕྲག་འགའ་ཞིག་གི་འདུག་ཆོས་སྒྲུབ། རྣམ་ཤེས་ཁྲི་ཕྲག རྨ་ཁ་སྟོང་ཕྲག དྭ་ཕྲུག་བརྒྱ་ཕྲག ངའི་ཤ་རུས་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་རྣམས། ཡིད་སེམས་སྐྱོ་བ་ལ།

ཡུལ་ཤུལ་བ། ངས་ཁྱོད་ཚོ་རྒྱུན་དུ་དྲན། ལི་ཐང་། ངག་དབང་དབྱིག་གཉེན། འབྲས་བློ་གླིང་།




འབྱུང་ གཞི་ འཁྲུག་ པའི་ གོད་ ཆག་ གཅིག་ གིས་ སྤུན་ ཟླའི་ ཚེ་ སྲོག་ བཅོམ་ ན་ ཡང་ །།

དུས་ འགྱུར་ ངར་ མའི་ འཕགས་ འཚག་ གཅིག་ གིས་ རང་ ཡུལ་ མི་ ལ་ ཤོར་ ན་ ཡང་ །།

འགྱུར་ སྟངས་ འདི་ དག་ མི་ རྟག་ སྒྱུ་ མའི་ ངང་ ཚུལ་ གཅིག་ གི་ རྣམ་ པ་ ལས།།

བདེན་ པའི་ ངོ་ བོ་ གདོད་ ནས་ གྲུབ་ པའི་ ཤེས་ བྱའི་ རྣམ་ པ་ ཡོད་ མ་ ཡིན།།



དེ་ རིང་ བདག་ གི་ ཡ་ ཁོག་ ཀུན་ ལ་ སྡུག་ གི་ སྣོན་ པས་ བརྩེགས་ ནས་ འདུག།

དེ་ རིང་ བདག་ གི་ རྣམ་ ཤེས་ འདི་ ཡང་ གྲགས་ འགུལ་ མེད་ པར་ འཁུམ་ ནས་ འདུག།

མྱི་ ཚེ་ ནང་ ན་ མྱ་ ངན་ འདི་ འདྲ་ དེ་ རིང་ མ་ གཏོགས་ སླེབས་ མ་ ཐལ།།

མྱ་ ངན་ བྱེད་ སའི་ ཉི་ མ་ ནག་ པོ་ དེ་ རིང་ མ་ གཏོགས་ ཤར་ མ་ ཐལ།།


Monday 25 April 2011

སྒ་འབོད་རྒུན་ཆང་སིལ་མ། འཆམ་ར་དྲི་མེད་རྒྱལ་མཚན།



ས་ཡོམ་གྱི་གོད་ཆག་ཕོག་པའི་ངའི་སེམས་ཀྱི་སྒ་བ་བ་དྲན་ནས་དགུན་ཆང་སིལ་མ་ལྟ་བུའི་སྙན་ངག་གིས་འབོད་པ།

ཡར་བྱང་ཁོག་སྦུགས་ལ་སྐྱེ་དགུའི་རྣམ་པ་དེ་ཤར་བྱུང་།།
སེམས་སྐྱོ་སྣང་ཞིག་གིས་མིག་ཆུ་རྡོག་སྣ་རུ་ཟག་སོང་།།
ལྷ་དཀོན་མཆོག་གསུམ་ལ་མཆོད་མེ་སྐོང་བུ་ཞིག་ཕུལ་ཡོད།།
ཐུགས་སྙིང་རྗེ་ཆེན་པོས་བྱིན་རླབས་གང་དྲགས་ཤིག་གནང་རོགས།།

ཆོས་ཡེ་གེ་དྲུག་མའི་བྱིན་རླབས་ད་ལྟ་རང་སྨིན་ནས།།
ཚེ་ཕྱི་མའི་ཡུལ་གྱི་རྣམ་ཤེས་འཁྱམ་པོ་དག་བསྐྱབ་རོགས།།
ལྷ་ཐུགས་རྗེ་ཆེན་པོས་དངོས་གྲུབ་ད་ལྟ་རང་བསྩལ་ནས།།
སྡུག་སྐྱོ་བས་ཚོས་པའི་སྐྱེ་དགུའི་ན་ཟུག་འདི་བསལ་རོགས།།

ཤ་ཚ་མོ་ཁ་ཆར་བུ་ཡུག་འཚུབ་སའི་གནས་འདི་རེད།།
བོད་མགོ་ནག་མི་ཡི་ཟུག་ཁྲག་དམར་པོ་སྐྱིལ་ས་རེད།།
རོ་མང་པོ་སྤུངས་སའི་གནམ་འོག་དུར་ས་ཆེ་ཤོས་རེད།།
དགྲ་དམར་པོས་མཐོང་ཡང་མིག་ཆུ་ཤོར་ནས་ཡོང་ས་རེད།།

ཆུ་ཆེན་པོ་འབབ་སའི་ཆུ་མགོ་གོང་མ་དེ་བོད་རེད།།
མི་གསོན་པོ་བསད་ནས་ཁྲག་དམར་བཞུར་ས་ཡང་འདི་རེད།།
ནང་ཞི་བདེའི་འོད་སྣང་མཆེད་སའི་གནས་མཆོག་དེ་བོད་རེད།།
སྡུག་ཆག་སྒོའི་ཚང་ཆེན་ནག་པོ་རྡོལ་ས་ཡང་འདི་རེད།།


གདུང་སེལ་གྱི་རེ་སྨོན། ཚིག བཀྲ་ཤིས་དཔལ་ལྡན། གླུ་མ། ཨ་མ་ལེ་ཡ།

Monday 18 April 2011

ཡུལ་ཤུལ་བུད་སོང་ཟེར། ངས་འདི་ལྟར་བཤད་བཞག་ཡོད། སྒོ་ཡོན།







—བོད་ཁམས་ཀྱི་ས་ཡོམ༤·༡༤དོན་རྐྱེན་བྱུང་ནས་ལོ་འཁོར་གཅིག་ལོན་པར་དྲན་གསོ་བྱེད་པ།
 
 སློབ་ཁྲིད་གྲོལ་ནས་ཁྱིམ་དུ་འབྱོར་མ་ཐགགྲོགས་པོའི་ཁ་པར་ལས་འཕྲིན་ཐུང་ཞིག་བཏང་འདུག་ལ། འཕྲིན་གྱི་ནང་དོན“ཡུལ་ཤུལ་བུད་སོང་བ་རེད། ཁྱེད་ཀྱིས་ཅི་བྱེད་ཀྱིན་ཡོད”ཅེས་པ་དེ་ཙམ་རེད། དངོས་གནས་སྤུན་ཟླ་ཡུལ་ཤུལ་བ་དག་འདས་ནས་ལོ་ཡི་འཁོར་ལོ་གཅིག་ཙམ་འདས་ཟིན་ཞིང༌། ཁོང་ཚོའི་ཚེ་ལུས་ཀྱི་འཕེན་པ་གཞན་དུ་རྫོགས་ནས་དུས་ཚོད་ངེས་ཅན་ཞིག་སོང་ཚར་བ་རེད།
དཀོན་མཆོག་ཞུ་བའི་བདག་གི་ལམ་སྟོན་པ་དེས་བཤད་ན། ཁྱོད་ཅག་མ་སོང་བའི་སྔ་རོལ་ནས་མི་གང་མང་གིས་ཁྱོད་ཚོ་འགྲོ་དགོས་པ་ཀུན་ནས་ཀྱང་ཤེས་ཡོད་ཁར། ཁྱོད་ཚོ་འགྲོ་གྲབས་ཀྱི་སྐོར་ལ་གྲ་སྒྲིག་དང་ལམ་ཆས་ཀྱང་བསྒྲིགས་མྱོང་བ་རེད་ཟེར། དེ་ནི་མིག་ཟུང་ནང་ལ་འཁོར་བའི་ཁྱོད་རྣམས་ཀྱིས་ཁྱོན་ནས་ཤེས་མེད་སྲིད་ལ། ཁྱོད་ཚོས་ཤེས་ཐུབ་པ་ཞིག་ཀྱང་ག་ལ་ཡིན་ནམ།
སྐྱེ་བ་ཡོད་ཆོག་ན་འཆི་བ་ནི་སུ་ལ་ཡང་ཡོད་ཆོག་པས་མི་ཚད། མི་ཚེའི་བདེན་པ་དང་བདེན་པའི་གནད་དོན་རྟོགས་པའི་རིགས་ཀྱིས་འཆི་བ་ནི་གསང་བའི་བདེ་སྐྱིད་ཅིག་ཏུ་ངོས་འཛིན་ཡང་ཆོག་པར་གདའ་མོད། འཆི་རྐྱེན་མཐའ་ལ་ལྷུང་ཞིང་འཆི་ལམ་གཡོན་ལ་ཕྱོགས་པའི་སྡེ་ནི་བདེ་བའི་ཁྲོད་ཀྱི་མི་བདེ་བ་དང་སྐྱོ་བའི་གནས་ཀྱི་སྡུག་འོས་པའི་ཁུངས་སུ་གཏོགས་པའི་དབང་གིས། བདག་གི་སྤུན་ཟླ་ཡུལ་ཤུལ་བ་འདས་ལུགས་ལ་ཕྱིར་བལྟས་པ་ཡིན་ན་སྐྱོ་འོས་ལ་སྡུག་དགོས་པ། དྲན་ཐུབ་ལ་བརྗེད་མི་ཐུབ་པའི་གྲས་དེ་རེད།
དཀོན་མཆོག་ལགས་ཀྱིས་གསུངས་པར་ལྟར་ན། ཁྱོད་ཚོ་ཕྱིན་པ་དེས་སྲིད་གཞུང་ག་གེ་མོ་དང་སྡེ་ཁག་ཆེ་གེ་མོར་སྲིད་ཞུ་བླ་མེད་ཅིག་ཞུས་སོང་བ་དང༌། ཁྱོད་རྣམས་ཀྱིས་གནའ་སྔ་མོའི་དུས་ནས་བསོག་བསོག་པ་དང་བསྡུས་བསྡུས་པའི་ཕ་ས་ཕ་ཡུལ་གྱི་ཕྱི་ནང་གཉིས་ཀ དུས་དེ་རིང་སྡེ་སྲིད་སུ་ཞིག་གི་ཕྱག་ཏུ་གྱུར་པ་དང་ཞབས་ཞུར་སོང་འདུག་པས་མི་ཚད། ཁྱོད་ཅག་གི་སང་ཉིན་ལ་བཅོལ་བའི་བྱིས་པ་སྙིང་རྗེ་བོ་དེ་དག་ཀྱང་རང་གི་ཕ་ངོ་ཕ་ས་དང་ཀ་ཁོག་མ་ཁོག་ཤེས་སུ་མི་བཏུབ་པའི་གནས་མུན་གང་ཞིག་ཏུ་བརྫངས་སོང་སྐད།
ཁྱོད་རྣམས་གཤེགས་པའི་ཉིན་དེར་འུར་གྱིས་མི་བདེ་བ་བཟོས་པ་བཞིན་དུ། ཁྱོད་རྣམས་སོང་ཤུལ་གྱི་དེ་རིང་ཡང་འཇམ་གྱིས་མི་བདེ་བ་བཟོ་ཀིན་ཡོད་ལ།སྲིད་ཀྱི་རླུང་ཆེན་དྲག་པོ་ལྡང་བ་དང་དངུལ་གྱི་རིག་གནས་ལྷོག་ལྷོག་གདུ་བའི་སྟོབས་ཀྱིས། ཁ་བ་འབབ་མཚམས་ཆད་ཅིང་མེ་ཏོག་ཀད་མཚམས་བཞག་ལུགས་འདིས། ཁྱོད་ཅག་ལ་མྱ་ངན་མཚར་བོ་ཞིག་ཞུ་རྒྱུ་མི་བརྗེད་པའི་རྒྱུ་མཚན་དེའང་དོན་གྱིས་རྙེད་པར་གྱུར།
དཀོན་མཆོག་ལགས་ཀྱིས་བསྟན་དོན། ཁྱོད་ཚོ་གློ་བུར་དུ་སོང་ཞིང་གློ་བུར་དུ་སོང་ཟིན་པའི་བརྡ་བསྒྲགས་པ་དེས། རང་ཅག་གི་སྐྱེས་བུ་དམར་བོ་དུ་མ་དང་ཁྱིམ་ཁག་གཞན་གྱི་ཚོགས་སྒེར་མང་བོ། དེ་བཞིན་མིང་ཆེན་པོ་དང་དོན་འཇིགས་པོ་འཁུར་བའི་འཇིག་རྟེན་གྱི་བསམ་དཀར་བསམ་གནག་མི་ཉུང་བར་གོ་སྐབས་ཤིག་བྱིན་ཡོད་ཚོད་འདུག་ལ། ཁོ་པ་དག་གིས་རང་རང་གི་སྣང་བརྙན་མཛེས་པར་བྱེད་པ་དང་སྙན་པར་བྱེད་པ། ཁྱབ་པར་བྱེད་པའི་གོ་སྐབས་བཟང་བོ་ཐོགས་ནས་ཁྱོད་ཚོའི་དུར་ས་ནས་མིག་ཆུ་ཕུད་ཅིང་ངུ་སྒྲ་ཙག་ཙིག་རེ་འབྱིན་ཡོད་པར་གདའ། 
དེ་ཡི་རྐྱེན་གྱིས་ཁོ་པ་ཚོས་ཁྱོད་རྣམ་པར་འདས་མཆོད་བྱེད་པ་དང་མཉམ་དུ། ཁོ་པ་རང་ཉིད་ལ་ཡང་དངུལ་གྱིས་བཀང་ཞིང་མཚན་གྱིས་བརྒྱན་པ། རླབས་ཀྱིས་ཕྱུག་པ་བཅས་མཛད་བཞག་པ་རེད་ལ།དཔོན་ས་མཐོ་བ་དང་བླ་ས་བརྟན་པ། ཚོགས་བརྙན་ཡག་པའི་འཁྲབ་སྟོན་རེ་རེ་བྱེད་ཀྱིན་ཡོད་པ་རེད།
དེ་བཞིན་དུ་སྲིད་ཀྱི་གདོང་ལ་ཞི་བའི་པགས་བགོས་པ་དང་ཆོས་ཀྱི་གཟུགས་ལ་བྱམས་པའི་ཞྭ་བསྐོན་པ། ཚོང་གི་ཇུས་ལ་དངུལ་གྱི་ཁེ་བསྡུས་པའི་ལམ་ལུགས་མིག་གིས་མི་མཐོང་བ་དག་བྱས་ཏེ། ཁྱོད་ཚོའི་དྲིན་གྱིས་ང་ཚོའི་ཕྱི་ནང་གི་མི་དགོད་སྤྱད་དེ་རྣམས་འགྲོ་མིའི་མིག་ངོགས་སུ་དཀར་ཀྱི་ལེར་བསྟན་སོང་ལ། འཛམ་གླིང་གི་གདན་ཐོག་ཏུ་འོད་ཀྲིག་ཀྲིག་གིས་ལོས་ཡིན་འདོད་པ་ཞིག་ཏུ་བརྫུས་ཐུབ་སོང་བར་འདུག
དཀོན་མཆོག་གི་འདོད་པར་གཞིག་ན། ཁྱོད་ཚོས་ཨུ་ཚུགས་ཀྱིས་བསྲུངས་ནས་བསྡད་པའི་ཕ་ཡུལ་གྱི་ཕྱི་ནང་གསང་གསུམ་ད་ལྟ་ཀུན་ནས་ཀྱང་བསྒྱུར་ཞིང་འགྱུར་ནས་འདུག་སྟེ། དྲིན་ཆེན་དུ་འུར་བའི་སྡེ་གཞུང་གང་གིས་རི་བོ་འདར་བར་བྱ་བའི་མེ་འཁོར་གྱི་གཞུང་ལམ་དང་ནམ་མཁའ་རྙོག་པར་བྱེད་པའི་བཟོ་གྲྭ་སྣ་ཚོགས་པ་གསར་འཛུགས་བྱེད་རྩིས་འདུག་ཁར། གནམ་དྭངས་མོའི་འོག་ཏུ་མགོ་འཛུལ་མ་མྱོང་བའི་མགྲོན་པོ་གསར་བ་ཤིན་ཏུ་མང་བོ་ཡང་ཁྱོད་ཚོ་གཤེགས་ཤུལ་གྱི་གཞིས་སུ་འབྱོར་ནས། སླར་ཡང་རྣམ་པ་དང་ངོ་བོ་མི་གཅིག་པའི་གཞིས་ཀ་གསར་བ་ཞིག་གཟུང་དང་བཟུང་གིན་འདུག
མིའི་ཁམས་དང་གཤིས་ལ་རྒྱུས་འདྲེས་ཡོད་པ་ཞིག་དང་མིའི་ཡུལ་དང་ཆོས་ཉིད་ལ་གསལ་ཆ་མངའ་བ་ཞིག་ཡིན་ཚེ། རྒྱུ་རྐྱེན་མི་མཚུངས་པས་སྐྱེ་འོང་ཞིང་འཆི་རྐྱེན་འདྲ་མིན་གྱིས་འཆི་དགོས་པ་ནི་ཆེས་རྒྱུན་ལྡན་དང་འགྲོ་མིའི་ཡུལ་གྱི་ཁྱད་ཆོས་ཤིག་ཏུ་འདོད་རིགས་མོད། མ་སྐྱེ་བའི་སྔོན་གྱི་བསམ་གཞིག་གནག་པོའི་སྐོར་དང་འཆི་བའི་ཤུལ་གྱི་ངོ་ལྤགས་ཚ་བའི་གཏམ་རྒྱུད་ཁག་བྱུང་དང་འབྱུང་བ་ནི། ལྟོས་ཀྱིས་བཞག་པའི་གནས་ལུགས་ཀྱི་ངོས་ནས་སེམས་ལ་འགྲོ་བ་ཞིག་ཁྱོན་དང་གཏན་ནས་མིན་པས་ན། ཁྱོད་ཚོ་དྲན་པ་ནི་ཁྱོད་ཚོའི་རྗེས་དྲན་པ་རང་རེད་པས། ཁོ་བོ་སྒེར་གྱི་ལྟ་ལུགས་ལ་ཁྱོད་ཚོ་དྲན་པའི་ཞར་ནས་ང་ཚོ་གླེང་དགོས་ལ། ང་ཚོ་ཡོད་པའི་སྐབས་སུ་ཁོ་ཚོ་རེ་རེའི་ངོ་གདོང་གསལ་ཐག་གིས་མཐོང་བྱུང་བ་དེ་རེད།
གང་ལྟར། མཇུག་མཐར་དཀོན་མཆོག་གིས་གང་ཡང་ལབ་མ་བྱུང་ནའང༌། ཡུལ་ཤུལ་བུད་སོང༌། ཡུལ་ཤུལ་མིན་པ་དག་གིས་ཡུལ་ཤུལ་གྱི་ཤུལ་དུ་ལོ་གསར་ཞིག་ལ་རོལ་གྱིན་འདུག །
 བོད་གསེར་ཡོས(1011/03/05)ལོའི་ལོ་གསར་གྱི་ཚེས་གཅིག་ཉིན་སྤུན་ཟླ་ཡུལ་ཤུལ་བ་རྣམས་འདས་ནས་ལོ་ངོ་གཅིག་འཁོར་བར་དྲན་ཐོ་རུ་བྲིས།

Saturday 16 April 2011

སྐྱེ་རྒུ་མདོ་ཕྱིར་དྲན་བྱས་པ། ལྡན་མ། ཚེ་རིང་བསམ་བཟང་། འབྲས་བློ་གླིང་།

ཤུལ་ལུས་པའི་འགན་འཁྲི། ལྡན་མ། ཐུབ་བསྟན་ཟླ་བ། འབྲས་བློ་གླིང་།














ཐོག་བརྩེགས་མཐོ་པོ་རི་བོར་མཉམ་ཞིང་བཀོད་ལེགས་མཛེས་པའི་ཁང་བཟང་དང་།།
སྐྱིད་འདོད་རེ་བ་སྟོང་གིས་ཁེངས་ཏེ་ཉིན་སྔོན་ལས་འཕྲོར་འཇུག་པ་ན།།
འབྱུང་བཞི་འཁྲུགས་པའི་གཡོ་འགུལ་ཞིག་གིས་ཐམས་ཅད་ཅིག་ཅར་བཅོམ་པའི་ཚེ།།
མི་འསུན་མྱ་ངམ་གླིང་འདིས་བྱིན་པའི་ཡིད་ཀྱི་གདུང་བ་དཔེ་ལས་འགོང་།།

རྐྱེན་ངན་གོད་ཆགས་སྟོང་གིས་ནོད་ཀྱང་སྙིང་སྟོབས་ཞུམ་ནས་མི་སྡོད་པར།།
ལ་རྒྱའི་མགོ་བོ་གྱེན་དུ་བཏེགས་དང་ཕ་བཟང་བཙན་པོའི་གདོང་གི་རྒྱུད།།
གོ་ལ་རྡུམ་པོ་གནས་སུ་བྱས་པའི་རྐང་གཉིས་པ་ཡི་སྐྱེ་བོ་ཡིས།།
བསྔགས་པའི་རིག་གཞུང་དགོས་འདོད་ནོར་བུ་གཅེས་པའི་ནོར་གྱི་བདག་པོ་ཡིན།།

གཅེས་ནོར་འདི་ལ་གོད་ཆགས་མེད་པར་བུ་ཚའི་གཡང་དུ་མ་ཞོག་ན།།
བཞག་པ་མེད་པའི་ཕ་ཁུ་འདས་པའི་ཤུལ་ལུས་སྐྱོང་མེད་དྭ་ཕྲུག་ཚོ།།
ཕུགས་ནོར་མེད་པའི་དབུལ་པོ་ཁོ་ནས་འཚོ་བར་རོལ་བའི་སྤྲང་པོ་ཞིག།།
བཙན་པོ་དམ་པའི་ཁྱིམ་གཞིས་མ་ཟིན་ངེས་པ་མེད་པའི་འཁྱམ་པོ་ཞིག།།

སྙིང་རྩ་མ་རུལ་བསམ་གཞིག་མཁས་ན་སྲུང་བའི་བྱ་ར་མ་ཉམས་པ།།
གཡོ་རྒྱུ་ཅན་གྱི་ཇག་རྐུན་མཁས་པས་རྐུ་བའི་བྱ་བ་མ་གྲུབ་པར།།
མེས་པོས་བཞག་པའི་ནོམ་ཅན་དངོས་པོ་བུ་ཚའི་གཡང་དུ་འཁྱིལ་བ་ལ།།
ཁུར་དུ་བབས་པའི་ལས་འགན་ལྕི་མོ་ཕྲག་ཏུ་ལྷུང་བ་མ་ཡིན་ནམ།།

༤།༡༤་རྗེས་དྲན། མུ་ཏིག


འཇིག་རུང་གི་སྐྱ་རེངས་དེ་འདས་ནས། ལོ་ངོ་གཅིག་འདས་སོང་། ས་རྡུལ་དང་གྱང་རོ་ཁྲོད་ནས་བཞུད་ཟིན་པ་ཁྱེད་ཅག དངངས་སྐྲག་དང་ཕྱིར་མིག་གི་ཀློང་ནས་བཞུད་ཟིན་པ་ཁྱེད་ཅག གནམ་འོག་གི་ལན་ཆགས་ཡོད་ཚད་འཁུར་ནས། ད་བར་གང་ན་ཡོད།
ངོ་མདངས་ཤོར་བའི་ཕ་ཡུལ་དང་། ངུ་འབོད་ཆད་མ་མྱོང་བའི་ཤུལ་ལུས་ཚོའི་ཆེད་དུ། ཁྱེད་ཅག་གི་མིག་ཟུང་བཙུམ་མ་ཐུབ་དང་། རྣམ་ཤེས་བདེ་མ་ཐུབ་པ། ངས་སུ་ཞིག་ལ་དགོངས་དག་ཞུ་དགོས། བཞུད་ཟིན་པ་ཁྱེད་ཅག་ལ། མང་པོ་མང་པོ་ཞིག་ཆད་སོང་བ་ལྟ་བུའི་སེམས་ཚོར་ཞིག་གིས། དེ་རིང་། ཕ་ཡུལ་ལ་བལྟས་ནས་ངུ་བཞིན་ཡོད།

གལ་སྲིད་རྒྱུ་འབྲས་ཟེར་བའི་བློ་མིག་ཅིག་ཡོད་ན། བཞུད་ཟིན་པ་དག་ཁྱེད་ཅག་ཡིན་དོན་ཅི། བཤིག་ཟིན་པ་དག་ཀྱང་འུ་ཅག་གི་ཁྱིམ་ཚང་ཡིན་དོན་མེད། དེ་རིང་། གནམ་རྒན་མར་ཕྱོགས་རིས་འདུག་ཟེར་དགོས་བྱུང་། དེ་རིང་འཇིག་རྟེན་འདིའི་འཁོར་ཕྱོགས་ནོར་འདུག་པར། ལེ་འདའ་ཡང་ཡང་བྱས་དགོས་བྱུང་། དངོས་གནས་ཡིན། དེ་ལྟར་མིན་ན། གློག་གཟིམ་པ་བཞིན་ཡོད་ཚད་མེད་སོང་ན་ཅིས་མ་ཆོག
ད་བར་ཕ་ཡུལ་ན། པར་ཆས་མདུན་དུ་བཤམས་རྒྱུ་ལྟ་བུའི་ཁང་པ་འགའ་བརྒྱབ་འདུག གསར་འགྱུར་ནང་དུ་བསྒྲགས་རྒྱུ་ལྟ་བུའི་ལས་འཆར་འགའ་བཏོན་འདུག འོན་ཀྱང་། མུན་པ་ལྟ་བུའི་སེམས་ཀྱི་སྡུག་བསྔལ་འདི་ལ། སུས་ཀྱང་འོས་ཤིང་འཚམས་པའི་སྐད་ཆ་ཞིག་བཤད་མ་བྱུང་།
དེ་རིང་མཆོད་མེ་ཞིག་སྒྲོན་ནས། ཡིད་ལ་སིམ་ཡོད་པའི་ངོ་གདོང་མང་པོ་ཞིག་ལ་རྗེས་དྲན་བྱེད་ཀྱི་ཡོད། ད་ནས་བཟུང་ཕྱོགས་རིས་ལྟ་བུའི་འཇིག་སྣང་གི་སྐྱ་རེངས་དེ་འདྲ་ཞིག་མེད་པར་སྨོན། རྨི་ལམ་ལྟ་བུའི་རང་བྱུང་གི་འཇིགས་པ་ཞིག་ཅིས་ཀྱང་མེད་པར་སྨོན།
ཁ་བརྡ་ལས་དྲངས།

འཕྱིས་དྲགས་པའི་སེམས་གསོ། དོ་རྒྱ་བསོད་ནམས་རྡོ་རྗེ།

 

ན་ནིང་གི་ཉིན་མོ་འདིར།བདག་གིས་ཀྱང་ཡུལ་ཤུལ་ལ་ས་ཡོམ་བྱུང་བའི་སྐད་ངན་དེ་ཁ་པར་བརྒྱུད་ནས་གོ་ཐོས་བྱུང་།བདག་ལ་ཡུལ་ཤུལ་གྱི་གྲོགས་པོ་ཁ་ཤས་ཡོད་པ་མ་གཏོགས་ཡུལ་ཤུལ་གྱི་རི་ཆུ་ཐང་གསུམ་གང་ལའང་ཆ་རྒྱུས་གཏན་ནས་མེད།དེ་བས་བདག་གིས་ཡིག་འཁྱོག་འགའི་ཕྲེང་བ་བསྟར་ནས་ཁ་ཡག་ལྟ་བུའི་ལྷག་མ་ལྟ་བུའི་རྩོམ་ཡིག་ཅིག་འབྲི་ཁུལ་བྱས་ཏེ་མྱ་ངན་ཆེ་ཚུལ་དང་སྡུག་ཡུས་དྲགས་ཚུལ་ལབ་ན་ཤོད་ཅིག་ཡིན་པ་སུ་ལའང་གསང་དོན་མེད།ཡིན་ནའང་ཡུལ་ཤུལ་ནི་རང་དང་སྐྱེ་ཁུངས་རུས་རྒྱུད་གཅིག་པའི་སྤུན་ཟླ་ཚོའི་ཕ་ཡུལ་ཡིན་པ་དྲན་ན་སེམས་གསོ་འདི་ལས་ལྷག་པའི་ལེགས་སྐྱེས་གང་ཡང་རྙེད་མ་སོང་།དོན་གྱིས་བཤད་ན་འདི་ནི་ཕྱོགས་རིས་ཤིག་སྟེ།ས་ཡོམ་རྒྱལ་ཁབ་དང་གོ་ལ་ཧྲིལ་བོའི་མེ་རི་ཡི་རྟེན་མཛོད་ཁང་དུ་གྲགས་པའི་འཇར་པན་ལ་འདི་ལས་ཀྱང་དྲགས་པའི་ས་ཡོམ་གྱི་ཁར་མཚོ་འཁྱོམ་བྱུང་ནའང་གྲག་མེད་འགུལ་མེད་དུ་སྡོད་ཕོད་པའི་ངས་མ་ཎི་ཚར་གཅིག་ཀྱང་འདོན་ལོང་མེད་པར་ལུས་པའང་སུ་ལ་གསང་དོན་ཡོད་ཨང་། 
དེ་བས་རྩོམ་ཡིག་འདི་ནི་དུངས་ཞེན་གྱིས་བསྐུལ་བའི་ཕྱོགས་ཞེན་གྱིས་བསླངས་པའི་སེམས་འདུན་གྱིས་དེད་པའི་སེམས་གསོ་ཁོ་ན་ཞིག་ཡིན་ཏེ།བདག་གིས་ཡུལ་ཤུལ་གྱི་ནང་མི་སྤུན་ཟླ་རྣམས་ལ་ཁ་ཁོག་མེད་པར་འཚམས་འདྲི་ཞུས་པ་ཡིན་ལ།ཡུལ་ཤུལ་ས་ཡོམ་ཁྲོད་འདས་པའི་ཞིང་གཤེགས་པ་རྣམས་ཀྱིས་ཡང་བསྐྱར་བོད་ཁ་བ་ཅན་ནས་མི་ལུས་བླངས་ཤིང་ཚེ་སྲོག་རྙེད་པའི་སྨོན་འདུན་ཡང་ཡང་ཞུས་པ་ཡིན།དངོས་ནས་བདག་གིས་འདི་ལས་ལྷག་པའི་སེམས་འདུན་ཅི་ཞིག་སྟོན་ཨང་།འཕྱིས་དྲགས་པའི་སེམས་འདུན་འདི་ལས་བདག་གིས་ཀྱང་ཅི་ཞིག་བྱ་ཨང་། ཀློག་པོ་ཁྱོད་ལའང་འདི་ལས་ལྷག་པའི་རེ་སྨོན་ཅི་ཞིག་བདོག་ནུས་ཨང་།
ད་ནི་བདག་གིས་རང་ཉིད་བོད་ཕྲུག་ཅིག་ཡིན་པའི་ངོས་ནས་ཡུལ་ཤུལ་ས་ཡོམ་ཁྲོད་དུ་དཀའ་ལས་སྐུ་ཚེགས་མྱངས་པའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྲོག་དང་རྒྱུ་རྣམས་ཕངས་སེམས་ཅི་ཡང་མེད་པར་གཏོང་མཁན་གྱི་མི་རིགས་སོ་སོའི་སྙིང་རྗེ་ཅན་དང་ལྷག་བསམ་ཅན་རྣམས་ལ་བཀའ་དྲིན་ཞུ་བར་བྱ་སྟེ།
བདག་གིས་གཟན་ཤམ་དམར་བོ་གྱོན་པའི་རབ་བྱུང་བ་དམག་གི་ཆ་ལུགས་སྤྲས་མཁན་རྣམས་ཀྱི་བྲེལ་སྟབས་ཀྱི་གཟུགས་བརྙན་རེ་རེ་བརྗེད་དུ་མེད།
བདག་གིས་ལྩགས་ཆས་ཀྱི་འཕྲུལ་ལ་བརྟེན་ནས་མི་སྲོག་སྐྱོབ་མཁན་གྱི་དང་བླངས་པ་དང་དམག་མི་རྣམས་ཀྱི་ཡིད་ཆེས་ཀྱི་ངོ་གདོང་རེ་རེ་བརྗེད་དུ་མེད།
བདག་གིས་སྦྱིན་གཏོང་གི་ལག་ཟུང་ཡངས་པའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐྱེ་བོ་རྣམས་ཀྱི་དྲོད་ཁོལ་གྱིས་ཕྱུག་པའི་སེམས་གསོ་བརྗེད་དུ་མེད། 
བདག་གིས་ཁབ་གསོག་འབིགས་གསོག་གིས་འཛོམས་པའི་རྒྱུ་དངོས་ཅི་རིགས་སྐྱེ་རྒུ་ལ་ཕུལ་མཁན་གྱི་ཡུལ་མི་སྤུན་ཟླ་རྣམས་ཀྱི་རིགས་གཅེས་མཐུན་སྒྲིལ་གྱི་འབོད་སྐུལ་བརྗེད་དུ་མེད།
བདག་གི་སྙིང་ཉེ་བའི་ཡུལ་ཤུལ་ཡ།ནམ་ཞིག་ཁྱོད་ཀྱི་མཛེས་སྡུག་གི་ལང་ཚོ་སླར་ཡང་སོས་པར་གྱུར་ན་བདག་ལ་དེ་ལས་ལྷག་པའི་བདེ་སྐྱིད་ཅིག་གཞར་ཡང་མེད་པར་འགྱུར་རོ། །
                                                    2011ལོའི་ཟླ4ཚེས14ཉིན་ཆེད་དུ་བྲིས།

གྲང་ཤུར་ཤུར་གྱི་སྐྱེ་རྒུ་མདོ། འབའ་པ། སྐལ་བཟང་འཕྲིན་ལས།



༤ ༡༤ དོན་རྐྱེན་ཁྲོད་གཅེར་བུར་ཕྱུང་པའི་སྣོད་བཅུད་གཉིས་ལ་མྱ་ངན་ཞུ།
གནས་ས་འཐབ་འཁྲུག་བྱས་པའི་ཉིན་ནག་ཉིན།།
རི་ཀླུང་ཕྱེ་མར་འཐག་པའི་དོན་རྐྱེན་ནང་།།
སྣོད་བཅུད་གཅེར་བུར་ཕྱུང་པའི་སྐྱོ་གནས་ལ།།
ཐུགས་རྗེས་གཟིགས་པ་མ་ཆུང་སྤྱན་རས་གཟིགས།།

ཁྱེད་ཀྱི་རྐང་འོག་ཚུད་པའི་སྣོད་བཅུད་ཁྲོད།།
གནམ་ས་སྟེང་འོག་བརྗེ་བའི་དུས་ཚིགས་སུ།།
སྨུག་མདོག་ལང་འཚོ་མཆེད་པའི་སྣོད་བཅུད་ཀྱི།།
རང་གི་གཞི་གདན་བཙན་གྱི་བརྗེ་དགོས་འཁེལ།།

ཐོལ་གྱིས་གཅེར་བུར་ཕྱུང་བའི་ཚེ་སྲོག་དག།
བྱེ་མ་ལ་ཁའི་འཕྲེད་ལམ་ཕྲ་མོ་ནས།།
ཤུལ་ལུས་གཅེས་ཕྲུག་སྙིང་ནས་བསམ་བཞིན་དུ།།
དྲན་ཆེན་ཕ་མར་ཕྱི་མིག་བོར་བཞིན་དུ།།
http://www.shambalapost.com/plugins/editors/jce/tiny_mce/plugins/article/img/trans.gif

སྐྱེས་པའི་སྐྱེས་རྟགས་སྤྱན་རས་གཟིགས་དབང་དང་།།
ཐོབ་པའི་ལྷ་སྐལ་སྤྱན་རས་གཟིགས་དབང་ཁྱོད།།
ངག་ནས་འབོད་བཞིན་སྙིང་ནས་དྲན་བཞིན་དུ།།
མཐིང་ནག་ཡུལ་དེར་ཡ་ང་འཐུང་ཆེད་སོང་།།

གྲང་ཤུར་ཤུར་གྱི་ལུང་ཁོག་གཅེར་བུ་དེར།།
རེ་སྐྱབས་མགོན་གནས་བོར་པའི་སྤུན་ཟླ་ཚོའི།།
སྟོང་སངས་སངས་ཀྱི་སེམས་པའི་བཞི་མདོ་རུ།།
དྲོད་ཀྱིས་ཁྱབ་པའི་ཁྱེད་ཉིད་བཞེངས་བཞིན་འདུག

མིག་ཆུས་སྐྱོར་བའི་རྒྱང་འབོད་གཉོམ་པོ་ཡི།།
ཕྱི་ནང་གཉིས་ཀས་ཁྱེད་ལ་མངོན་ཕྱོགས་ནས།།
བདེ་སྡུག་རེ་བ་ཁྱེད་ཀྱི་ཕྱག་བཅོལ་ནས།།
རེ་བའི་མིག་ཟུང་ཁྱེད་ཉིད་འབེན་དུ་འཛུགས།།

ངང་ཚུལ་དེ་ལྟར་འདུག་པས་སྤྱན་རས་གཟིགས།།
སྤྱན་སྟོང་སྤྱན་སྟོང་སྤྱན་ཀྱང་མི་གདེང་པའི།།
ས་སྟེང་དམྱལ་ཁམས་བུད་པའི་སྐྱོ་གནས་ལ།།
ཐུགས་རྗེའི་སྤྱན་གྱིས་གཟིགས་ཙམ་མ་ཡིན་པར།།

སྒོ་གསུམ་ལག་ལེན་དངོས་ཀྱི་སྦྱོར་བ་ཡིས།།
ས་འོག་ཡ་ང་འགམ་པའི་ཚེ་སྲོག་རྣམས།།
འཕྲེད་ཐིག་མདུད་པ་བརྒྱ་ཡི་སྣེ་བཀྲོལ་ནས།།
ཁྱེད་ཀྱི་གམ་དུ་མྱུར་དུ་ལེན་རོགས་གྱིས།།

ངས་ཀྱང་ཁ་ཁོག་གཉིས་ནས་འཁོལ་བ་ཡི།།
ཁྱེད་ཀྱི་སྙིང་པོ་ཚིག་འབྲུ་དྲུག་པོ་དེ།།
གྲང་ཤུར་ཤུར་གྱི་སྣོད་བཅུད་གཅེར་བུ་ལ།།
སྒོ་གསུམ་ལག་ལེན་ཁྲོད་ནས་སྦྱོར་བཞིན་ཡོད།།

ཕམ་ཁ་ཁེ་ཁའི་གྲོགས་སུ་ལེགས་སྦྲན་ནས།།
སྡུག་བསྔལ་བདེ་བའི་རྐྱེན་གྱི་ལམ་བསྒྱུར་ནས།།
ཞུམ་མེད་དཔའ་སྟོབས་སྙིང་ནས་བཞུར་བཞིན་དུ།།
ཕ་ས་དེ་རུ་བཙན་འཛུལ་བྱ་རོགས་གྱིས།།
༤ ༡༤ ཆུ་ཚོད་༡ ༣༠ ཐོག་ཤར་མར་བྲིས།
དུས་བབ་ལས་དྲངས།

ཡུལ་ཤུལ་བ། སྤོབས་པ་གསར་བ་ཞིག་འཚོལ་དགོས། གུ་རུ་འོད་གསལ།

 

              ཡུལ་ཤུལ་ས་འགུལ་བྱུང་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན་དུ།
 
དཔལ་འབྱོར་བྱིན་བྱིན་ཚང་མ་སྙིང་རྗེ་བ་མིན་ལ།།
ས་འགུལ་བྱུང་བ་ཏག་ཏག་ཡུལ་ཤུལ་བ་མིན་པས།།
ས་ཡི་རླབས་ཕྲེང་མི་ཡི་ནང་སེམས་ཀྱི་དབུས་ན།།
གཡོ་དང་རྫུན་གྱི་བརྩམས་ཆོས་སྒྲིག་མཁན་ཡང་མོད་དོ།།
 
ས་ཡི་གཡོ་འདར་མི་ཡི་ཧམ་སེམས་ཀྱི་ཕུགས་ནས།།
ཚེ་སྲོག་ཁྲག་ལ་རྫུས་པའི་ལོ་ཟླ་ཞིག་བྱུང་ཞིང་།།
ཚིག་གི་མཐའ་མ་མིག་གི་མཆི་མ་འདི་འདོན་ཞོར།།
ཉི་མ་སུམ་བརྒྱ་དྲུག་བཅུ་འདི་ལྟར་དུ་ཤོར་སོང་།།
 
དགའ་སྐྱོ་ཆགས་སྡང་འདུ་བྲལ་ཆོས་ཉིད་ཀྱི་འཁོར་ལོ།།
གློ་བུར་ས་འགུལ་བྱུང་བ་རང་བྱུང་གི་ཆག་འཇིག།
སྐྱེ་དགུ་མདོ་ལ་བྱུང་བ་ཚེ་སྲོག་གི་སྡོམ་བྱང་།།
ང་ཡི་སྤུན་ཟླ་འདས་པ་མནར་སྡུག་གི་ཕུ་ཁུང་།།
 
མ་སྐྱོ་མ་སྡུག་མ་ངུ་ཚེ་གསོན་གྱི་ཡུལ་ཤུལ།།
མ་སྐྲག་མ་འཇིགས་མ་ཕམ་དྭ་ཕྲུག་དང་ཡུགས་མོ(ཕོ)།།
ང་ཚོས་མདུན་ལམ་གསར་བ་སྤོབས་པ་ཡིས་འཚོལ་དགོས།།
ང་ཚོས་བདེ་སྐྱིད་འཚོ་བ་ཡིད་ཆེས་ཀྱིས་སྙེགས་དགོས།།
 
རང་ཁྱིམ་འཐོར་བའི་དུས་ནས་སྐྱོ་བ་ནི་མང་ཡང་།།
གཞིས་ཁྱིམ་གསར་བའི་ནང་ནས་དྲོད་ཁོལ་ཞིག་བཙལ་དགོས།།
ཕ་མ་བུ་ཕྲུག་བོར་བའི་སྡུག་བསྔལ་ནི་ལྗི་ཡང་།།
བྱམས་ཀྱིས་སྐྱོང་བའི་མི་ལ་ནང་སེམས་ཤིག་སྟོན་དགོས།།
                    2011.4.14
སེང་རྡོར་དྲ་བ་ལས་དྲངས།

གསར་འགྱུར།

མཚོ་སྔོན་ཞིང་ཆེན་དུ་༼བརྩེ་ཆེན་འོད་ཀྱི་མདུད་པ་༽ཞེས་པ་ཟླ་བཞི་ཚེས་ལྔ་ཉིན་མཚོ་སྔོན་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་འཁྲབ་སྟོན་བརྙན་ཕབ་བྱས།   དགོང་ཚོགས་ཀྱི་ནང་དོན་དྲིན་གཟོ་དང་འབད་འཐབ། རེ་སྨོན་བཅས་ཁག་གསུམ་དུ་བཀར་ཡོད་དེ། གློག་བརྙན་འཁྲབ་སྟོན་བྱས་ནས་ལྟད་མོ་ཟི་ཁྲོན་ཁམས་པའི་བརྙན་འཕྲིན་ཁག་དང་། ཡུལ་ཤུལ་རྒྱང་སྒྲགས་ཁང་སོགས་བརྡ་འཕྲིན་གྱི་ལམ་ནས་ཁ་སང་ཚེས་པ་༡༤་ཉིན་མི་མང་སྤྱི་ལ་གསལ་སྟོན་བྱས་ཡོད་འདུག
དགོངས་ཚོགས་དེའི་ཐོག་ཏུ་བོད་ཡུལ་སྐད་གྲགས་ཅན་གྱི་གླུ་ཡར་གདོང་དང་། གླུ་མ་རིག་འཛིན་སྒྲོལ་མ་སོགས་ཀྱི་གླུ་དབྱངས་ལེན་པ་སོགས་ཧ་ཅང་ཟིང་ཆ་འཁྲུགས་པའི་འདུ་སྒོ་ཞིག་བསྡུས་ཡོད་པ་རེད།

དེ་བཞིན་དུ་ཡུལ་ཤུལ་བོད་རིགས་སྐྱོང་ཁུལ་གྱི་ལྟེ་བ་སྐྱེ་རྒུའི་གྲོང་དུ་ལོ་འཁོར་གཅིག་གི་སྔོན་གྱི་གོད་ཆག་ལ་རྗེས་དྲན་དང་། ཤི་བོ་རྣམས་ལ་མྱ་ངན་ཞུ་སོགས་ཀྱི་འདུ་སྒོ་ཞིག་འཚོགས་ནས་དེའི་ཐོག་ཏུ་ཡུལ་ཤུལ་དམར་ཤོག་གི་དྲུང་ཆེ་བསྟན་ཁོས་ཚོགས་འདུ་མགོ་འཛུགས་བྱས། ཁུལ་དཔོན་ཝང་ཡུས་ཧུ་སོགས་ཁུལ་དེའི་དཔོན་རིགས་ཁག་དང་། བཟོ་པ་སོགས་མི་མང་འདུ་སྒོ་ཞིག་འཚོགས་ཡོད་འདུག།





བསྟན་ཁོས་མགོ་འཛུགས་བཞིན་པ།











ཝང་ཡུ་ཧུའུ་ཡིས་མྱ་ངན་བྱེད་བཞིན་པ།

བླ་བྲང་བཀྲ་ཤིས་འཁྱིལ་པས་ཡུལ་ཤུལ་ལ་རོགས་སྐྱོར། དངོས་བྱུང་གློག་བརྙན།

Friday 15 April 2011

ཕྱི་སྡོད་ཀྱི་ཡུལ་ཤུལ་བས། མྱ་ངན་རྗེས་དྲན་ཆོས་ཕྱོགས་ཀྱིས་བསྐྱེལ་བ།



སྒ་སྐྱེ་རྒུ་མདོའམ་ཡང་ན་མདོ་སྟོད་སྒ་པའི་གླིང་དུ་ས་གཡོ་བའི་འཇིག་པ་བྱུང་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་དེ་རིང་། བོད་གཞིས་བྱེས་གཉིས་སུ་དངོས་དང་བཅོས་མ་དུ་མའི་སྒོ་ནས་རྗེས་དྲན་དང་། མྱ་ངན་བྱེད་བཞིན་པ་རེད། དེ་བཞིན་དུ་དྷ་རམ་ས་ལ་རུ་༼ཡུལ་ཤུལ་༤་༡༤་ས་ཡོམ་གདུང་སེལ་ཚོགས་ཆུང་༽གིས་ཀྱང་བཞུགས་སྒར་དྷ་རམ་ས་ལ་རུ་མྱ་ངན་རྗེས་དྲན་ཞིག་འཚོགས་ཡོད་འདུག དེའི་སྐབས་སུ་བོད་དུ་ཕྱི་སྡོད་བོད་མའི་ཞལ་འདེབས་རྣམས་བོད་ཡུལ་དུ་ཇི་ལྟར་བསྐྱལ་བའི་སྐོར་ནས་འཕྲོས་པའི་དྲི་བ་དྲིས་ལན་འཁྲུག་པོ་འགའ་ཞིག་དང་བཅས་ཚོགས་འདུས་གྲོལ་ཡོད་པ་གོ་ཐོས་ཙམ་ལས་གནས་ཚུལ་གསལ་པོ་མ་ཤེས།
དེ་བཞིན་དུ་ཡུལ་ཤུལ་བ་འཛམ་གླིང་གང་ན་སུ་འཁོད་ཡོངས་ཀྱི་དེ་རིང་གི་ཉི་མ་འདི་ལ་མཆོད་འབུལ་དང་། རྗེས་དྲན་བྱེད་བཞིན་ཡོད་འདུག་ལ། དེ་ལས་ཁ་གསལ་བ་ཞིག་ནི་འབྲས་སྤུངས་ལྡན་མ་ཁམས་ཚན་གྱི་བླ་སྤྲུལ་དགེ་བཤེས་དང་། གྲྭ་མང་དང་བཅས་པ་འདུ་འཛོམས་ཀྱིས་ཐོག་མར་ས་ཡོམ་དེ་ཡིས་གནོད་འཚེ་ཕོག་པའི་ཡོངས་ཀྱི་ཆེད་དུ་མྱ་ངན་མཚོན་བྱེད་ངག་བཅད་དང་། དེ་ནས་སྣང་གསལ་ཞལ་ཁ་ཕྱེ་བ་སོགས་བསྔོ་སྨོན་གཟབ་རྒྱས་དང་། དེ་རྗེས་ས་ཡོམ་ཇི་ལྟར་བྱུང་ཚུལ་གྱི་སྔ་ཕྱི་བར་གསུམ་དང་། དེ་རྗེས་ཤུལ་ལུས་རྣམས་ཀྱི་ས་ཞིང་གནས་ཁང་སོགས་ད་ལྟའི་དཀའ་ཁག་དང་། མ་འོངས་པ་ཇི་དགེ་སོགས་ལས་འཕྲོས་ཏེ་དྲི་བ་དྲིས་ལན་རྒྱུན་རིང་བྱས་པ་དང་། མཚན་ཕྱེད་བར་དུ་བཀའ་སྡེ་སྣོད་གསུམ་འུར་འདོན་བྱས་པ་སོགས་མྱ་ངན་གྱི་ཉི་མ་ནག་པོ་དེ་ཆོས་ཕྱོགས་རྣམ་དཀར་དགེ་བས་བསྐྱལ་ཡོད་པ་རེད། །

དེ་རིང་གི་ཡུལ་ཤུལ། སྐ་རགས།

དེ་རིང་ནི་སྤྱི་ལུགས་སུ་བརྩིས་པས་2011ལོའི་ཟླ4བའི་ཚེས14་སྟེ།
ཆུ་བཞི་སྒང་དྲུག་གི་ལུང་ཁུག་ཅིག་ཏུ་མི་ལོ་དུ་མའི་རིང་ལ་རང་གི་སྡུག་རུས་དང་སྟོང་བསམ་ལ་བརྟེན་ཏེ་འཚོ་བ་རོལ་པའི་ཡུལ་ཤུལ་ཞེས་པའི་ཚོ་ཁག་ཅིག་ལ་ས་གཞི་གཡོ་སྐྱོམ་གྱི་གོད་ཆག་ཐེབས་ནས་ལོ་འཁོར་གཅིག་འདས་པའི་ཉིན་མོ་ཡིན་པ་རེད། དེ་ནི་བོད་མི་ཞེས་པའི་ཡིག་འབྲུ་འདི་གཉིས་ལ་དངོས་ཤུགས་གང་རུང་དང་དྲང་ལྡོག་ཅི་རིགས་ནས་འབྲེལ་བ་ཡོད་མཁན་ཚང་མས་ཤེས་སྲིད་པའི་དོན་ཞིག་རེད།  ད་ལྟ་དྲ་བ་དང་བརྙན་ལམ་སོ་སོ་ནས་དེ་རིང་ནི་བོད་མི་ཚང་མས་སེམས་ཁོང་ནས་འབོར་མི་རུང་བའི་དུས་ཆེན་ཞིག་ཏུ་བསྒྲག་གི་ཡོད་པ་ཇི་བཞིན།  དེ་རིང་ནི་ང་ཚོས་ཁ་སང་འཐུང་བའི་ཇ་ཐུན་གཅིག་ལྟར་ཤུལ་མེད་དུ་བརྗེད་རུང་བ་ཞིག་ག་ལ་ཡིན་ཨང་།  དྲ་བ་དང་བརྙན་ལམ་ཁག་ནས་འུ་ཅག་ལ་ངོ་སྤྲད་པའི་དེ་རིང་གི་ཡུལ་ཤུལ་ནི་ལྗང་མདོག་གི་འཇིག་རྟེན་དང་།  འཛུགས་བསྐྲུན་གྱི་ཡུལ་གྲུ།  རེ་འབྲས་དོན་སྨིན་གྱི་གནས་མཆོག་སོགས་སུ་བགྲང་ཞིང་།  ལྷག་པར་དུ་རང་ཉིད་ཆེས་མཐོའི་སྒྱུ་རྩལ་གྱི་བྱ་བ་གཉེར་མཁན་དུ་རློམ་པའི་འཁྲབ་སྟོན་པ་ལ་ལས་ཡུལ་ཤུལ་དུ་མེ་ཏོག་བཞད་ཅེས་པའི་ལུས་པོས་མི་ཐེགས་པའི་གོས་རྒྱན་གྱི་ཚུལ་དུ་གློག་བརྙན་འཁྲབ་པ་དང་། ནམ་རྒྱུན་མི་རིགས་ཤིག་གི་བདེ་སྡུག་གི་དུས་ཚོད་ངག་ལ་དྲངས་པར་མགྲིན་ཚབ་པ་རུ་རློམ་པའི་རང་རེའི་རྩོམ་པ་པོ་དག་གིས་ཡུའུ་ཧྲུའུ་དྲོད་ཁོལ་ལྡན་པའི་ཁྱིམ་གཞི་སོགས་གཡོག་པོ་ལ་རྒྱལ་པོར་བཏགས་པའི་ཟུར་ཟའི་རི་མོ་དག་གིས་མིག་ལམ་བཅད་ནས་ཡོངས་ཚེ།  ངས་ནི་སྣང་ལ་མ་ངེས་པའི་མཛེས་སྡུག་གི་ཕུང་བོ་གཏོས་ཆེ་བ་དེ་དག་གི་ཕ་རོལ་ན་ཡོད་པའི་ཡུལ་ཤུལ་ངོ་མ་དེ་དྲན་བྱུང་།  དེ་ནི་ན་ནིང་གི་ཟླ་བཅུ་གཅིག་པའི་ནང་དུ་ང་རང་ཡུལ་ཤུལ་དུ་ཐེངས་གཅིག་སོང་བའི་མཐོང་ཐོས་དངོས་སྟེ།  ཡུལ་ཤུལ་ནི་ཨར་འདམ་གྱི་གྱང་རོ་དང་སོ་ཕག་གི་ཞིག་རོའི་འོག་ན་བདག་མེད་ཀྱི་མི་རོ་རྡུལ་དུ་ཟག་པའི་དུར་ས་འཇིགས་སུ་རུང་བ་ཞིག་ཡིན་ཐལ།  ཡུལ་ཤུལ་ནི་ཡུགས་ས་མས་གདུང་འབོད་དང་དྭ་ཕྲུག་གིས་ངུས་འབོད་གྱེར་སའི་འདུ་ར་རྣ་ལ་གཟན་པ་ཞིག་ཡིན་ཐལ།  ཡུལ་ཤུལ་ནི་མི་ཤུལ་ལ་རྩྭ་དང་རྩྭ་ཤུལ་ལ་ལྡུམ་པུ་སྐྱེས་པའི་མྱ་ངམ་ཐང་ཆེན་པོ་ཞིག་ཡིན་ཐལ། ཡུལ་ཤུལ་ནི་རོགས་སྐྱོར་དངོས་འབུལ་གྱི་རས་གུར་སྔོ་ཐོའི་ནང་ན་ཆུ་འཁྱག་གི་བཏུང་བ་བྲང་ལ་སྦྱར་བའི་འཚོ་བ་ཡི་ག་འཆུ་བ་ཞིག་ཡིན་ཐལ།
དོན་དངོས་དང་གནས་ལུགས་ལ་རྡོག་བརྫིས་བྱེད་པའི་སྨྱུག་ཐོགས་པ་ལགས། ཁྱོད་ཀྱིས་ངའི་ཡུལ་ཤུལ་ལ་མཚང་འདྲི་དང་འཕྱ་དམོད་མ་བྱེད།  རབ་ཡིན་ན་ཁྱོད་ཀྱིས་སྡུག་གི་ལོ་ཟླ་བསྐྱར་གླེང་མི་བྱེད་པར་ངའི་ཡུལ་ཤུལ་ཁ་རོག་གེར་འདུག་ཏུ་འཇུག་རོགས།

གནའ་སྔ་མོ། ཡུལ་ཤུལ་བ། དེ་རིང་དྲན་གྱིན་ཡོད། འཇིགས་བྱེད་ཚེ་རིང་།

གནའ་སྔ་མོ་ཞིག་ལ་ཡུལ་ཤུལ་ནས་སྟག་ཤར་ལུ་ཚོས་ཞབས་བྲོ་འཁྲབ་མྱོང་།
གནའ་སྔ་མོ་ཞིག་ལ་ཡུལ་ཤུལ་ནས་སྨན་བུ་མོ་ཚོས་གླུ་སྐད་གྱེར་མྱོང་།
ཡིན་ཡང་། ན་ནིང་གི་ནམ་ཟླ་སྐྱ་བོ་དེས།
རྩྭ་་ཐང་གི་མཛེས་པ་འཕྲོག་སོང་།
མེ་ཏོག་གི་ཟེའུ་འབྲུ་རྙིད་སོང་།
གནའ་སྔ་མོ་ཞིག་ལ་ཡུལ་ཤུལ་ནས་གླིང་དཀར་གྱི་སྙན་གྲགས་དར་སོང་།
གནའ་སྔ་མོ་ཞིག་ལ་ཡུལ་ཤུལ་ནས་སྟོབས་འབྱོར་གྱིས་ཀླུ་ལ་འགྲན་མྱོང་།
འོན་ཀྱང་། ས་ཡོམ་ཐེངས་ཤིག་གི་རྗེས་སུ།
ཡུལ་ཤུལ་ན་མིག་ཆུ་ལས་ཅི་ཡང་མི་འདུག
ཡུལ་ཤུལ་ན་གདུང་འབོད་ལས་གང་ཡང་མི་འདུག
རྩྭ་ཐང་གི་མི་རིགས་ཤིག
འདི་ལྟར་ས་འོག་ཏུ་ཤོར་སོང་།
གངས་འདབས་ཀྱི་སེམས་པ་ཞིག
དེ་ལྟར་མྱ་ངན་གྱིས་མནན་སོང་།
སྤུན་ཟླ་ཚོ། སེམས་མ་ཕམ།
ང་ཁྱེད་ཀྱི་ཁྲ་ཆུང་གི་མིག་སྔོན་དུ་ཡོད།
ཁྱེད་ང་ཡི་ཡ་ཆུང་གི་སེམས་ནང་ན་ཡོད།
2011.4.14ཉིན་བྲིས།

Thursday 14 April 2011

ནམ་ཡང་བརྗེད་མི་སྲིད་པའི་གོད་ཆག ལྡན་མ། ཚུལ་ཁྲིམས་ཕུན་ཚོགས།

སྔོན་ལས་ཟབ་མོས་ཡུལ་ཁམས་གཅིག་ཏུ་འདུས།།
འབྱུང་བའི་མཚོན་གྱིས་ཚེ་སྲོག་གྲངས་མེད་འཕྲོག།
འདས་པའི་གོད་ཆག་ཡིད་ལ་ཤར་བའི་ཚེ།།
ཟས་དང་གཉིད་ལའང་ལོངས་སུ་སྤྱོད་འདོད་བྲལ།།

རང་ཡུལ་མི་འདོད་བཞིན་དུ་བསྐྱུར་བྱས་ཏེ།།
རང་ལུས་འཕགས་པའི་ཡུལ་དུ་གནས་ན་ཡང་།།
རང་ཉིད་སྡུག་བསྔལ་གསུམ་གྱིས་མནར་བཞིན་དུ།།
རང་སེམས་དབང་མེད་ཁྱེད་ཚོའི་ཕྱོགས་སུ་རྩེན།།

ཆོལ་སུམ་སྤུན་ཟླ་གྲངས་མེད་སྐད་ཅིག་ལ།།
འཛོམས་ཏེ་ཤི་བོ་རྣམས་ལ་བསྔོ་སྨོན་དང་།།
ཤུལ་ལུས་རྣམས་ཀྱི་ཚེ་སྲོག་མྱུར་སྐྱོབས་སོགས།།
ཉིན་མཚན་འབད་པའི་དཀའ་དྲིན་བརྗེད་ཐབས་བྲལ།།

གངས་ཅན་པ་ཡི་རིགས་སུ་གཏོགས་པ་ཡི།།
སུ་དང་གང་ཞིག་རྐྱེན་ངན་གྱིས་མནར་ཚེ།།
ཤ་ཁྲག་རུས་རྒྱུད་གཅིག་པའི་སྤུན་ཟླ་ལས།།
མགོན་སྐྱབས་དཔུང་གཉེན་བྱེད་མཁན་སུ་ཡང་མེད།། 

རྒྱང་རིང་ས་མཐར་ལྷུང་བའི་བུ་ཆུང་ངས།།
རང་རིགས་སྤུན་ཟླ་ཞེན་མདངས་དཀར་ན་ཡང་།།
ཁ་བའི་ལྗོངས་སུ་སླེབས་ཐབས་བྲལ་བས་ན།།
སྙིང་གཏམ་སྨྱུ་གུའི་སོ་ཁར་དྲངས་ཏེ་ཕུལ།།
༢༠༡༡་༤་༡༤་ཉིན་རྗེས་དྲན་དུ།

མུན་ནག་གི་ཉིན་མོ། ལྡན་མ། ཐུབ་བསྟན་དངོས་གྲུབ། འབྲས་བློ་གླིང་།

རབ་དཀར་ལྷག་བསམ་དྭངས་མི་ཆུ་ཤེལ་གྱི་ཕོར་པ།།
བྱམས་བརྩེ་མཛའ་བའི་འོ་ཇས་ཆད་མེད་དུ་བཀང་ཞིང་།།
བདེ་སྐྱིད་ཚོར་བའི་བར་ན་བག་ཡངས་སུ་གནས་པ།།
འཐོར་ཞིག་བདུད་མོས་བཅོམ་པའི་མུན་ནག་གི་ཉིན་མོ།།

སྐབས་གསུམ་ཡངས་པའི་གྲོང་གི་མཛེས་རྒྱན་གྱི་ཁང་བཟང་།།
དབང་མེད་སྐྱེངས་པ་སྟེར་བའི་ཁྱིམ་གཞིས་ཀྱི་ཁོར་ཡུག།
གནའ་དེང་སྒྱུ་རྩལ་འབར་བའི་མཛེས་སྡུག་གི་གསོན་ཉམས།།
འཐོར་ཞིག་བདུད་མོས་བཅོམ་པའི་མུན་ནག་གི་ཉིན་མོ།།

སླུ་བྲིད་གནས་ལུགས་བྲལ་བའི་རྣམ་དཀར་གྱི་དགེ་བར།།
སྔོན་གོམ་བག་ཆགས་བཟང་པོས་འཛུགས་བསྐྲུན་དུ་སྨིན་པའི།།
དལ་བརྒྱད་འབྱོར་བཅུ་ཚང་བའི་བརྟེན་བཟང་གི་བཀོད་པ།།
འཐོར་ཞིག་བདུད་མོས་བཅོམ་པའི་མུན་ནག་གི་ཉིན་མོ།།

མེས་པོས་ཤུལ་བཞགས་བྱས་པའི་གངས་ཅན་པའི་ཁྱད་ནོར།།
གཅེས་སྤྲས་སྟོང་གི་བསུ་མཁན་འཚོ་གནས་ཀྱི་གཞི་མ།།
གནས་ལྔ་རིག་པའི་མ་ཡུམ་སློབ་གླིང་གི་དགའ་ཚལ།།
འཐོར་ཞིག་བདུད་མོས་བཅོམ་པའི་མུན་ནག་གི་ཉིན་མོ།།

འཐོར་ཞིག་བདུད་མོས་བཅོམ་པའི་མུན་ནག་གི་ཉིན་མོ།།
བྱུང་ནས་ལོ་གཅིག་འཁོར་བའི་མུན་ནག་གི་ཉིན་མོར།།
དེ་རིང་དུས་དྲན་བྱེད་པའི་མུན་ནག་གི་ཉིནམོ།།
ལེགས་བྲིས་དཔལ་ལ་འབྱོར་ཡང་མུན་ནག་གི་ཉིན་རེད།།

སྒ་སྐྱེ་རྒུ་མདོ་རུ་ས་ཡུམ་གྱིས་གོད་ཆག་བྱུང་ནས་ལོ་གཅིག་འཁོར་བའི་དུས་དྲན་ཉིན་གང་བྱུང་དུ་བྲིས་པའོ།།

Wednesday 13 April 2011

འབྲི་ཟླ་ཟལ་མོ་སྒང་ཞེས་པའི་དྲ་ཚིགས་དངོས་སུ་ཤར་གཏོང་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས།




མེས་པོའི་ཁྲག་རྒྱུན་གཅིག་ལས་ཆད་ཅིང་། སེམས་ཀྱི་འདུན་པ་གཅིག་ཏུ་ཕྱོགས་པའི་གཞིས་བྱེས་རང་རིགས་ཀློག་པ་པོ་ཀུན་ལ་ཆེད་གསོལ།
དེང་འདིར་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་སྒང་ཁྲོམ་སྒ་སྐྱེ་རྒུ་མདོ་རུ་ཕྱི་ལོ་༢༠༡༠ཟླ་༤་པའི་ཚེས་༡༤ཉིན་ས་རིམ་པ་བདུན་དང་ཚེག་གཅིག་ཏུ་ཟིན་པའི་ས་འགུལ་གྱིས་གནོད་འཚེ་ཕོག་ནས་སྐྱེ་བོ་སྟོང་ཕྲག་དུ་མའི་སྲོག་དབུགས་རྔུབས་ཤིང་། ཕུ་ཡི་རྟ་ནོར་ལུག་གསུམ་ཤི་རྨས་བྱུང་བ། མདའ་ཡི་ས་ཞིང་ཁང་གསུམ་གཏོར་སྐྱོན་ཐེབས་པ། ཕུགས་ཀྱི་གཟི་བྱུར་སྤོས་གསུམ་བོར་བརླག་ཤོར་བ། སྒོ་ཡི་བསྐོ་ཁྱི་ཡན་ཆད་རྐུ་ལ་ཤོར་བ། མདོར་ན་མི་རྒྱུ་ཟས་གསུམ་གྱོང་གུད་ཐེབས་ནས་ཡ་ང་ཞིང་ཡིད་མུག་པའི་མུན་པའི་བསྐལ་པ་བཟོད་དཀའ་བ་ཞིག་མགོ་ཐོག་ཏུ་སླེབས་པ་རེད། འདི་ནི་བོད་ཡུལ་སྐྱ་མོའི་ལོ་རྒྱུས་ཆུ་ཡི་གཉེར་མའི་ཁུགས་སོ་ན་འབངས་གྱེན་ལོག་དང་། ཧོར་དོར་རྟ་ནག་པོས་སྡེབས་གསོད། ང་བརྒྱད་ལོའི་དུས་ཟིང་། རིག་གནས་གསར་བརྗེ་ཆེན་མོའི་མུག་ཤི་སོགས་མི་ཡིས་བཟོས་པའི་ནད་མཚོན་མུ་གེའི་བསྐལ་པ་ངན་པ་འགའ་ཞིག་ཡོད་པ་དེ་དག་ཕུད། རང་བྱུང་འབྱུང་བའི་གོད་ཆག་ད་རེས་འདྲ་བ་རྣ་ལམ་དུའང་གྲགས་མ་མྱོང་པས་སྒང་པ་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཁྱི་སྐྱག་གིས་བྲིས་པའི་ཤོག་ལྷེ་ནག་པོ་ཞིག་ཡིན་པ་རེད།
འོན་ཀྱང་། ཕ་ས་དགྲ་རུ་ལངས་པའི་ཆག་སྒོ་དེའི་སྐབས་སུ་འཛམ་གླིང་ཤར་ནུབ་གང་སར་འཁོད་པའི་རང་རིགས་གདོང་དམར་བའི་མི་རྒྱུད་འདི་ཡིས་སེམས་པ་ཟབ་སར་བསྲིང་། ལག་པས་ལག་པར་སྦྲེལ་ཏེ་གནོད་འཚེ་ལ་འཐབ་འཛིང་དང་། ཚེ་སྲོག་ལ་སྲུང་སྐྱོབ། ལྟོགས་སྐོམ་ལ་གདོང་ལེན། དཔལ་འབྱོར་གྱི་རམ་འདེགས་སོགས་ཇི་ལྟར་བྱས་ཚུལ་རྣམས་རང་ཉིད་ཀྱིས་འུད་སྒྲོགས་མི་དགོས་པར་གོ་ལ་འཇིག་རྟེན་འདིའི་ཐོག་ཏུ་གནས་པའི་ཤེས་ལྡན་ཀུན་གྱི་སེམས་ངོ་ན་གསལ་ལེར་ཡོད་པ་ཡིན། མ་ཟད་སྒྱུ་རྩལ་པ་རྣམས་ཀྱིས་ངང་ཚུལ་དེ་དག་བརྗོད་བྱའི་སྲོག་ཏུ་བཟུང་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་མཚོན་པའི་ལ་གཞས་འཐེན་པ་དང་། སྙན་ངག་གྱེར་བ། ཞིབ་འཇུག་གནང་བ། སེམས་ཚོར་བཤད་པ། མདོར་ན་སྨྱུག་རྩེ་མིག་ཆུ་བསྲེས་པའི་རྩོམ་ཡིག་གྲངས་ལས་མི་ལང་པ་ཞིག་སྤེལ་ཡོད་ནའང་། དེ་དག་ལས་རང་དང་ཀློག་པ་པོས་གཉིས་ཀས་ལྕོགས་ཚོད་ཙམ་དུ་དམིགས་ནས་དྲ་ཚིགས་འདི་ཉིད་ཆེད་གཉེར་གྱིས་གནམ་ནག་མགོ་ལྷུང་གི་ཆག་སྒོ་དེ་བྱུང་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་དེ་རིང་། མྱ་ངན་རྗེས་དྲན་གི་ཆེད་དུ་མིག་ཆུའི་ཐིགས་པ་ཞིག་དང་ལྷན་དུ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་མིག་མདུན་དུ་བཤམ་རྒྱུ་ཡིན།
དེ་ཡང་མགོ་བོ་སྲ་མོ་རྡོ་ཡིས་མནན་ཀྱང་། ཕྱི་མིག་སྔོན་མོ་རྒྱ་གར་དུ་བསྲིངས་པའི་ཤི་བོ་དེ་དག་ལ་"མ་ཎི་"དབྱངས་རྟ་རིང་པོ་ཞིག་གི་དོད་དང་། བྱམས་སྐྱོང་མེད་པའི་འཁང་རས་ནོན་ནས་རྐང་རྡུམ་ལག་ཆད་ཀྱིས་ཤུལ་ན་ལྷག་པའི་རྨས་མ་དེ་དག་"སྨན་ཐུན་གཅིག་"གི་ངོ་བོ་དང་། ཕ་མའི་དྲོད་ཁོལ་ས་ཡིས་མནན་ཡང་། གྲིབ་གཟུགས་སྣུམ་པོ་སེམས་ན་ཉར་བའི་ཤུལ་ལུས་དྭ་ཕྲུག་དེ་དག་ལ་"ཨ་མའི་གཅེས་ཕྲུག་"ཅེས་པའི་དབྱངས་རྟ་ཞིག་གི་ཚབས་དང་། བརྩེ་བའི་བུ་ཕྲུག་ཐོང་ནས་བཀོག་ཀྱང་། མིག་ཟུང་སྔོན་མོ་སྒོ་ན་ཅེར་བའི་རྒས་འཁོག་དེ་དག་"ཨ་མ་ལོ་བརྒྱ་"ཞེས་པའི་རྒྱང་འབོད་ཅིག་གི་དོད་དུ་འབུལ་ལོ། བྱམས་བརྩེའི་མིག་ཀོང་ཆུ་བོ་བསྐྱིལ་ཏེ་གོད་ཆག་འདིའི་སྐབས་སུ་དངོས་ཤུགས་རྒྱུད་གསུམ་ནས་འཐབ་འཛིང་དང་། རྒྱབ་སྐྱོར་བྱེད་པའི་རང་རིགས་རྣམས་ལ་དྲིན་དྲན་པ་དང་། དྲིན་བཟོ་བའི་ཚུལ་དུ་དྲི་མ་མེད་པའི་ཁ་དར་དཀར་པོ་ཞིག་ཏུ་མོས་ནས་འབུལ་རྒྱུ་ཡིན།

འདི་ན་ཤི་བོ་བརྒྱ་ཡི་རྣམ་ཤེས་ཡོད་ལ། འདི་ན་གསོན་པོ་སྟོང་གི་གདོང་རིས་ཡོད། འདི་ན་ཕུ་ནུ་སྟོང་གི་དཀའ་སྡུག་ཡོད་ལ། འདི་ན་མིང་སྲིང་འབུམ་གྱི་བྱམས་སེམས་ཡོད། ད་དུང་། འདི་ན་གཞིས་ཀྱི་ས་ནག་གད་ཆད་ཀྱི་ཆག་སྒོ་ཡོད་ལ། འདི་ན་བྱེས་ཀྱི་གནམ་ནག་མགོ་ལྷུང་གི་སྡུག་བསྔལ་ཡོད། འདི་ན་དད་ལྡན་མི་མང་གི་ངུ་ངག་ཡོད་ལ། འདི་ན་བྱམས་ལྡན་བླ་མའི་བསྔོ་སྨོན་ཡོད། འབངས་ཀྱི་འོ་དོད་འདི་ན་ཡོད་ལ། དཔོན་གྱི་དབུགས་དབྱུང་འདི་ན་ཡོད།
མ་ཟད་འདི་ནི་མིའུ་གདུང་དྲུག་གི་མིག་ཀོང་མཆིལ་མས་བཀང་བའི་བརྩེ་བའི་ལག་ཟུང་དྲོན་མོ་ཞིག་དང་། འདི་ན་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་འདས་མ་འོངས་ད་ལྟ་གསུམ་གྱི་གནས་ལུགས་ལྷུག་གེར་འཆད་པའི་རིག་པའི་སྨྲ་ལྕེ་ཡངས་མོ་ཞིག་སྟེ། སྤྱད་ན་འཛད་པ་མེད་པའི་ཤེས་རབ་ཀྱི་རྨུ་ཐག་རིང་མོ་ཞིག་ཡིན།
རི་དྭགས་བཞིན་དུ་འཁྱམས་སོང་བས་ས་གས་རི་ཉིལ་གྱི་ཆག་སྒོ་དེས་མ་ཟིན་པའི་ས་མཐའ་ན་འཚོ་བའི་མི་བུ་ཞིག་གིས་རང་ཉིད་ཀྱི་ཁ་དང་ལག་པས་སླེབས་ཚོད་ཙམ་དུ་འདི་ཉིད་དང་བླངས་ཀྱིས་གཞི་གཅིག་ཏུ་བསྒྲིགས་པ་ཡིན། འདི་ལྟར་དགོས་དོན་ཡང་བཅོས་མའི་ལོ་རྒྱུས་དང་། བྱུང་རབས་རྫུས་མ་ལྟ་བུ་མ་ཡིན་པར་དབུས་པ་སྐྱག་གོག་དང་། ཁམས་པ་རོ་ཀྱོག་ཟེར་བའི་དུས་རབས་བར་མའི་ནང་ཁུལ་འཐབ་འཛིང་དང་། འཁོན་འཛིན་དེ་དག་ས་གཡོ་འབྱུང་འཁྲུག་གི་ཆག་སྒོ་དེའི་འོག་ཏུ་ནུབ་ནས་མིའུ་གདུང་དྲུག་ལག་བརྡང་གཅིག་ཏུ་བསྒྲིལ་ཏེ་ཕུ་ནུ་ངོ་འཕྲོད་པའི་གསེར་ནག་གི་འབྲི་བར་འོས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ཏུ་མཐོང་ནས་སོ།།
དེ་ཡང་རྩོམ་ཡིག་འདི་དག་དྲ་ཚིགས་གང་ཞིག་ཏུ་མ་བཀོད་པ་ཆེར་མེད་ཀྱང་སྒྲོབ་ལུ(www)་གསུམ་གྱི་འཇིག་རྟེན་འདི་ནི་སྟོང་གསུམ་ཡངས་པའི་ཁྱོན་ལྟར་མཐའ་དང་མུ་ཞིག་མེད་ན་རྡོ་རྗེ་ཕ་ལམ་དང་མཚུངས་པའི་ངག་གི་སྒྱུ་རྩལ་འདི་དག་ཀྱང་སྟོང་ཁམས་དེའི་ཀློང་དུ་ཡལ་ལ་ཉེ་བར་དོགས་ནས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་༼འབྲི་ཟླ་ཟལ་མོ་སྒང་༽ཞེས་པའི་མིང་ཚིག་འདི་ཉིད་ཀྱི་འོག་ཏུ་ཉེ་བར་བསྡུས་པ་ཡིན། དབྱིན་ཡིག་ཏུ་འདི་ཉིད་འབྲི་དགོས། 
 http://www.zalmogang.blogspot.com/

སླར་ཡང་བརྣན་པ་ཞིག་ལ། རྩོམ་ཡིག་ཕལ་མོ་ཆེ་ནི་དྲ་ཚིགས་ག་གེ་མོ་དང་། ཟིན་བྲིས་ཆེ་གེ་མོ་ཞིག་ནས་རང་འདོད་ཀྱིས་ཕབ་བཤུས་བྱས་བཞག་པ་ཡིན་པས་རྩོམ་པ་པོ་དང་། བསྒྱུར་བ་པོ་རྣམས་རང་རང་གི་ངོས་ནས་དཀྱེལ་ཡངས་དགོངས་ཆེ་ཡིས་ང་ལ་སྡིག་ཉེས་མེད་པར་གནང་རོགས།
སྒྲིག་སྟངས་ཀྱི་ཐད་ནས་ཉམས་མྱོང་མེད་པས་དེ་དགོས་བསམ་པར་མེད་ཀྱང་ཅི་དོད་དུ་བྱས་པས་འདི་འདྲ་བ་ཞིག་གྲུབ་པ་རེད། ཡོངས་ཁུངས་དང་། བརྗོད་བྱ་གཉིས་ཀྱིས་དཀར་ཆག་ཟུར་དུ་ཕྱེས་པ་ཡིན། ཕྱེ་དགོས་དོན་ཡང་ཐམས་ཅད་དྲ་ཡུག་གཅིག་ཏུ་བརྒྱུས་ན་ཀློག་པ་པོ་རྣམས་འཇུག་པ་མི་བདེ་བར་དོགས་ནས་སྡེ་ཚན་འདི་དག་བགོས་པ་ཡིན། ད་དུང་ཡང་སྒྱུ་རྩལ་དང་། ཡི་གེ་ལ་བྱང་བའི་མི་བུ་རྣམས་ཀྱིས་འདི་དགོས་ཀྱི་ལམ་སྟོན་གནང་ན་ཅི་མ་རུང་། གཞན་འདོད་བློ་མཐུན་མིན་དང་། ཡི་གེ་ནོར་བ། ལོག་པར་བཤད་པ་སོགས་ཡོད་ངེས་པས་རྩོམ་ཡིག་སོ་སོའི་འོག་ཏུ་ཟུར་མཆན་འཇོག་ན་མཐུས་རྒྱུ་དང་། ཡང་ན་གློག་འཕྲིན་(zalmogang@yahoo.com) འདིའི་ཐོག་ཏུ་བརྡ་ལན་གནང་རྒྱུ་མ་བརྗེད་པ་གནང་རོགས། ཐུགས་རྗེ་ཆེ།
མི་རྐང་གླིང་བུར་འབོད་པས། ༢༠༡༡ ལོ་ཟླ་༤་པའི་ཚེས་༡༤་ཉིན།

Tuesday 12 April 2011

གས་ཆག་བར་གྱི་ཚེ་སྲོག ལྡན་མ། བློ་བཟང་ཚུལ་ཁྲིམས། འབྲས་བློ་གླིང་།




གསེར་དངུལ་ཟངས་རག་རྟ་ནོར་ལུག་སོགས་རིན་ཆེན་དུ་མའི་གཏེར་གྱིས་ཕྱུག།
ཡན་ལག་བརྒྱད་ལྡན་དལ་གྱིས་འབབ་པའི་གཙང་པོ་གསུམ་གྱི་འབྱུང་ཁུངས་དེ།།
གྲོང་དང་གྲོང་ཁྱེར་འདུ་འཛོམས་ཆེ་བའི་མདོ་ཆེན་གསུམ་གྱི་ཡ་གྱལ་ཏེ།།
མ་བཅོས་ཁོར་ཡུག་ལྷུན་གྱིས་གྲུབ་པའི་མདོ་སྟོད་དགའ་བའི་གླིང་ཞེས་གྲགས།།

ལས་ངན་དྲག་པོའི་རྐྱེན་ངན་སྟོབས་ཀྱིས་ཡངས་པའི་ས་ཆེན་དགྲ་རུ་ལངས།།
ཤིན་ཏུ་ཁྲོས་པའི་གཡོ་འགུལ་གཅིག་གིས་གནམ་སའི་འཇིག་རྟེན་བླ་འོག་བསྒྱུར།།
བདེ་སྐྱིད་ངོ་མཚར་ཕུན་སུམ་ཚོགས་པའི་ལྷ་ཡུལ་ལྟ་བུའི་འཇིག་རྟེན་འདི།།
འཇིགས་སྐྲག་སྡུག་བསྔལ་བརྒྱ་ཡིས་མནར་བའི་བཟོད་མེད་གཤིན་རྗེའི་གྲོང་ཁྱེར་བསྒྱུར།།

བརྩེགས་པའི་མཁར་རྫོང་ཕྲེང་ལྟར་སྒྲིག་ཀྱང་མགོ་སྟེང་ལོག་ནས་ས་ལ་བསྙིལ།།
ཤིན་ཏུ་བཅེས་པའི་ལུས་ངག་ཡིད་གསུམ་ས་གཞི་ལྕི་མོའི་འོག་ཏུ་གླེབ།།
བདག་ཏུ་བཟུང་བའི་སྒོ་ཁྱི་སྒོ་ཟོག་བདག་མེད་གྱུར་ནས་ཕྱོགས་བཞིར་འཁྱམས།།
ཡུན་རིང་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཐལ་རྡུལ་ཁྲོད་ནས་རླུང་གིས་ཁྱེར།།

སྐད་ཡིག་རིག་གཞུང་ལ་རྒྱ་གཅིག་པའི་གདོང་དམར་བོད་ཀྱི་ཚེ་སྲོག་ཤོར།།
ཆོས་དང་འཇིག་རྟེན་ལྟ་གྲུབ་མཐུན་པའི་རྩམ་གཟན་སྤུན་ཟླར་རྨས་སྐྱོན་ཕོག།
ཤ་ཁྲག་རུས་གསུམ་གཅིག་ལས་མཆེད་པའི་གངས་རིའི་བུ་ཚ་དྭ་ཕྲུག་གྱུར།།
ཕ་མེས་གཅིག་པའི་བཙན་པོའི་གདུང་རྒྱུད་སྡུག་གིས་མ་མནར་ཤེས་ལྡན་སུ།།

སྙིང་རྗེའི་རང་གཟུགས། རྫོགས་ཆེན་མཆོག་གླིང་དགེ་ལས་ཚོགས་པས་བསྐྲུན།

ངའི་སྐད་ཆ་ཚར་ཐལ་སྐྱེ་རྒུ་པ། སེང་རྡོར། ཟི་ལིང་།













4.14ཁམས་སྐྱེ་རྒུའི་ས་ཡོམ་དོན་རྐྱེན་ལ་སྦྱར་བ།



དེ་རིང་ཡང་ནི་སྔར་ལོ་བཞིན་དུ་མྱ་ངན་ཚིག་ཐུང་འབྲི་ཁུལ་བྱེད། །
དེ་རིང་ཡང་ནི་སྔར་ལོ་བཞིན་དུ་སྙུན་འདྲིའི་གཏམ་ཡག་བརྗོད་ཁུལ་བྱེད། །
ཐུང་ལ་ཉུང་བའི་ཡི་གེ་འགའ་ལ་རེ་བ་ཡོངས་རྫོགས་བཅོལ་བ་ཡི། །
འཆི་རྐྱེན་ཟད་པའི་ལས་ངན་ཁོ་བོ་ད་དུང་གསོན་འདི་ངོ་རེ་ཚ། །

དེ་རིང་ ཡང་ནི་སྔར་ལོ་བཞིན་དུ་ལེགས་སྦྱར་རེ་གཉིས་འདོན་ཁུལ་བྱེད། །
དེ་རིང་ཡང་ནི་སྔར་ལོ་བཞིན་དུ་ལྕགས་གོང་རེ་གཉིས་བསྒྲོན་ཁུལ་བྱེད། །
མིག་སྤུའི་གསེབ་ཀྱི་ཆུ་ཟིལ་འགའ་ལ་གདུང་སེམས་མཉམ་སྐྱེད་འབོད་པ་ཡི། །
འཆི་རྐྱེན་ཟད་པའི་ལས་ངན་བདག་རང་ད་དུང་གསོན་འདི་ངོ་རེ་ཚ། །

རང་ བྱུང་ཁམས་ཀྱི་རྩེད་ཆས་ཡིན་པའི་མི་ཡི་རིགས་འདིས་ཅི་ཞིག་ནུས། །
ཉི་མ་གཅིག་ལ་འཛམ་གླིང་བསྣུབ་ཀྱང་བློ་དང་ཇུས་བཀོད་ཡེ་ནས་མེད། །
གཉོམ་ཆུང་བཏུལ་བའི་ཨ་ཕོ་མང་ཡང་གལ་ལ་ཐུག་དུས་ལག་རྡུམ་རྐྱང་། །
འཆི་རྐྱེན་ཟད་པའི་ལས་ངན་ཁྱོད་ཀྱང་ད་དུང་གསོན་འདི་ངོ་རེ་ཚ། །

རང་ བྱུང་ཁམས་ཀྱི་མཆན་ཤིག་ལྟ་བུའི་མི་ཡི་རིགས་འདིས་ཅི་ཞིག་ནུས། །
སེན་རྒན་གཉིས་ཀྱིས་ནམ་ཞིག་གཅིར་བ་ཁྱོད་ཀྱིས་བློ་ཚོད་ཨེ་ཐུབ་བམ། །
བཅུ་གཉིས་ཕྱི་མར་ཨ་རིའི་ཙུང་ཐུང་ས་ཡོམ་ཁྲོད་དུ་འགྱེལ་པའང་། །
འཆི་རྐྱེན་མང་བའི་རྐང་གཉིས་འོ་ཅག་སྡུག་ལ་ཐུག་པའི་རྣམ་ཐར་རེད། །

མི་ནི་ འདི་ལྟར་གྲོག་མ་བཞིན་དུ་ནམ་ཤི་ཆ་རུ་དཀའ་བ་དང་། །
ཚེ་ནི་འདི་ལྟར་མཆོད་མེ་བཞིན་དུ་གར་གཟིམ་འདིར་གཟིམ་མེད་པས་ན། །
རྗེས་དྲན་ཞེས་པའི་ཚིག་ཐུང་འགའ་ཡིས་སེམས་དང་སེམས་པ་སྦྲེལ་བ་ཡང་། །
ན་བའི་དུས་ཀྱི་སྦྲིད་སྨན་ཙམ་དུ་སྐྱེ་བོ་ང་ཅག་མཉམ་དུ་འཐུང་། །

སྐྱེ་ རྒུའི་གྲོང་གི་འདས་པོ་ཁྱོད་ཅག་དེ་ཙམ་བྲེལ་བྲེལ་མ་གནང་དང་། །
སྐད་མང་རིགས་མང་འགྲོ་བ་ཡོངས་རྫོགས་བྱ་ཁྱུ་བཞིན་དུ་འཕུར་ནས་འགྲོ །
བདེ་བ་ཅན་ཞིག་གཞི་ནས་མེད་ཀྱང་ཡོད་ཡོད་ཙམ་དུ་སྒོམས་ལ་སོང་། །
འོད་དཔག་མེད་ཅེས་སྐྱོབ་པ་མཆོག་ཅིག་སེམས་ཀྱི་གདན་ལ་གསལ་དུ་ཐོབས། །

༢༠༡༠.༤.༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་ངུ་བཞིན་དུ་བྲིས།

༼གྲྭ་བཙུན་རྣམས་ལ་དཔལ་དར་འཐེན། ༽

དེ་རིང་ནི་རྩོད་པའི་འཐབ་མོ་མི་བཀྱེ་སྟེ། །
ཁུ་བ་དང་བཀའ་བསྡུའི་དོན་དག་མི་གླེང་སྟེ། །
བོད་ཡུལ་ནས་ལི་ཁྲིའི་རྦ་རླབས་འཕྱུར་བ་ལ། །
སྙིམ་པད་ཅིག་བྲང་གར་སྤྱར་ཏེ་གུས་འདུད་ཞུ། །

ད་ལོའི་གནས་བབས།

ན་ནིང་གི་ཆག་སྒོ།

ཉམ་ཉེས་ནང་གི་རེ་བ། དངོས་བྱུང་གློག་བརྙན།

གཞེས་ནིང་། ན་ནིང་། ད་ལོ། ༼པར་རིས་འདི་གསུམ་གྱིས་མཚོན་དོན་གང་ཡིན་མཆན་ཐོབས།༽

སོང་བདུན་མ། ལྡན་མ། ངག་དབང་ཤེས་རབ། འབྲས་བློ་གླིང་།

ཡུལ་ཤུལ་གྱི་རི་ལུང་ནང་དུ།། ལན་ངན་གྱི་གོད་ཆག་བྱུང་ཞིང་།།
སྤུན་ཟླ་ཡི་ཚེ་སྲོག་ཤོར་སོང་།། སྙིང་ཁྲག་གི་ཤ་འོད་བབས་སོང་།། 

བོད་རིགས་ཀྱི་སྤུན་ཟླ་རྣམས་ཀྱིས།། མྱུར་སྐྱོབས་ཀྱི་འདུན་པ་ཞིག་གིས།།
དཀའ་ངལ་ལ་གདོང་ལེན་བྱས་ནས།། ནུས་ཤུགས་ཆེད་གཅིག་སྒྲིལ་བྱས་སོང་།།

གློག་ཐག་གི་སྒྱུ་རྩལ་བར་ནས།། འཐོར་ཞིག་གི་ཟློས་གར་མྱུར་མོས།།
གོ་ལ་འདིར་བྱད་གཟུགས་ངོམ་ཚེ།། སྐྱོ་གདུང་གི་བཟི་ཁ་སྟེར་སོང་།།

ནུས་མེད་ཀྱི་སྤུན་ཟླ་ང་ནི།། ཤེས་རབ་ཀྱི་རྣམ་དཔྱོད་དེ་དང་།།
དགོས་མཁོ་ཡི་དཔལ་འབྱོར་མེད་ཁར།། ཕན་ཐོགས་ཀྱི་ནུས་པ་བྲལ་སོང་།།

གཞིས་བྱེས་ཀྱི་རབ་བྱུང་སྡེ་པས།། དུང་མདོག་གི་ཀུན་སློང་ཞིང་ནས།།
བསྔོ་སྨོན་དག་ཆར་བཞིན་ཕོབ་སྟེ།། སྡུག་བསྔལ་ཉིད་བྲལ་ཐབས་བྱས་སོང་།།

ཤུལ་ལུས་ཀྱི་བསམ་གཞིག་དྭངས་མ།། ༸གོང་ས་མཆོག་གདན་འདྲེན་འོག་ནས།།
ཤི་བོ་དག་ལམ་སྟོན་འཚོལ་རྒྱུ།། རྒྱ་གཞུང་གིས་བཀག་འགོག་བྱས་སོང་།།

བསུབ་མེད་ཀྱི་གོད་ཆག་ཁྲོད་ནས།། ཕ་མ་དང་ཁ་བྲལ་སོང་བའི།།
དྭ་ཕྲུག་གི་འདུན་ལམ་ཆེད་དུ།། རིགས་གཞན་གྱིས་རོགས་སྐྱོར་བྱས་སོང་།། །།

སྔོན་གྱི་གཟི་བྱིན།


རྟ་རྒྱུགས་རྩེད་འགྲན་གྱི་རྣམ་པ།
རྟ་རྒྱུགས་དུས་ཆེན་སྐབས་ཀྱི་རྟ་རྒྱུགས་ཐང་།
དབྱར་གཞུང་གི་དཔལ་ཐང་།
རྒྱ་ནག་མ་ཎི།
ལྷོ་ནས་བྱང་དུ་བལྟས་པ། སྐྱེ་དགུ་གྲོང་།
ཤར་ནས་ནུབ་ཏུ་བལྟས་པ། སྐྱེ་དགུ་གྲོང་།
ནུབ་ནས་ཤར་དུ་བལྟས་པ། སྐྱེ་དགུ་གྲོང་།
ཤར་ནས་ལྷོ་རུ་བལྟས་པ། སྐྱེ་དགུ་གྲོང་།
གྲོང་ཁྱེར་གྱི་དཀྱིལ་དབུས།