Tuesday 5 July 2011

བཅར་འདྲི། དུས་བབ་ལས་དྲངས།

མི་ལོ་གཉིས་ཀྱི་གོང་བྱུང་བའི་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་རང་བྱུང་གོད་ཆག་དེས། ས་གནས་བོད་མི་ཁྲི་ཕྲག་མང་པོར་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་ཤི་རྨས་ཚབས་ཆེན་ཐེབས་ཡོད། རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་སྲིད་གཞུང་གིས་ཡུལ་ཤུལ་གནོད་ཐེབས་མང་ཚོགས་ལ་འཚོ་བའི་རོགས་རམ་གང་ལེགས་བྱས་ཡོད་ཚུལ་དང་། འདས་པའི་ལོ་ངོ་གཉིས་ཀྱི་ཡུལ་ཤུལ་འཛུགས་བསྐྲུན་ལེགས་འགྲུབ་བྱུང་ཡོད་པ་མ་ཟད། ས་གནས་མང་ཚོགས་རྣམས་འཚོ་བ་གསར་པའི་ལོངས་སྤྱོད་ལ་རོལ་བཞིན་ཡོད་སྐོར་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་སྟབས། འདི་གའི་གསར་འགོད་པས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ཁམས་ནང་ཆེན་གྱི་གྲྭ་བསམ་གྲུབ་ལགས་སུ།  སྐྱེ་རྒུ་མདོའི་དངོས་ཡོད་གནས་སྟངས་སྐོར་བཅར་འདྲི་ཞུས་ཡོད།
   
དྲི་བ། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་ཁམས་སྐྱེ་རྒུ་མདོར་ས་ཡོམ་རྒྱག་སྐབས་ཀྱི་གནས་སྟངས་དངོས་གང་འདྲ་ཡིན་ནམ།
ལན། ས་ཡོམ་རྒྱག་སྐབས་ང་རང་ཡུལ་ཤུལ་རྫོང་འབུམ་ཆུང་དགོན་དུ་ཡོད། ང་ཚོ་དགོན་པའི་ཁང་པ་མང་ཆེ་བ་ཐོག་རྩེག་གཉིས་དང་གསུམ་ཅན་རེད། ཁང་པའི་སྤུས་ཀ་ཡག་པོ་མེད་སྟབས། ས་ཡོམ་རྒྱག་སྐབས་འདུ་ཁང་དང་གྲྭ་ཤག་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཏེ། གྲྭ་པ་ ༡ གྲོངས་པ་རེད། གྲྭ་པ་ ༦ ལ་རྨས་སྐྱོན་ཆེན་པོ་ཕོག་པ་རེད། མ་གཞི་ཉིན་དེ་ནི་དགོན་པའི་གསོ་སྦྱོང་ལ་འཁེལ་ཡོད་སྟབས། གྲྭ་བ་མང་ཆེ་བ་སྔ་མོ་ནས་ཡར་ལངས་འདུག ང་རང་གཉིད་ཉལ་བསྡད་ཡོད། ཁང་པའི་སྤུས་ཀར་བལྟས་ན་སྲོག་ཉེན་ལས་ཐར་ཐབས་མེད་ཀྱང་། བོད་པའི་ཁ་རྒྱུན་ལ་ལམ་འགྲོ་ཞེས་ལབ་སྲོལ་ཡོད་པ་ལྟར། ཞོགས་པ་དེར་ལམ་འགྲོ་རྒྱུགས་ཏེ་ང་ཚོ་ཕྱིར་ཐོན་ཐུབ་པ་རེད། ས་ཡོམ་བརྒྱབ་མཚམས་ང་ཕྱིར་ཐོན་པ་ཡིན། འཇིགས་སྣང་དེའི་འོག་ནས་ངའི་ས་ཡོམ་དེ་དགོན་པ་ཙམ་མིན་པར་ཡུལ་ཤུལ་ཡོངས་ལ་བརྒྱབ་ཡོད་པ་རེད་དྲན་སོང་། དེ་ནས་ནང་མིར་ཁ་པར་བཏང་སྐབས་འབྲེལ་གཏུག་བྱེད་ཐུབ་ཀྱི་མི་འདུག་པས། སེམས་ཁྲལ་སྔར་ལས་ཇེ་ཆེར་ཕྱིན་སོང་། ས་ཡོམ་བརྒྱབ་སྟེ་དུས་ཡུན་ཆུ་ཚོད་ཁ་ཤས་རིང་དགོན་པའི་ཉེ་འདབས་ཀྱི་གྲོང་སྡེ་ཁག་ལ་གྲག་འགུལ་ཅི་ཡང་མི་འདུག ང་ཚོའི་གྲས་སུའང་ངུ་མཁན་གཅིག་ཀྱང་མེད་པར་ཚང་མ་ཧང་སངས་ནས་བསྡད་འདུག དུས་ཡུན་གང་འཚམ་ཞིག་གི་རྗེས་སུ། མིའི་ངུ་སྐད་དང་འབོད་སྒྲ་སོགས་གོ་ཡོང་གི་འདུག་པས།  གཞི་ནས་གྲོང་སྡེ་དེར་ས་ཡོམ་བརྒྱབ་པ་ཤེས་རྟོགས་བྱུང་བ་རེད། གྲོང་སྡེ་དེ་ཚོར་ས་ཡོམ་རྒྱག་ཚད་ཡུལ་ཤུལ་ཁུལ་དང་གཅིག་མཚུངས་ཡིན་ཀྱང་། ཁོང་ཚོའི་ཁང་པར་གཏོར་བཤིག་ཐེབས་ཡོད་པ་ལས་མི་ལ་སྲོག་སྐྱོན་ཆེན་པོ་བྱུང་མི་འདུག ས་ཡོམ་བརྒྱབ་སྟེ་ཉིན་གསུམ་ཕྱིན་ཡོད་ནའང་། ས་གནས་དེར་རྒྱ་མིའི་རོགས་སྐྱོར་བྱེད་མཁན་གཅིག་ཀྱང་འབྱོར་མི་འདུག རྗེས་སུ་ས་གནས་མང་ཚོགས་ཀྱིས་བཤད་ན། ས་གནས་དེར་ཟླ་བ་གཅིག་རིང་ཉེན་རྟོག་པ་འབྱོར་མི་འདུག་ཟེར། ཕྱི་ཚེས་ ༡༤ ནས་ ༡༦ ཉིན་བར་ང་ཚོ་དགོན་པའི་གྲྭ་བ་ཚོ་ཁྲ་འགུ་སྡེ་བ་སོགས་གྲོང་སྡེ་འགར་ཕྱིན་སྟེ། ས་འོག་ཏུ་བཅུག་ཡོད་པའི་བེམ་པོ་ཕྱིར་བཏོན་པ་ཡིན། སྐབས་མཚམས་དེར། ཡུལ་ཤུལ་ཁུལ་ཐོག་ཏུ་ཡོད་པའི་ངའི་གཅེན་པོས་ཁ་པར་ཡོང་སྟེ། ང་ཚོའི་ནང་མི་བརྒྱད་ཡོད་པ་ཚང་མར་སྲོག་གི་ཉེན་ཁ་མི་འདུག་ལབ་བྱུང་། དེ་ནས་བློ་གཅིག་སེམས་གཅིག་གིས་མྱུར་སྐྱོབ་ལས་ཀར་ཞུགས་པ་ཡིན།

དྲི་བ། ཁྱེད་རང་སྐྱེ་རྒུ་མདོའི་མྱུར་སྐྱོབ་ལས་ཀར་ཞུགས་སྟངས་གང་འདྲ་ཡིན་མིན་དང་། སྐབས་དེའི་གནས་སྟངས་ཇི་འདྲ་ཡིན།
ལན། ཕྱི་ཚེས་ ༡༦ ཉིན་ང་ཚོ་དགོན་པའི་གྲྭ་བ་ ༨༠ ཙམ་གོམ་པ་བརྒྱབ་སྟེ། ཡུལ་ཤུལ་ཁུལ་ཐོག་ཏུ་སོང་བ་ཡིན། གྲོང་ཁྱེར་བཞི་མདོ་དང་སྲིད་གཞུང་། དམག་སྒར་བཅས་སུ་དམག་མི་འགའ་མཐོང་རྒྱུ་ཡོད་པ་ལས། གྲོང་ཁྱེར་མཐའ་མཚམས་ཁག་ཏུ་དམག་མི་མཐོང་རྒྱུ་མི་འདུག ས་གནས་སུ་འབྱོར་མཚམས་ཐོག་མར་སློབ་གྲྭ་ཁག་ཏུ་བསྐྱོད་དེ། ས་འོག་ཏུ་བཅུག་ཡོད་པའི་བེམ་པོ་ཕྱིར་འདོན་བྱས་པ་ཡིན། སྐབས་དེར། བོད་ཀྱི་གྲྭ་བ་ཚོ་སྔ་ས་ནས་འབྱོར་ཏེ། ས་བསྔོགས་ནས་བེམ་པོ་ཕྱིར་འདོན་བྱེད་ཀྱིན་འདུག ཉིན་ཤས་རྗེས་དམག་མི་རུ་ཁག་ཅིག་དེར་འབྱོར་སོང་། དམག་མི་དེ་ཚོས་ས་རྐོ་རྡོ་སློག་གི་ལས་ཀར་ཤུགས་རྒྱག་གི་མི་འདུག བོད་ཀྱི་གྲྭ་བ་ཚོས་ས་འོག་ནས་བེམ་པོ་གསར་དུ་རྙེད་སྐབས། དམག་མི་དེ་ཚོ་ལམ་སེང་རུབ་རུབ་བྱས་ཡོང་སྟེ། བེམ་པོ་གནམ་ལ་བཀྱགས་ཏེ་འཁྱེར་འགྲོ་གི་འདུག ཁོང་ཚོར་པར་རྒྱག་མཁན་དང་བརྙན་ལེན་མཁན་གྱི་རྒྱ་མི་མང་པོ་འདུག ཁོང་ཚོའི་བྱེད་སྟངས་དེར་བལྟས་ན། བརྙན་འཕྲིན་ནང་ཁྱབ་བསྒྲགས་བྱ་རྒྱུ་ཙམ་ལས་ལྷག་བསམ་རྣམ་དག་འདུག་བསམ་པ་ཞིག་མི་འདུག མྱུར་སྐྱོབ་ཁྲོད་དངོས་གནས་དཀའ་ལས་རྒྱག་མཁན་དགེ་འདུན་པ་དང་བོད་པ་ཚོ་རེད་འདུག

དྲི་བ། ས་ཡོམ་སྐབས་རོགས་སྐྱོར་དུ་འབྱོར་མཁན་ཐོག་མ་སུ་སུ་ཡིན་པ་དང་ཁོང་ཚོས་ལས་ཀ་གཙོ་བོ་ཅི་ཞིག་བསྒྲུབས་ཡོད།
ལན། མྱུར་སྐྱོབ་ལས་ཀའི་ནང་ཞུགས་མཁན་གཙོ་བོ་བོད་ཀྱི་དགེ་འདུན་པ་ཚོ་རེད། ཐོག་མར་འབྱོར་མཁན་གྲས་སུ་རྫ་སེར་ཤུལ་དགོན་པ་དང་གསེར་རྟ་བླ་རུང་སྒར། རྫོང་གསར་བཤད་གྲྭ  རྫོགས་ཆེན་དགོན་པ། རྔ་པ་ཀིརྟི་དགོན་པ་སོགས་མདོ་དབུས་ཁམས་གསུམ་ནས་ཕེབས་འདུག ས་ཡོམ་བརྒྱབ་པའི་ཉིན་གསུམ་པ་ནས་བོད་ཀྱི་ས་གནས་གང་ས་ནས་མར་དང་རྩམ་པ། བག་ལེབ་སོགས་འབྱོར་ཡོད་སྟབས། གནོད་ཐེབས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེན་པོ་བྱུང་སོང་། ཉིན་ལྔ་པ་ནས་རྒྱ་གཞུང་གིས་མང་ཚོགས་ཀྱིས་འཁྱེར་ཡོང་བའི་ཟ་མ་སྤྲད་ན་འགྲིག་གི་མ་རེད། དེའི་ཚབ་ཏུ་སྲིད་གཞུང་གིས་སྤྲད་པའི་སྟབས་བདེ་ཐུག་པ་དང་བསིལ་ཆུ་སོགས་སྤྲོད་རྒྱུ་ཡིན་ ཞེས་བཤད་སོང་། ཁོང་ཚོས་སྤྲོད་ཀྱི་ཡིན་ལབ་ཀྱང་ཉིན་ཤས་རིང་ཟ་མ་མ་སྤྲད་པའི་དབང་གིས། མང་ཚོགས་ལ་ཟ་མའི་དཀའ་ངལ་སོགས་འཕྲད་པ་རེད། ཉིན་དེ་ཚོར། ངའི་སེམས་ལ་བོད་མི་རིགས་རྡོག་རྩ་གཅིག་སྒྲིལ་ཡིན་པ་དེ། ཡུལ་ཤུལ་ལ་ས་ཡོམ་བརྒྱབ་པ་དེའི་ཐོག་གསལ་པོར་མཚོན་ཐུབ་ཀྱི་འདུག ལྷག་པར་དུ། མདོ་དབུས་ཁམས་གསུམ་གྱི་དགོན་གྲོང་གཉིས་ཀྱིས་གནོད་ཐེབས་ས་ཁུལ་ལ་སྒོར་མོ་དང་ཟ་མའི་རོགས་རམ་གནང་བ་དང་། འདས་པོར་བསྔོ་བ་སྨོན་ལམ་གང་རྒྱས་བྱས་པ་དེས། ང་ཚོར་སེམས་འགུལ་ཚད་མེད་ཅིག་ཐེབས་བཅུག་སོང་

དྲི་བ། ངལ་སེལ་རོགས་སྐྱོར་ཁྲོད་ཁྱེད་རང་ངོས་ནས་བེམ་པོ་ཅི་ཙམ་ཕྱིར་འདོན་བྱས་ཡོད་པ་དང་། བེམ་པོ་རྣམས་ཇི་ལྟར་ཞུགས་འབུལ་བྱས་པ་རེད། 
ལན། ང་ཚོས་བེམ་པོ་མང་པོ་ཞིག་ཕྱིར་འདོན་བྱེད་ཐུབ་ཡོད་ཀྱང་ས་འོག་ནས་ཕྱིར་འདོན་སྐབས་ཕལ་ཆེ་བ་གྲོངས་ཚར་འདུག  ཕྱི་ཚེས་ ༡༨ ཉིན་ང་ཚོ་ཁུལ་སློབ་འབྲིང་དུ་ཕྱིན་པ་ཡིན། སློབ་གྲྭ་དེར་སློབ་ཕྲུག་མང་པོ་ཞིག་ས་འོག་ལ་མནན་ཏེ་འདས་གྲོངས་སུ་ཕྱིན་འདུག དེའི་ནང་སློབ་ཕྲུག་གསུམ་ལ་རྨས་སྐྱོན་གང་ཡང་མ་ཕོག་མོད་བཀྲེས་ལྟོགས་ཀྱིས་མནར་ཏེ་གྲོངས་འདུག བེམ་པོ་ཕྱིར་འདོན་བྱས་རྗེས་བདག་པོ་ཡོད་ན་བདག་པོར་རྩིས་སྤྲོད་པ་དང་བདག་པོ་མེད་ན། བེམ་པོ་ཚང་མ་དུས་གཅིག་ཏུ་ས་དོང་བརྐོས་ཏེ་ནང་དུ་ལྡུག་གིན་འདུག བེམ་པོ་གང་རག་པ་རྣམས་བསྡུ་རུབ་བྱས་མཐར་མཉམ་དུ་མེར་བསྲེགས་བཏང་བ་རེད། བེམ་པོ་མར་བསྲེགས་གཏོང་སྐབས། དགེ་འདུན་པ་ཚོས་བསྔོ་བ་སྨོན་ལམ་གསུངས་པ་རེད། མང་ཚོགས་རྣམས་མཐའ་ན་ངུ་བཞིན་པ་མ་ཟད། ཁ་ཤས་ཀྱིས་ཡིད་བཞིན་ནོར་བུ་མཁྱེན་ཟེར་ནས་ངུ་འབོད་སོགས་བྱེད་ཀྱི་འདུག

དྲི་བ། ས་ཡོམ་བརྒྱབ་རྗེས་བོད་ནང་༧གོང་ས་མཆོག་གནོད་ཐེབས་ས་ཁུལ་དུ་ཕེབས་ཀྱི་རེད་ཟེར་བའི་གླེང་སློང་ཤུགས་ཆེར་བྱུང་བ་རེད། སྐབས་དེར། མང་ཚོགས་ཀྱིས་༧གོང་ས་མཆོག་བོད་དུ་ཕེབས་རྒྱུར་རེ་བ་ཅི་ཙམ་རྒྱག་གི་འདུག
ལན། ༧སྐྱབས་མགོན་རིན་པོ་ཆེ་མཆོག་བོད་མི་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་ཡུལ་བླ་མ་ཆགས་ཡོད་སྟབས། ཡུལ་ཤུལ་གནོད་ཐེབས་མང་ཚོགས་གཙོས་པའི་ཞིང་ཆེན་དང་ས་གནས་གཞན་ནས་ཡོང་བའི་རོགས་སྐྱོར་བྱེད་མཁན་ཚོས།  ༧སྐྱབས་མགོན་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་རེ་བ་ཆེན་པོ་བརྒྱབ་སོང་། ཁོང་བོད་དུ་ཕེབས་རྒྱུའི་ཆེད་ང་ཚོའི་ཕྱོགས་ནས་སྲིད་འཛིན་ཧུའུ་ཅིན་ཐོ་ལ་སྙན་ཞུ་ཕུལ་བ་ཡིན། ང་རང་ལ་ཆ་བཞག་ནའང་། སྐྱབས་མགོན་རིན་པོ་ཆེ་ཡུལ་ཤུལ་དུ་ཕེབས་རྒྱུར་རེ་བ་ཆེན་པོ་བརྒྱབ་པ་ཡིན། འོན་ཀྱང་། རྒྱ་ནག་གི་དཔོན་རིགས་ཚོ་ཡུལ་ཤུལ་ཁུལ་དུ་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་བ་དེས། རིན་པོ་ཆེ་བོད་དུ་ཕེབས་རྒྱུར་འགོག་རྐྱེན་འཕྲད་ཀྱི་རེད་སྙམ་པའི་དོགས་པ་ཞིག་སྐྱེས་སོང་ལ། ཉིན་དེ་ནས་བཟུང་རིན་པོ་ཆེ་མཆོག་ཕེབས་རྒྱུའི་རེ་བ་དེ་ཆུང་དུ་ཕྱིན་སོང་

དྲི་བ། གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བའི་ནང་ཁྱེད་ལ་དམིགས་བསལ་དཀའ་ངལ་དེ་འདྲ་འཕྲད་སོང་ངམ། 
ལན། འབུམ་ཆུང་དགོན་པར་ས་ཡོམ་བརྒྱབ་སྟེ་ཟས་གོས་ཚང་མ་ས་འོག་ཏུ་བཅུག་ཡོད་སྟབས། ང་ཚོ་ཁུལ་ཐོག་ཏུ་ཡོང་སྐབས་ཟ་མ་གང་ཡང་འཁྱེར་རྒྱུ་ཡོད་པ་མ་རེད། ཁུལ་ཐོག་ཏུ་ང་ལ་ཉིན་གཅིག་ལ་ཐུག་སྐམ་འགྱིག་ཐུམ་གཅིག་རེ་ལས་ཟ་རྒྱུ་རག་མ་སོང་། དེ་བཞིན། མྱུར་སྐྱོབ་བྱེད་མཁན་ཁ་ཤས་ལ་ཉིན་གསུམ་ལ་ཟ་མ་ཁམ་གང་ཡང་རག་ཡོད་ས་མ་རེད། སྐབས་དེར། མི་རེ་ཟུང་གིས་ང་ཚོར་ཟ་རྒྱུ་མེད་པར་འདི་ལྟར་སོང་ན། གཞན་ལ་རོགས་རམ་བྱ་རྒྱུ་ཕར་ཞོག ཐ་ན་རང་ཉིད་ཀྱང་བཀྲེས་ལྟོགས་ཀྱིས་མནར་ནས་ཤི་རྒྱུ་རེད་ཅེས་བཤད་མཁན་བྱུང་། སྐད་ཆ་དེ་ཚོ་བཤད་སྐབས་མྱུར་སྐྱོབ་བྱེད་མཁན་ཚོ་ཡང་སྙིང་རྗེ་ཡུལ་ཞིག་ཏུ་གྱུར་འདུག དེ་མིན། ང་ཚོར་སྡོད་གནས་ཀྱི་ཐོག་དཀའ་ངལ་ཆེན་པོ་འཕྲད་མ་སོང་། ང་ཚུད་པའི་འབུམ་ཆུང་དགོན་པའི་གྲྭ་བ་ཁག་ཅིག་དུས་ཡུན་ཟླ་བ་ ༣ ཙམ་རིང་། ཡུལ་ཤུལ་ཁུལ་དུ་བསྡད་དེ་གནོད་ཐེབས་མང་ཚོགས་ལ་རོགས་རམ་བྱས་པ་ཡིན། རྒྱ་གཞུང་གིས་ཁུལ་ཐོག་ནས་མིན་པའི་གྲྭ་བ་ཚོ་ཕྱིར་ལོག་དགོས་པ་རེད། མང་ཚོགས་ལ་རོགས་རམ་བྱེད་མཁན་སྲིད་གཞུང་ཡོད་པ་རེད། ཁྱོད་ཚོ་སྡོད་དགོས་དོན་ཡོད་པ་མ་རེད་ལབ་སྟེ་ཕྱིར་བཏང་བ་རེད། ས་གནས་གཞན་ནས་རོགས་རམ་དང་ཟ་མ་སྐྱེལ་ཡོང་མཁན་ཚོའང་ཡུལ་ཤུལ་དུ་ཡོང་མཚམས་བཀག་པ་རེད། མྱོར་སྐྱོབ་བྱེད་མཁན་ཚོ་སྡོད་མ་བཅུག་པར་ཕྱིར་ལོག་སྐབས་སེམས་གཏིང་ནས་བོད་མི་རིགས་རྡོག་རྩ་གཅིག་སྒྲིལ་ཡིན་པ་དང་། ལྷག་པར་དུ། ཐེངས་འདིར་དཀའ་ལས་རྒྱག་མཁན་ནི་བོད་ཀྱི་དགེ་འདུན་པ་ཡིན་པས། ཁོང་ཚོ་བཀའ་དྲིན་ཆེན་པོ་རེད་སྙམ་པའི་ཚོར་བ་ཤུགས་ཆེར་སྐྱེས་བྱུང་

དྲི་བ། མི་ལོ་གཉིས་ཀྱི་རྗེས་སུ་ཡུལ་ཤུལ་གྱི་འཛུགས་བསྐྲུན་དང་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་གང་འདྲ་ཡིན་ནམ།
ལན། ས་ཡོམ་བརྒྱབ་རྗེས་ཀྱི་མང་ཚོགས་ཀྱི་ཟས་གོས་གནས་སྟངས་ཐོག་རྒྱ་གཞུང་གིས་འགྲོ་སོང་སྒོར་གཅིག་ཀྱང་བཏང་ཡོད་པ་མ་རེད། དེ་ནི་ངས་མ་བཤད་ནའང་རྒྱལ་སྤྱིའི་ཐོག་གསལ་པོར་ཤེས་ཀྱི་རེད། སྲིད་བློན་ཝུན་ཅ་པོ་ཡུལ་ཤུལ་དུ་འབྱོར་ཏེ། ང་ཚོ་ཡོད་སར་གཏམ་བཤད་སྤེལ་དུ་ཡོང་སྐབས། ཁོང་གིས་གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲད་དེ། མ་འོངས་པའི་ཡུལ་ཤུལ་སྔར་ལས་འཛུགས་བསྐྲུན་བྱ་རྒྱུ་ཡིན་ཚུལ་དང་། ཁྱེད་ཚོའི་དཀའ་ངལ་ནི་ང་ཚོའི་དཀའ་ངལ་ཡིན། ཁྱེད་ཚོའི་སེམས་ཁྲལ་ནི་ང་ཚོའི་སེམས་ཁྲལ་ཡིན་ཞེས་བཤད་སོང་། སྐབས་དེར། ས་ཡོམ་གོད་ཆག་ནང་དྭ་ཕྲུག་ཏུ་གྱུར་མཁན་ཚོར་བོད་ཀྱི་བླ་མ་དགེ་བཤེས་དང་བོད་རིགས་ཚོང་པ་ཁག་གིས་བདག་པོ་རྒྱག་རྩིས་བྱས་ཡོད་ཀྱང་། རྒྱ་གཞུང་གིས་དེ་ལྟར་བྱས་ན་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་ཡོད་པ་རེད་ལབ་སྟེ་བཀག་འགོག་བྱས་པ་རེད། ཁོང་ཚོས་དྭ་ཕྲུག་ཚོར་དབུས་གཞུང་གིས་ལྟ་རྟོག་བྱས་ཏེ། རྒྱལ་ནང་དུ་སློབ་སྦྱོང་ལ་གཏོང་རྒྱུ་ཡིན་ཞེས་བརྗོད་དེ་རྒྱལ་ནང་དུ་བཏང་བ་རེད། ཡིན་ནའང་། སྐབས་དེར། ང་ལ་ཕྲུ་གུ་ཚོ་ཕ་ཡུལ་དང་ཁ་བྲལ་ཏེ་རང་གི་སྐད་ཡིག་དང་རིག་གཞུང་སྦྱང་མ་ཐུབ་ན། མ་འོངས་པར་དཀའ་ངལ་འཕྲད་ཀྱི་རེད་སྙམ་པའི་སེམས་ཁྲལ་ཞིག་བྱུང་སོང་། སློབ་མ་ཁ་ཤས་རྒྱལ་ནང་ནས་ཕྱིར་ཕ་ཡུལ་དུ་གུང་གསེང་ལ་ཡོང་སྐབས། ཁོང་ཚོར་སེམས་སྐྱོ་བའི་སྐད་ཆ་འདྲ་མིན་བཤད་ཀྱི་འདུག་ལ། ཁག་ཅིག་གིས་བཤད་ན། རྒྱ་རིགས་དགེ་རྒན་ཚོས་སློབ་ཕྲུག་ཚོར་ཏཱ་ལའི་བླ་མ་ཡག་པོ་མེད་ཚུལ་དང་ཁོང་ཡག་པོ་ཡོད་ན་ཁྱེད་ཚོར་བལྟ་རུ་མི་ཡོང་དོན་ཅི་ཡིན་སྐོར་གྱི་བསླབ་བྱ་རྫུན་མ་སོགས་བརྒྱབ་ཡོད་ས་རེད། 
དྲི་བ། ད་ལྟ་སྐྱེ་རྒུ་མདོའི་བོད་རིགས་མང་ཚོགས་ལ་སྡོད་ཁང་རག་ཐུབ་ཀྱི་ཡོད་དམ།
ལན། མང་ཚོགས་ཀྱི་ཁང་པའི་གནས་སྟངས་ལ་ཆ་བཞག་ན། དཔེར་ན། མི་ཚང་ཞིག་ལ་དང་ཐོག་རྒྱ་སྒོར་ཁྲི་བརྒྱ་ཙམ་གྱི་མ་གནས་ཡོད་པའི་ས་ཆ་ཡོད་ན། ད་ལྟ་ཕྱིར་སྒོར་མོ་ཁྲི་གཅིག་གི་མ་གནས་ཀྱང་རག་གི་ཡོད་པ་མ་རེད། ད་ཆར་རྒྱ་གཞུང་གིས་ཡུལ་ཤུལ་ཁུལ་གྱི་གྲོང་མཐའ་རུ། མི་ཚང་ལྔ་བཅུ་ཙམ་མཉམ་དུ་བསྡད་ཆོག་པའི་ཁང་པ་གསར་རྒྱག་བྱེད་ཀྱིན་འདུག ཁང་པ་དེར་ཕྱི་ལོགས་སུ་བལྟས་ན་གསང་སྤྱོད་ཀྱི་བཟོ་འདྲ་བོ་འདུག ནང་དུ་འཛུལ་ན་ཁྱིམ་ཚང་གི་བཟོ་ལྟ་གང་ཡང་མི་འདུག གྲྭ་བ་གྲྭ་རྐྱང་ཞིག་ཡིན་ན་ཁང་པ་དེ་ཡི་འགྲིག་སྲིད་ཀྱང་། མི་ཚང་ཞིག་གི་ངོས་ནས་བཤད་ན། ཁང་པ་དེར་ཉལ་ཁྲི་གཉིས་ལས་ཤོང་ཐུབ་ཡོད་པ་མ་རེད། ང་ཚོས་ཁང་པ་དེ་མཐོང་ཡོང་ན་ངོ་མ་སེམས་སྐྱོ་བ་ཞིག་རེད། ས་ཆ་ཡག་སར་རྒྱ་གཞུང་གིས་གཞུང་ལམ་རྒྱག་པ་དང་ལས་ཁུངས་སོགས་བརྒྱབ་ཡོང་དུས། བོད་རིགས་མང་ཚོགས་ལ་རང་རང་གི་ས་ཆའི་རིན་གོང་དེའང་རག་གི་ཡོད་པ་མ་རེད། ཅེས་བརྗོད་བྱུང་