Thursday 14 April 2011

མུན་ནག་གི་ཉིན་མོ། ལྡན་མ། ཐུབ་བསྟན་དངོས་གྲུབ། འབྲས་བློ་གླིང་།

རབ་དཀར་ལྷག་བསམ་དྭངས་མི་ཆུ་ཤེལ་གྱི་ཕོར་པ།།
བྱམས་བརྩེ་མཛའ་བའི་འོ་ཇས་ཆད་མེད་དུ་བཀང་ཞིང་།།
བདེ་སྐྱིད་ཚོར་བའི་བར་ན་བག་ཡངས་སུ་གནས་པ།།
འཐོར་ཞིག་བདུད་མོས་བཅོམ་པའི་མུན་ནག་གི་ཉིན་མོ།།

སྐབས་གསུམ་ཡངས་པའི་གྲོང་གི་མཛེས་རྒྱན་གྱི་ཁང་བཟང་།།
དབང་མེད་སྐྱེངས་པ་སྟེར་བའི་ཁྱིམ་གཞིས་ཀྱི་ཁོར་ཡུག།
གནའ་དེང་སྒྱུ་རྩལ་འབར་བའི་མཛེས་སྡུག་གི་གསོན་ཉམས།།
འཐོར་ཞིག་བདུད་མོས་བཅོམ་པའི་མུན་ནག་གི་ཉིན་མོ།།

སླུ་བྲིད་གནས་ལུགས་བྲལ་བའི་རྣམ་དཀར་གྱི་དགེ་བར།།
སྔོན་གོམ་བག་ཆགས་བཟང་པོས་འཛུགས་བསྐྲུན་དུ་སྨིན་པའི།།
དལ་བརྒྱད་འབྱོར་བཅུ་ཚང་བའི་བརྟེན་བཟང་གི་བཀོད་པ།།
འཐོར་ཞིག་བདུད་མོས་བཅོམ་པའི་མུན་ནག་གི་ཉིན་མོ།།

མེས་པོས་ཤུལ་བཞགས་བྱས་པའི་གངས་ཅན་པའི་ཁྱད་ནོར།།
གཅེས་སྤྲས་སྟོང་གི་བསུ་མཁན་འཚོ་གནས་ཀྱི་གཞི་མ།།
གནས་ལྔ་རིག་པའི་མ་ཡུམ་སློབ་གླིང་གི་དགའ་ཚལ།།
འཐོར་ཞིག་བདུད་མོས་བཅོམ་པའི་མུན་ནག་གི་ཉིན་མོ།།

འཐོར་ཞིག་བདུད་མོས་བཅོམ་པའི་མུན་ནག་གི་ཉིན་མོ།།
བྱུང་ནས་ལོ་གཅིག་འཁོར་བའི་མུན་ནག་གི་ཉིན་མོར།།
དེ་རིང་དུས་དྲན་བྱེད་པའི་མུན་ནག་གི་ཉིནམོ།།
ལེགས་བྲིས་དཔལ་ལ་འབྱོར་ཡང་མུན་ནག་གི་ཉིན་རེད།།

སྒ་སྐྱེ་རྒུ་མདོ་རུ་ས་ཡུམ་གྱིས་གོད་ཆག་བྱུང་ནས་ལོ་གཅིག་འཁོར་བའི་དུས་དྲན་ཉིན་གང་བྱུང་དུ་བྲིས་པའོ།།

No comments:

Post a Comment