Tuesday 12 April 2011

གས་ཆག་བར་གྱི་ཚེ་སྲོག ལྡན་མ། བློ་བཟང་ཚུལ་ཁྲིམས། འབྲས་བློ་གླིང་།




གསེར་དངུལ་ཟངས་རག་རྟ་ནོར་ལུག་སོགས་རིན་ཆེན་དུ་མའི་གཏེར་གྱིས་ཕྱུག།
ཡན་ལག་བརྒྱད་ལྡན་དལ་གྱིས་འབབ་པའི་གཙང་པོ་གསུམ་གྱི་འབྱུང་ཁུངས་དེ།།
གྲོང་དང་གྲོང་ཁྱེར་འདུ་འཛོམས་ཆེ་བའི་མདོ་ཆེན་གསུམ་གྱི་ཡ་གྱལ་ཏེ།།
མ་བཅོས་ཁོར་ཡུག་ལྷུན་གྱིས་གྲུབ་པའི་མདོ་སྟོད་དགའ་བའི་གླིང་ཞེས་གྲགས།།

ལས་ངན་དྲག་པོའི་རྐྱེན་ངན་སྟོབས་ཀྱིས་ཡངས་པའི་ས་ཆེན་དགྲ་རུ་ལངས།།
ཤིན་ཏུ་ཁྲོས་པའི་གཡོ་འགུལ་གཅིག་གིས་གནམ་སའི་འཇིག་རྟེན་བླ་འོག་བསྒྱུར།།
བདེ་སྐྱིད་ངོ་མཚར་ཕུན་སུམ་ཚོགས་པའི་ལྷ་ཡུལ་ལྟ་བུའི་འཇིག་རྟེན་འདི།།
འཇིགས་སྐྲག་སྡུག་བསྔལ་བརྒྱ་ཡིས་མནར་བའི་བཟོད་མེད་གཤིན་རྗེའི་གྲོང་ཁྱེར་བསྒྱུར།།

བརྩེགས་པའི་མཁར་རྫོང་ཕྲེང་ལྟར་སྒྲིག་ཀྱང་མགོ་སྟེང་ལོག་ནས་ས་ལ་བསྙིལ།།
ཤིན་ཏུ་བཅེས་པའི་ལུས་ངག་ཡིད་གསུམ་ས་གཞི་ལྕི་མོའི་འོག་ཏུ་གླེབ།།
བདག་ཏུ་བཟུང་བའི་སྒོ་ཁྱི་སྒོ་ཟོག་བདག་མེད་གྱུར་ནས་ཕྱོགས་བཞིར་འཁྱམས།།
ཡུན་རིང་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཐལ་རྡུལ་ཁྲོད་ནས་རླུང་གིས་ཁྱེར།།

སྐད་ཡིག་རིག་གཞུང་ལ་རྒྱ་གཅིག་པའི་གདོང་དམར་བོད་ཀྱི་ཚེ་སྲོག་ཤོར།།
ཆོས་དང་འཇིག་རྟེན་ལྟ་གྲུབ་མཐུན་པའི་རྩམ་གཟན་སྤུན་ཟླར་རྨས་སྐྱོན་ཕོག།
ཤ་ཁྲག་རུས་གསུམ་གཅིག་ལས་མཆེད་པའི་གངས་རིའི་བུ་ཚ་དྭ་ཕྲུག་གྱུར།།
ཕ་མེས་གཅིག་པའི་བཙན་པོའི་གདུང་རྒྱུད་སྡུག་གིས་མ་མནར་ཤེས་ལྡན་སུ།།


གཅེས་པའི་བླ་ཚེ་སྲོག་ལ་རྒོལ་བའི་འཇིགས་རུང་སྲིན་པོ་བྲེད་ཤ་ཐོན།།
སྲིད་ན་དྲེགས་པའི་ང་རོ་སྒྲོགས་པའི་ལྷ་ཀླུ་བཞི་བདག་སྙིང་འཁྲེགས་གས།།
མི་གཙང་ཤ་ཁྲག་ཟས་ལ་ཆགས་པའི་བྱ་ཁྱི་གཅན་སྤྱང་ཡི་ག་ལོག།
མཐོང་ཐོས་དྲན་པའི་འཛམ་གླིང་མི་རྣམས་རང་དབང་མེད་པར་མིག་ཆུ་ཤོར།།


ས་ཆུ་མེ་རླུང་གཅིག་ལ་གཅིག་རྟེན་གོ་ལ་ཧྲིལ་པོའི་འཇིག་རྟེན་འདི།།
སྐབས་རེ་འཇིགས་རུང་དགྲ་རུ་གྱུར་ནས་སྲིད་པ་གསུམ་གྱི་ཚེ་སྲོག་འཕྲོག།
སྐབས་རེ་མཛའ་བའི་གཉེན་དུ་གྱུར་ནས་ཀུན་ཀྱང་འཚོ་བའི་རྟེན་དུ་གྱུར།།
སྐྱེ་འཆི་མི་རྟག་ཕྲེང་ལྟར་བསྒྲིགས་པ་ལྡོག་མེད་ལས་ཀྱི་འཕང་འབྲས་ཤིག།


ལུགས་འབྱུང་ལུགས་ལྡོག་རྟེན་འབྲེལ་ཕྲ་མོའི་འབྱུང་བཞི་ཁམས་ཀྱི་ཆགས་འཇིག་ཁྲོད།།
སྐབས་རེ་དགའ་བའི་གླུ་དབྱངས་ལེན་བཞིན་ཁྱོད་ཀྱི་པང་ན་བྲོ་གར་འཁྲབ།།
སྐབས་རེ་སྡུག་པའི་ངུ་སྒྲ་སྒྲོག་བཞིན་ཁྱོད་ཀྱི་པང་ན་མྱ་ངན་བྱེད།།
མ་ངེས་སྐྱིད་སྡུག་ལས་ཀྱིས་མནར་བའི་ཟང་ཟིང་འཁོར་བའི་རང་མཚང་ཞིག།


སྲོག་དབུགས་འགག་པའི་ཤ་རུས་ཕུང་པོས་ཡངས་པའི་ཐང་ཆེན་ཁེངས་པར་གྱུར།།
ལུས་སེམས་བྲལ་བའི་རྣམ་ཤེས་འཁྱམ་པོས་བར་དོའི་འཁྲང་རིང་དོག་པོར་བྱས།།
བེམ་རོ་སྲེག་པའི་བསྐལ་པའི་མེ་ཡིས་དུད་ཞགས་ནག་པོས་ནམ་མཁའ་བསྒྲིབས།།
ཕ་མ་བུ་ཚ་བཟའ་ཟླ་འཐོར་བའི་ཤུལ་ལུས་ཁེར་རྐྱང་དྲན་པ་འཐོར།།


འབྱུང་བཞི་ཕྲ་རགས་རིམ་གྱིས་བསྡུས་ནས་འཇིག་རྟེན་ཆགས་འཇིག་ཆོས་ཉིད་ཡིན།།
ས་ཆུ་མེ་རླུང་ཅིག་ཅར་འཁྲུགས་ནས་འཇིག་རྟེན་བརླགས་པས་བློ་ཕམ་ཞིག།
སྐྱེ་རྒ་ན་འཆི་རིམ་གྱིས་འབྱུང་ནས་སྐྱེ་འཇིག་འགྲོ་བ་དངོས་པོའི་གཤིས།།
རྒས་བྱིས་དར་གཞོན་དབྱེ་བ་མེད་པར་ཅིག་ཅར་འཆི་བས་བློ་ཕམ་ཞིག།


དུས་ཀྱི་རྒུད་པས་ས་སྙིང་གས་ནས་ཚེ་སྲོག་ཤོར་བའི་ཁྲི་མ་འབུམ།།
གནོད་གཅོད་བར་དོའི་འཇིགས་སྐྲག་ཞི་ནས་དག་པའི་ཞིང་དེར་བགྲོད་པ་དང་།།
ཤུལ་ལུས་ཉམས་ཐག་ནད་ལས་གྲོལ་ནས་གཏན་བདེའི་དཔལ་ལ་མྱུར་རེག་པའི།།
བརྩེ་བའི་གཏེར་ཆེན་གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོས་སྐྱོངས་པར་མཛོད།། །།


No comments:

Post a Comment