Monday 18 April 2011

ཡུལ་ཤུལ་བུད་སོང་ཟེར། ངས་འདི་ལྟར་བཤད་བཞག་ཡོད། སྒོ་ཡོན།







—བོད་ཁམས་ཀྱི་ས་ཡོམ༤·༡༤དོན་རྐྱེན་བྱུང་ནས་ལོ་འཁོར་གཅིག་ལོན་པར་དྲན་གསོ་བྱེད་པ།
 
 སློབ་ཁྲིད་གྲོལ་ནས་ཁྱིམ་དུ་འབྱོར་མ་ཐགགྲོགས་པོའི་ཁ་པར་ལས་འཕྲིན་ཐུང་ཞིག་བཏང་འདུག་ལ། འཕྲིན་གྱི་ནང་དོན“ཡུལ་ཤུལ་བུད་སོང་བ་རེད། ཁྱེད་ཀྱིས་ཅི་བྱེད་ཀྱིན་ཡོད”ཅེས་པ་དེ་ཙམ་རེད། དངོས་གནས་སྤུན་ཟླ་ཡུལ་ཤུལ་བ་དག་འདས་ནས་ལོ་ཡི་འཁོར་ལོ་གཅིག་ཙམ་འདས་ཟིན་ཞིང༌། ཁོང་ཚོའི་ཚེ་ལུས་ཀྱི་འཕེན་པ་གཞན་དུ་རྫོགས་ནས་དུས་ཚོད་ངེས་ཅན་ཞིག་སོང་ཚར་བ་རེད།
དཀོན་མཆོག་ཞུ་བའི་བདག་གི་ལམ་སྟོན་པ་དེས་བཤད་ན། ཁྱོད་ཅག་མ་སོང་བའི་སྔ་རོལ་ནས་མི་གང་མང་གིས་ཁྱོད་ཚོ་འགྲོ་དགོས་པ་ཀུན་ནས་ཀྱང་ཤེས་ཡོད་ཁར། ཁྱོད་ཚོ་འགྲོ་གྲབས་ཀྱི་སྐོར་ལ་གྲ་སྒྲིག་དང་ལམ་ཆས་ཀྱང་བསྒྲིགས་མྱོང་བ་རེད་ཟེར། དེ་ནི་མིག་ཟུང་ནང་ལ་འཁོར་བའི་ཁྱོད་རྣམས་ཀྱིས་ཁྱོན་ནས་ཤེས་མེད་སྲིད་ལ། ཁྱོད་ཚོས་ཤེས་ཐུབ་པ་ཞིག་ཀྱང་ག་ལ་ཡིན་ནམ།
སྐྱེ་བ་ཡོད་ཆོག་ན་འཆི་བ་ནི་སུ་ལ་ཡང་ཡོད་ཆོག་པས་མི་ཚད། མི་ཚེའི་བདེན་པ་དང་བདེན་པའི་གནད་དོན་རྟོགས་པའི་རིགས་ཀྱིས་འཆི་བ་ནི་གསང་བའི་བདེ་སྐྱིད་ཅིག་ཏུ་ངོས་འཛིན་ཡང་ཆོག་པར་གདའ་མོད། འཆི་རྐྱེན་མཐའ་ལ་ལྷུང་ཞིང་འཆི་ལམ་གཡོན་ལ་ཕྱོགས་པའི་སྡེ་ནི་བདེ་བའི་ཁྲོད་ཀྱི་མི་བདེ་བ་དང་སྐྱོ་བའི་གནས་ཀྱི་སྡུག་འོས་པའི་ཁུངས་སུ་གཏོགས་པའི་དབང་གིས། བདག་གི་སྤུན་ཟླ་ཡུལ་ཤུལ་བ་འདས་ལུགས་ལ་ཕྱིར་བལྟས་པ་ཡིན་ན་སྐྱོ་འོས་ལ་སྡུག་དགོས་པ། དྲན་ཐུབ་ལ་བརྗེད་མི་ཐུབ་པའི་གྲས་དེ་རེད།
དཀོན་མཆོག་ལགས་ཀྱིས་གསུངས་པར་ལྟར་ན། ཁྱོད་ཚོ་ཕྱིན་པ་དེས་སྲིད་གཞུང་ག་གེ་མོ་དང་སྡེ་ཁག་ཆེ་གེ་མོར་སྲིད་ཞུ་བླ་མེད་ཅིག་ཞུས་སོང་བ་དང༌། ཁྱོད་རྣམས་ཀྱིས་གནའ་སྔ་མོའི་དུས་ནས་བསོག་བསོག་པ་དང་བསྡུས་བསྡུས་པའི་ཕ་ས་ཕ་ཡུལ་གྱི་ཕྱི་ནང་གཉིས་ཀ དུས་དེ་རིང་སྡེ་སྲིད་སུ་ཞིག་གི་ཕྱག་ཏུ་གྱུར་པ་དང་ཞབས་ཞུར་སོང་འདུག་པས་མི་ཚད། ཁྱོད་ཅག་གི་སང་ཉིན་ལ་བཅོལ་བའི་བྱིས་པ་སྙིང་རྗེ་བོ་དེ་དག་ཀྱང་རང་གི་ཕ་ངོ་ཕ་ས་དང་ཀ་ཁོག་མ་ཁོག་ཤེས་སུ་མི་བཏུབ་པའི་གནས་མུན་གང་ཞིག་ཏུ་བརྫངས་སོང་སྐད།
ཁྱོད་རྣམས་གཤེགས་པའི་ཉིན་དེར་འུར་གྱིས་མི་བདེ་བ་བཟོས་པ་བཞིན་དུ། ཁྱོད་རྣམས་སོང་ཤུལ་གྱི་དེ་རིང་ཡང་འཇམ་གྱིས་མི་བདེ་བ་བཟོ་ཀིན་ཡོད་ལ།སྲིད་ཀྱི་རླུང་ཆེན་དྲག་པོ་ལྡང་བ་དང་དངུལ་གྱི་རིག་གནས་ལྷོག་ལྷོག་གདུ་བའི་སྟོབས་ཀྱིས། ཁ་བ་འབབ་མཚམས་ཆད་ཅིང་མེ་ཏོག་ཀད་མཚམས་བཞག་ལུགས་འདིས། ཁྱོད་ཅག་ལ་མྱ་ངན་མཚར་བོ་ཞིག་ཞུ་རྒྱུ་མི་བརྗེད་པའི་རྒྱུ་མཚན་དེའང་དོན་གྱིས་རྙེད་པར་གྱུར།
དཀོན་མཆོག་ལགས་ཀྱིས་བསྟན་དོན། ཁྱོད་ཚོ་གློ་བུར་དུ་སོང་ཞིང་གློ་བུར་དུ་སོང་ཟིན་པའི་བརྡ་བསྒྲགས་པ་དེས། རང་ཅག་གི་སྐྱེས་བུ་དམར་བོ་དུ་མ་དང་ཁྱིམ་ཁག་གཞན་གྱི་ཚོགས་སྒེར་མང་བོ། དེ་བཞིན་མིང་ཆེན་པོ་དང་དོན་འཇིགས་པོ་འཁུར་བའི་འཇིག་རྟེན་གྱི་བསམ་དཀར་བསམ་གནག་མི་ཉུང་བར་གོ་སྐབས་ཤིག་བྱིན་ཡོད་ཚོད་འདུག་ལ། ཁོ་པ་དག་གིས་རང་རང་གི་སྣང་བརྙན་མཛེས་པར་བྱེད་པ་དང་སྙན་པར་བྱེད་པ། ཁྱབ་པར་བྱེད་པའི་གོ་སྐབས་བཟང་བོ་ཐོགས་ནས་ཁྱོད་ཚོའི་དུར་ས་ནས་མིག་ཆུ་ཕུད་ཅིང་ངུ་སྒྲ་ཙག་ཙིག་རེ་འབྱིན་ཡོད་པར་གདའ། 
དེ་ཡི་རྐྱེན་གྱིས་ཁོ་པ་ཚོས་ཁྱོད་རྣམ་པར་འདས་མཆོད་བྱེད་པ་དང་མཉམ་དུ། ཁོ་པ་རང་ཉིད་ལ་ཡང་དངུལ་གྱིས་བཀང་ཞིང་མཚན་གྱིས་བརྒྱན་པ། རླབས་ཀྱིས་ཕྱུག་པ་བཅས་མཛད་བཞག་པ་རེད་ལ།དཔོན་ས་མཐོ་བ་དང་བླ་ས་བརྟན་པ། ཚོགས་བརྙན་ཡག་པའི་འཁྲབ་སྟོན་རེ་རེ་བྱེད་ཀྱིན་ཡོད་པ་རེད།
དེ་བཞིན་དུ་སྲིད་ཀྱི་གདོང་ལ་ཞི་བའི་པགས་བགོས་པ་དང་ཆོས་ཀྱི་གཟུགས་ལ་བྱམས་པའི་ཞྭ་བསྐོན་པ། ཚོང་གི་ཇུས་ལ་དངུལ་གྱི་ཁེ་བསྡུས་པའི་ལམ་ལུགས་མིག་གིས་མི་མཐོང་བ་དག་བྱས་ཏེ། ཁྱོད་ཚོའི་དྲིན་གྱིས་ང་ཚོའི་ཕྱི་ནང་གི་མི་དགོད་སྤྱད་དེ་རྣམས་འགྲོ་མིའི་མིག་ངོགས་སུ་དཀར་ཀྱི་ལེར་བསྟན་སོང་ལ། འཛམ་གླིང་གི་གདན་ཐོག་ཏུ་འོད་ཀྲིག་ཀྲིག་གིས་ལོས་ཡིན་འདོད་པ་ཞིག་ཏུ་བརྫུས་ཐུབ་སོང་བར་འདུག
དཀོན་མཆོག་གི་འདོད་པར་གཞིག་ན། ཁྱོད་ཚོས་ཨུ་ཚུགས་ཀྱིས་བསྲུངས་ནས་བསྡད་པའི་ཕ་ཡུལ་གྱི་ཕྱི་ནང་གསང་གསུམ་ད་ལྟ་ཀུན་ནས་ཀྱང་བསྒྱུར་ཞིང་འགྱུར་ནས་འདུག་སྟེ། དྲིན་ཆེན་དུ་འུར་བའི་སྡེ་གཞུང་གང་གིས་རི་བོ་འདར་བར་བྱ་བའི་མེ་འཁོར་གྱི་གཞུང་ལམ་དང་ནམ་མཁའ་རྙོག་པར་བྱེད་པའི་བཟོ་གྲྭ་སྣ་ཚོགས་པ་གསར་འཛུགས་བྱེད་རྩིས་འདུག་ཁར། གནམ་དྭངས་མོའི་འོག་ཏུ་མགོ་འཛུལ་མ་མྱོང་བའི་མགྲོན་པོ་གསར་བ་ཤིན་ཏུ་མང་བོ་ཡང་ཁྱོད་ཚོ་གཤེགས་ཤུལ་གྱི་གཞིས་སུ་འབྱོར་ནས། སླར་ཡང་རྣམ་པ་དང་ངོ་བོ་མི་གཅིག་པའི་གཞིས་ཀ་གསར་བ་ཞིག་གཟུང་དང་བཟུང་གིན་འདུག
མིའི་ཁམས་དང་གཤིས་ལ་རྒྱུས་འདྲེས་ཡོད་པ་ཞིག་དང་མིའི་ཡུལ་དང་ཆོས་ཉིད་ལ་གསལ་ཆ་མངའ་བ་ཞིག་ཡིན་ཚེ། རྒྱུ་རྐྱེན་མི་མཚུངས་པས་སྐྱེ་འོང་ཞིང་འཆི་རྐྱེན་འདྲ་མིན་གྱིས་འཆི་དགོས་པ་ནི་ཆེས་རྒྱུན་ལྡན་དང་འགྲོ་མིའི་ཡུལ་གྱི་ཁྱད་ཆོས་ཤིག་ཏུ་འདོད་རིགས་མོད། མ་སྐྱེ་བའི་སྔོན་གྱི་བསམ་གཞིག་གནག་པོའི་སྐོར་དང་འཆི་བའི་ཤུལ་གྱི་ངོ་ལྤགས་ཚ་བའི་གཏམ་རྒྱུད་ཁག་བྱུང་དང་འབྱུང་བ་ནི། ལྟོས་ཀྱིས་བཞག་པའི་གནས་ལུགས་ཀྱི་ངོས་ནས་སེམས་ལ་འགྲོ་བ་ཞིག་ཁྱོན་དང་གཏན་ནས་མིན་པས་ན། ཁྱོད་ཚོ་དྲན་པ་ནི་ཁྱོད་ཚོའི་རྗེས་དྲན་པ་རང་རེད་པས། ཁོ་བོ་སྒེར་གྱི་ལྟ་ལུགས་ལ་ཁྱོད་ཚོ་དྲན་པའི་ཞར་ནས་ང་ཚོ་གླེང་དགོས་ལ། ང་ཚོ་ཡོད་པའི་སྐབས་སུ་ཁོ་ཚོ་རེ་རེའི་ངོ་གདོང་གསལ་ཐག་གིས་མཐོང་བྱུང་བ་དེ་རེད།
གང་ལྟར། མཇུག་མཐར་དཀོན་མཆོག་གིས་གང་ཡང་ལབ་མ་བྱུང་ནའང༌། ཡུལ་ཤུལ་བུད་སོང༌། ཡུལ་ཤུལ་མིན་པ་དག་གིས་ཡུལ་ཤུལ་གྱི་ཤུལ་དུ་ལོ་གསར་ཞིག་ལ་རོལ་གྱིན་འདུག །
 བོད་གསེར་ཡོས(1011/03/05)ལོའི་ལོ་གསར་གྱི་ཚེས་གཅིག་ཉིན་སྤུན་ཟླ་ཡུལ་ཤུལ་བ་རྣམས་འདས་ནས་ལོ་ངོ་གཅིག་འཁོར་བར་དྲན་ཐོ་རུ་བྲིས།

No comments:

Post a Comment