Friday 29 April 2011

ཡུལ་ཤུལ། སྐྱི་གཡའ་བའི་འཇིག་པ་ལས་སད་རན། གཡུ་མཚོ།

 
སྐྱོ་བ་དང་སྡུག་བསྔལ་ཁྲོད་ནས་ང་ཚོ་དལ་གྱིས་ཡོང་ནས་དེ་རིང་བར་དུ་ལོ་ངོ་གཅིག་འགོར་སོང་།   ཕ་མ་མིང་སྲིང་དེ་ཚོ་ཕྱི་མའི་ཡུལ་དུ་སོང་ནས་ལོ་ངོ་གཅིག་འགོར་སོང་། ཕ་གཞིས་དྲོད་མོ་དེ་ཐལ་རྡུལ་དུ་གྱུར་ནས་ལོ་ངོ་གཅིག་འགོར་སོང་། ལོ་ངོ་གཅིག་གི་རིང་ང་ཚོས་འདས་པོའི་ཆེད་དུ་མིག་ཆུ་བཏང་ཡོད། སྡུག་བསྔལ་མྱོང་ཡོད། སྐྱབས་འཇུག་ཞུ་ཡོད། ལོ་ངོ་གཅིག་གི་རིང་། ང་ཚོས་གསོན་པོ་རུ་ཡོད་པའི་སྤུན་ཟླ་རྣམས་ལ་སེམས་གསོ་བྱེད་ཡོད། སྨོན་ལམ་འདེབས་ཡོད། འདི་ལྟར་ལོ་ངོ་གཅིག་འགོར་སོང་། ཞག་མ་དྲུག་བརྒྱ་སུམ་ཅུ་འགོར་སོང་།   རེད་ལགས་སྤུན་ཟླ་ཚོ། ད་ནི་སྐྱི་གཡའ་བའི་འཇིག་པ་ལས་སད་རན།
ད་ནི་ང་ཚོ་སྐྱོ་བ་དང་སྡུག་བསྔལ་ཁྲོད་ནས་ཡར་ལངས་རན་པའི་དུས་ལ་སླེབས་འདུག ད་ནི་མིག་ཆུ་ཕྱིས་ནས་མདུན་དུ་སྐྱོད་དགོས་པའི་དུས་ལ་སླེབས་འདུག སེམས་ཀྱི་རྨ་ཁ་ཅི་འདྲ་ན་རུང་། ཁོག་ན་སྡུག་བསྔལ་ཅི་འདྲ་ཡོད་རུང་། མདུན་དུ་དཀང་ངལ་ཅི་འདྲ་མང་རུང་། ད་ནི་ང་ཡིས་མི་ནུས་ང་ཡིས་མི་འཇོན་ཟེར་མི་ཆོག སྤུན་ཟླ་ཚོ་མདུན་དུ་སྐྱོད། ང་རང་ཚོ་ནི་ནང་པ་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་པའི་མི་རིགས་ཤིག་རེད། དེས་ན་ང་ཚོས་རང་ནི་རང་གི་མགོན་ཡིན་ཤེས་པ་གྱིས་ཟེར་བའི་བདེན་དོན་དེ་སེམས་ལ་དམ་པོ་བཟུང་ནས།    རང་གི་སྟོབས་དང་ལྡན་པའི་རྐང་པ་ལ་བསྟེན་ནས་ཡར་ལངས་ཤོག རང་གི་ལག་ཟུང་ལ་བསྟེན་ན་ངལ་རྩོལ་བྱེད་ཤོག རང་གི་རལ་གྲི་ལྟར་ནོར་བའི་རིག་པ་ལ་བརྟེན་ནས་སྔར་ལས་མཛེས་པའི་ཁྱིམ་གཞིས་དྲོད་མོ་ཞིག་སྐྲུན་ཤོག  རེད་ལགས་སྤུན་ཟླ་ཚོ། ད་ནི་སྐྱི་གཡང་བའི་འཇིག་པ་ལས་སད་རན།
རྨ་རྫ་འབྲུ་གསུམ་གྱི་འབྱུང་ས།  དུས་རབས་ཉེར་གཅིག་པ་ལ་ང་ཚོ་ཕྱུག་པོ་ཡིན། ཆུ་གསུམ་གྱི་སྨད་རྒྱུད་དུ་གནས་པའི་མི་རྣམས་ཆུ་འདི་གསུམ་ལ་བརྟེན་ནས་ཕྱུག་པོ་གྱུར་ཆོག་ན། རྨ་རྫ་འབྲུ་གསུམ་གྱི་འབྱུང་ས་ལ་གནས་པའི་ཡུལ་ཤུལ་ཅི་ཕྱིར་ཕྱུག་པོ་འགྱུར་མི་ཆོག འདི་ནི་ཁྱེད་ཚོའི་དགོས་འདོད་ནོར་བུ་རེད། སྤུན་ཟླ་རྣམ་པ། ནོར་བུ་རང་ལ་ཡོད་དུས། ནོར་བུས་ནོར་ཉམས་མ་ཆོད། ། ནོར་བུ་གཞན་ལ་ཤོར་དུས། ། འགྱོད་པ་གཏིང་ནས་ཤོར་སོང་ཟེར་བའི་ཚིག་འདི་སེམས་ལ་དམ་པོ་བཟུང་ནས། རྨ་རྫ་འབྲུ་གསུམ་གྱི་འབྱུང་ཁུངས་དེ་རང་གི་སྲོག་བཞིན་དུ་རྩིས་དང་། འདི་ནི་ཡུལ་ཤུལ་གྱི་མ་འོངས་པའི་རེ་བ་རེད། རེད་ལགས་སྤུན་ཟླ་ཚོ།  
ཁ་སང་གི་ན་ཟུག་དེ་བརྗེད་དཀའ་རྒྱུ་རེད། ཁ་སང་གི་སྐྱོ་བ་འདི་བརྗེད་དཀའ་རྒྱུ་རེད། ཡིན་ཡང་། འདི་ནི་རང་བྱུང་གི་འཇིག་པ་རེད། བཟློག་ཏུ་མེད་པའི་རང་བྱུང་གི་འཇིག་པ་རེད། སྙིང་རྗེ་མེད་པའི་རང་བྱུང་གི་འཇིག་པ་རེད།   དེ་རིང་ད་དུང་ཡང་ང་ཚོ་ལ་ན་ཟུག་འདུག ང་ཚོ་ལ་སྐྱོ་བ་ཡོད། ང་ཚོ་སྐྱི་གཡའ་གིན་འདུག ང་ཚོ་ལ་སྐྱབས་དགོས། ང་ཚོ་ལ་མགོན་དགོས་ཟེར་ནས་འདུག་ཁོམ་མེད། ད་ནི་ལམ་ལ་ཆས། ང་ཚོ་མཉམ་དུ་ལམ་ལ་ཆས། ལག་བརྡང་མཉམ་དུ་སྦྲེལ་ནས་མདུན་དུ་སྐྱོད།   མཛེས་སྡུག་ལྡན་པའི་གཞིས་ཁྱིམ་ཞིག་གི་ཆེད་དུ་ད་ནི་ལམ་ལ་ཆས་རན་འདུག   སྐྱོ་བ་དང་སྡུག་བསྔལ། ན་ཟུག་སོགས་རིང་དུ་དོར་ནས། ཡིད་ཆེས་ཀྱི་འོད་སྣང་དང་མཉམ་དུ་སྤོབས་པ་ཆེན་པོ་ངང་མདུན་དུ་སྐྱོད་ཤོག སྤུན་ཟླ་ཚོ།   ད་ནི་སྐྱི་གཡའ་བའི་འཇིག་པ་ལས་སད་རན། 

No comments:

Post a Comment