Sunday 26 June 2011

ན་ནིང་གི་ཡུལ་ཤུལ། ཕུན་བདེ། གསེར་རྟ།

 
                                              ---4.14དུས་སུ་དྲན་པ།
དེ་ནི་རྫུན་སྐྱལ་ཞིག་རེད དེ་ཚུལ་འཆོས་ཅན་ཞིག་རེད
མ་གཞི་དེ་ནི་ཁྱིམ་མཚེས་ཚང་གི་ཆེན་པོ་དག་རེད
 
དེ་ནི་གདོང་འབག་ཅིག་སྟེ   ཞི་ཚུལ་གྱི་གདོང་འབག་ཅིག་རེད
དེ་ནི་ཁ་གཡང་ཞིག་སྟེ   གསར་བསྐྲུན་བྱེད་རབས་ཀྱི་ཁ་གཡང་ཞིག་རེད
 
དོན་ངོ་མར་ན་ནིང་གི་ཁྱེད་ཚོའི་ཤུལ་ན་ལྷག་པའི་ཡུལ་བ་དེ་དག
ད་དུང་སྐྱ་ཆད་སྔོ་སྡུག་གིས་འཚོ་ཡོད་པ་ཨེ་ཤེས
 
ཡང་ཕྱོགས་གཞན་ཞིག་སྟེ
ཆེས་འཇིགས་ཡེར་བ་ནི་ལམ་གྲོ་བོར་བའི་དཀའ་སྡུག་དེ་མ་ཡིན་པར
རེ་བའི་ས་བོན་དགྲ་ལག་ཏུ་ཤོར་བ་དེ་རེད
 
ཡུལ་ཤུལ་དང་ངའི་ནང་མྱི་སྤུན་ཟླ
ང་ནི་ཁྱེད་ཀྱི་ལྟག་རྒྱབ་ན་བཅོས་མིན་གྱི་མིག་ཆུ་འདོན་མཁན་ཙམ་ཡིན་པ་ལས
གང་འདོད་དངོས་གྲུབ་སྩོལ་བའི་ལྷ་ཆེན་དེ་མིན་པ་ལོས་རྟོགས
                                                        2011.4.14ཉིན་གྱི་ཞོགས་པར།

Saturday 25 June 2011

སི་ཁྲོན་མི་རིགས་སློབ་གླིང་ནས་ཡུལ་ཤུལ་ལ་ས་ཡོམ་བྱུང་ནས་ལོ་གཅིག་འགོར་བར་རྗེས་དྲན་བྱས་ཡོད་པ།
 
                  
                            
  དགེན་ལྕགས་རྒྱལ་འབུམ་གྱིས་གཏམ་བཤད་གནང་བཞིན་པ།
     ཁ་སང་སྟེ་ཟླ༤བའི་ཚེས༡༤ཉིན་གྱི་དགུང་མོའི་ཆུ་ཚོད་བདུན་པའི་སྟེང་སི་ཁྲོན་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་སྡེ་ཁག་གི་སློབ་གྲོགས་ཀུན་པོ་ཀུན་སློང་གཙང་མའི་སྒོ་ནས་རང་འགུལ་གྱིས་བྱ་འགུལ་ལྟེ་གནས་སུ་འདུས་ཏེ། ཁམས་སྐྱེ་དགུའི་༧﹒༡ཅན་གྱི་ས་འགུལ་བྱུང་ནས་ལོ་འཁོར་གཅིག་ལོན་པར་རྗེས་དྲན་ཞུས་ཤིང་། དགེན་ལྕགས་རྒྱལ་འབུམ་སོགས་ཀྱང་ཐེངས་འདིའི་རྗེས་དྲན་ཚོགས་འདུར་ཞུགས་ཏེ“ས་ཡོམ་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་རྗེས་དྲན་དང་ཕྱིན་ཆད་ང་རང་ཚོའི་མགོ་ཐོག་ཏུ་འདི་འདྲའི་གོད་ཆག་མི་འབྱུང་བའི་ཆེད་དུ་ཕྱོགས་གང་དག་ལ་མཉམ་འཇོག་བྱ་དགོས་པའི་སྐོར”ནས་གཏམ་བཤད་གནང་བ་དང་། སློབ་གྲོགས་རེ་འགས་ཀྱང་དུས་དྲན་སྐོར་གྱི་སྙན་ངག་གྱེར་འདོན་བྱས། མ་ཟད། དགེ་སློབ་ཀུན་པོས་རང་རིགས་ཀྱི་གོམས་སྲོལ་ལྟར་མ་ཎི་ཡིག་དྲུག་དང་སྒྲོལ་མ་སོགས་བཏོན་ཏེ་རང་ཉིད་ཀྱི་ལྷག་བསམ་མཚོན་པར་བྱས་ཡོད།
                 

                             དགེ་སློབ་ཀུན་པོས་ཞལ་འདོན་བྱེད་ཀྱིན་པ།

ནུབ་བྱང་ཚང་ནས་ཡུལ་ཤུལ་ལ་ས་ཡོམ་བྱུང་ནས་ལོ་འཁོར་གཅིག་འགོར་བར་རྗེས་དྲན་བྱས་ཡོད་པ།

                     
   
བཞི་གཅིག་བཞི་ནི་བོད་ཀྱི་ཡུལ་ཤུལ་ས་ཁུལ་ཏུ་ས་ཡོམ་༧་༡་ཅན་གྱི་ས་འགུལ་བྱུང་སྟེ་ལོ་འཁོར་གཅིག་འགོར་བའི་ཉིན་མོ་ཡིན་སྟབས།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བརྒྱུད་མཐུད་སློབ་གླིང་ནས་སློབ་མ་བརྒྱ་ལྷག་སློབ་གྲྭའི་ལུས་རྩལ་ར་བར་འདུས་ཏེ།མཚན་མོ་དུས་ཚོད་བཅུ་ནས་དུས་ཚོད་གཅིག་ལྷག་བར་དུ་ལ་སྒྲོན་བསྒྲོན་ནས་མ་ཎི་བཏོན་ཏེ་རྗེས་དྲན་གྱི་མྱ་ངན་ཞུས་ཡོད།
                  

བླ་སྒུལ་སེམས་གཡོ། ༼རྗེས་དྲན་ཆེད་བསྒྲིགས།༽ ༀ་འབར།

 
                  —4.14ཉིན་གྱི་ཁམས་སྐྱེ་རྒུའི་ས་ཡོམ་དང་དེའི་འཕྲོས་དོན།
                

དང་བོ། གཡས་ལྟ་གཡོན་ལྟ།

༡ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་དང་ཁྱབ་སྒྲོགཀ སྤྱི་ལོ2010ལོའི་སྤྱི་ཟླ4བའི་ཚེས14ཉིན་གྱི་ནང་མོའི་ཆུ་ཚོད07:49སྟེང་ཁམས་སྐྱེ་རྒུ་ཁུལ་སྐྱེ་རྒུ་གྲོང་རྡལ་ལ་ཚད་རིམ7.1ཅན་གྱི་ས་ཡོམ་བྱུང་བའི་གསར་འགྱུར་བསྒྲགས།
ཁ། འབྲེལ་ཡོད་དཔུང་རོགས་དམག་མི་ལྕགས་བྱ་བརྒྱུད་ནས་གནོད་ཐེབས་ས་ཁུལ་ལ་བཏང་དང་གཏོང་བཞིན་པའི་གསར་འགྱུར་བསྒྲགས།
ག གཞུང་མངགས་དཔུང་རོགས་དམག་མི་གནོད་ཐེབས་ས་ཁུལ་དུ་ཐོན་ནས་དངོས་ཡོད་ཀྱི་གོད་ཆག་པར་ལེན་དང་རོགས་རེས་བྱེད་པ་བརྙན་ལེན་གྱིས་གསར་འགྱུར་དུ་བསྒྲགས།
ང་། གནོད་ཐེབས་ས་ཁུལ་གྱི་མི་སེར་དག་ལ་གཞུང་ཕྱོགས་ནས་ཉེན་ཡོལ་འདུག་གནས་དང་ལྟོ་གོས་ཉལ་གསུམ་དང་སྦྲ་གུར་ཕུབ་ནས་བཀོད་སྒྲིག་བྱས་དང་བྱེད་ཀྱིན་པའི་གསར་འགྱུར་བསྒྲགས།
ཅ། རྒྱ་གཞུང་གི་སྤྱི་ཁྱབ་ཙུང་ལི་དང་སྤྱི་ཁྱབ་ཀྲུའུ་ཞི་གཉིས་ཉིན་སྔ་རྗེས་སུ་གནོད་ཐེབས་ས་ཁུལ་ལ་ཐོན་ནས་ས་གནས་མི་དམངས་དང་རོགས་རམ་པ་དག་ལ་ཁ་ཏ་བྱེད་བཞིན་པ་གསར་འགྱུར་བསྒྲགས།
ཆ། གནོད་ཐེབས་ཁུལ་གྱི་རྨས་མའི་ཡང་ལྕི་ལྟར་ཐམས་ཅད་ལྕགས་བྱ་བརྒྱུད་ནས་ཐག་ཉེའི་གྲོང་ཁྱེར་སོ་སོའི་སྨན་ཁང་ལ་བསྐྱལ་བཞིན་པའི་གསར་འགྱུར་བསྒྲགས།
ཇ། གཞུང་མངགས་རོགས་དམག་ལ་རྫ་དུག་ཕོག་ཚུལ་དང་ཟས་ཆག་གཉིད་བརྗེད་དང་རང་སྲོག་བློས་གཏོང་གིས་འབད་པ་བྱེད་ཚུལ་ཁྱབ་སྒྲོག་བར་མེད་དུ་བྱེད།
ཉ། བོད་རྒྱ་གཉིས་ཀའི་གཞས་པ་གཞས་མ་སྐོར་ཞིག་གིས་ཚོགས་པ་དང་ཚོགས་པ་བྱས་ནས་གནོད་ཐེབས་མི་དམངས་ལ་སེམས་གསོ་བྱེད་པའི་གཞས་སྣ་གཏོང་བཞིན་པ་ཁྱབ་སྒྲོག་བྱས།
ཏ། རྒྱ་མི་གཞུང་སྒེར་གཉིས་ཀྱིས་གནོད་ཐེབས་ས་ཁུལ་ལ་དངུལ་སྒོར་དང་བཟའ་བཅའ་དང་མཁོ་དངོས་ཀྱིས་རོགས་སྐྱོར་བྱས་དང་བྱེད་བཞིན་པའི་ཐོ་གྲངས་ཁྱབ་སྒྲོག་བྱས།
ཐ། འཛམ་གླིང་གི་རྒྱལ་ཁབ་ཁག་ཅིག་གི་དཔོན་པོས་སེམས་གསོ་འཚམས་འདྲི་གནང་བའི་སྐད་བསྐུར་བྱས་པ་དག་དམིགས་བསལ་གྱིས་དྲིལ་སྒྲོག་བྱེད།
ད། གནོད་ཐེབས་ཀྱི་ཉིན་བདུན་པར་རྒྱ་ནག་སྲིད་གཞུང་ནས་རྒྱལ་ཁབ་ཀྱི་ལས་ཁུངས་དང་སློབ་གྲྭ་སོགས་ནས་ཚེ་འདས་རྐྱེན་ལམ་དུ་ཤོར་བ་ལ་གཞི་རྒྱ་ཆེན་པོས་མྱ་ངན་ཞུ།

༢མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགྱུར་དང་འཕྲལ་སྒྲུབ་ཀྱི་ཆེད་སྒྲིག།ཀ ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་དང་ཁྱབ་སྒྲོག་དག་དེ་འཕྲལ་དུ་ཡིག་བསྒྱུར་དང་སྐད་བསྒྱུར་བྱས་ནས་ཕ་སྐད་མ་ཡིག་གི་ལམ་ནས་བོད་འབངས་མི་སེར་གྱི་མིག་ལམ་དུ་བསྟར།
ཁ། གནོད་ཐེབས་ས་ཁུལ་གྱི་ས་ཡོམ་དང་འབྲེལ་ནས་ས་འགུལ་སྐོར་གྱི་རྒྱུན་ཤེས་དང་ས་འགུལ་བྱུང་དུས་ཀྱི་མཉམ་འཇོག་དང་ས་འགུལ་བྱུང་ན་ཇི་ལྟར་བྱེད་དགོས་མིན་དང་མ་བྱུང་གོང་གི་སྣང་ཚུལ་ལ་བརྟག་ཐབས་སོགས་ཀྱི་ཤེས་བྱའི་རྣམ་གཞག་གསལ་བར་སྟོན་པའི་ཆེད་སྒྲིག་ལེ་ཚན་བསྒྲུབས།
ག མཁས་དབང་གདན་འདྲེན་གྱིས་གནོད་ཐེབས་མི་སེར་ལ་ཡིད་ཆེས་ཀྱི་སེམས་གསོ་དང་བོད་ཁམས་ཀྱི་སེར་སྐྱ་མང་ཚོགས་ལ་དཔུང་བ་མཉམ་གཤིབ་ཀྱི་རོགས་རམ་སྐུལ་སློང་གི་གལ་ཆེན་རང་བཞིན་གླེང་སྟེ་བོད་འབངས་ལ་སྐྱིད་སྡུག་མཉམ་མྱོང་གི་གོ་བསྐོན་སློབ་གསོ་སྤེལ་དང་སྤེལ་བཞིན་འདུག
ང་། བརྙན་འཕྲིན་ཁང་གི་མི་སྣ་སོ་སོས་རྒྱུན་བསྒྲུབས་ལེ་ཚན་གྱི་གོ་སྐབས་གཡར་ནས་སྐབས་བབ་གནོད་འཚེ་སྐོར་གྱི་ནང་དོན་དག་རང་རང་གི་ལེ་ཚན་དུ་བཅུག་སྟེ་ཟ་ཟུར་གང་རུང་ནས་མིི་སེམས་གཡོ་བའི་བརྙན་གཟུགས་ཀྱི་རླབས་ཕྲེང་རྒྱུན་མ་ཆད་པར་གཡོས་དང་གཡོ་བཞིན་འདུག
ཅ། གྲོང་ཁྱེར་ཟི་ལིང་དུ་ཡོད་པའི་བོད་ཀྱི་སློབ་ཆེན་སོ་སོའི་བོད་རིག་སློབ་གླིང་དང་བོད་འབྲེལ་སྨན་ཁང་དང་ལས་ཁུངས་དག་གིས་མ་སྐུལ་དང་བླངས་ཀྱིས་གནོད་ཐེབས་ས་ཁུལ་ལ་རོགས་དངུལ་གྱི་དཀར་ཐིགས་སྦྱིན་པའི་བརྙན་རིས་མང་པོ་མཐོང་རྒྱུ་འདུག
ཆ། བརྙན་འཕྲིན་ཁང་གི་ཤུགས་རྐྱེན་གྱི་འོག་ཏུ་བོད་ཁམས་ཀྱི་མི་སེར་དག་གིས་མ་བསྐུལ་དང་བླངས་ཀྱིས་རང་འཁོས་དང་འཚམ་པའི་སྒོ་ནས་དངུལ་སྒོར་དང་དངོས་ཟོང་དང་བཟའ་བཅའ་སོགས་དངོས་བསྐུར་དང་དངོས་སྐྱེལ་གང་རུང་བྱེད་པའི་དང་བླངས་རྒྱུན་ཆད་ཀྱིན་མི་འདུག
ཇ། མཚོ་སྔོན་བརྙན་འཕྲིན་ཁང་ནས་བོད་འབངས་མི་སེར་གྱི་རོགས་དངུལ་དང་རོགས་དངོས་པ་དག་ལ་རྒྱུས་ལོན་དང་ལམ་སྟོན་དང་རོགས་རམ་ཅི་མཁོ་བྱས་ཏེ་ས་ཕྱོགས་གང་སར་གོམ་པའི་འདེགས་འཇོག་བར་མེད་དུ་བསྒྱུར་བཞིན་འདུག

༣དྲ་ལམ་ཁག་གི་མཐོང་སྣེ།ཀ བོད་ཀྱི་ཤེས་ཡོན་པ་དག་གིས་བོད་འབངས་མི་སེར་ལ་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་བྱེད་པར་དངུལ་སྒོར་ལས་བཟའ་བཏུང་གོས་གསུམ་བཟང་ཚུལ་གྱི་ཉེན་བརྡ་དང་དོགས་ཟོན་སྐོར་གྱི་བརྡ་སྦྱོར་སྤེལ་འདུག
ཁ། གཞུང་འབྲེལ་འཕྲིན་ལམ་དུ་མཐོང་རྒྱུ་མེད་པའི་གནོད་ཐེབས་ས་ཁུལ་གྱི་སྐྱོ་ཞིང་སྡུག་ལ་སྐྱི་གཡའ་བར་བྱེད་པའི་འདྲ་པར་དང་བརྙན་གཟུགས་རྣམ་པ་སྣ་ཚོགས་བཀག་འགོག་གི་སོ་མཚམས་མེད་པར་ཆུ་མིག་ལྟར་བརྡོལ་དང་བརྡོལ་བཞིན་འདུག
ག གཞུང་འབྲེལ་འཕྲིན་ལམ་ན་མཐོང་དུ་དཀོན་པའི་བརྡིབས་མནན་ཐེབས་པའི་རྨས་མ་མྱུར་སྐྱོབ་དང་བེམ་པོ་དོ་དམ་དང་བསྔོ་བ་སྨོན་འཇུག་སོགས་ཀྱི་ལས་དོན་ལ་བོད་འབངས་གྲྭ་སེར་ཚོགས་ཀྱིས་རང་སྲོག་བློས་གཏོང་གིས་ཞུགས་དང་འཇུག་གྱིན་པའི་སྣང་བརྙན་གསོན་པོ་མང་བོ་རྙེད་རྒྱུ་འདུག
ང་། བོད་པའི་གཞིས་བྱེས་ན་གཞོན་དཔུང་ཚོགས་ཀྱིས་སྐྱོ་གདུང་གི་མྱ་ངན་དང་བརྩེ་སེམས་ཀྱི་གདུང་བ་མཚོན་པའི་སྙན་རྩོམ་མང་པོ་ཅི་རིགས་སུ་སྤེལ་དང་སྤེལ་བཞིན་འདུག
ཅ། གནོད་ཐེབས་བོད་འབངས་གཙོ་བའི་བོད་ཁམས་ཀྱི་དགོན་སྡེ་ཐམས་ཅད་དང་གྲོང་སྡེ་མཐའ་དག་དང་སློབ་ཆེན་དང་སློབ་གྲྭ་དང་ལས་ཁུངས་སོགས་གཞུང་སྒེར་ཚང་མས་རྣམ་པ་སོ་སོ་ནས་འདས་བོ་ལ་བསྔོ་བ་སྨོན་འཇུག་དང་རྨས་མ་ལ་བགེགས་སེལ་གྱི་ཆོ་ག་བར་མེད་དུ་སྤེལ་དང་སྤེལ་བཞིན་པའི་སྣང་བརྙན་གསོན་པོ་མང་པོ་འདུག
ཆ། གྲོང་ཁྱེར་ན་ཡོད་པའི་བོད་ཀྱི་སློབ་ཆེན་པ་སོ་སོས་རང་ནུས་དང་འཚམ་པའི་ནད་པ་ལ་ནད་གཡོག་དང་སྐབས་བབ་གནད་དོན་གཙོ་བོ་སྟེ་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མི་འབྱུང་ཆེད་ལོ་ཙྰ་སོགས་ཀྱི་ལས་ཀ་གཉེར་བཞིན་དང་གཉེར་ངེས་ཀྱི་རོགས་དན་དམ་བཅའ་མང་པོ་འདུག
ཇ། གཞུང་བསྒྲུབས་མ་ཡིན་པའི་སྒེར་བསྒྲུབས་ཀྱི་སྐབས་འཕྲལ་ཚོགས་པའམ་དང་བླངས་པ་གང་མང་ཞིག་གནོད་ཐེབས་ས་ཁུལ་དངོས་ལ་བསྐྱོད་གྲབས་ཡོད་ཚུལ་དང་ཡང་ན་བསྐྱོད་བཞིན་པའི་གནས་ཚུལ་མང་པོ་མཐོང་རྒྱུ་འདུག


གཉིས་པ། གཡས་ཉན་གཡོན་ཉན།
༡དམངས་ཁྲོད་ཀྱི་འཁྱར་གཏམ།ཀ ཁམས་སྐྱེ་རྒུ་ས་ཁུལ་ལ་ས་འགུལ་བྱུང་རྐྱེན་ནི་བོད་པ་ཚོས་བོད་རང་གི་འབྲོག་ཁྱི་ལ་བོ་མང་པོ་བཙོངས་བའི་རྣམ་སྨིན་འཁོར་བར་བཤད།
ཁ། རྒྱ་ནག་སྲིད་གཞུང་གིས་ཁམས་སྐྱེ་རྒུ་སོགས་བོད་ཁམས་ཀྱི་ས་ཆ་མང་པོ་ནས་རང་བྱུང་གཏེར་ཁ་སྔོག་འདོན་བྱས་པས་ལན་ཟེར།
ག ས་ཡོམ་བྱུང་རྗེས་ཐོག་མར་གནོད་ཐེབས་ས་ཁུལ་ལ་རོགས་རམ་དུ་ཐོན་མཁན་ནི་ཡུལ་དེ་དང་དེའི་ཉེ་འབྲེལ་གྱི་བོད་འབངས་དག་ཡིན་པ་དང་ལྷག་ཏུ་སེར་མོ་བ་དག་ཡིན་པར་དམངས་ཁྲོད་ནས་མ་ཎི་འདོན་འདོན་བྱེད་མོད། འོན་ཀྱང་ཀྲུང་དབྱང་གི་བརྙན་འཕྲིན་གསར་ལམ་ཁག་དུ་བརྙན་རིས་སྟོན་རྒྱུ་ལྟ་ཞོག་གསལ་བཤད་ཀྱི་ཡི་གེ་ཙམ་ཡང་མེད་པས་བརྙན་འཕྲིན་གསར་ལམ་ཁག་གིས་དངོས་རྫུན་བརྗེ་བཞིན་ཡོད་པ་མ་ཟད་དྲང་མོར་བཤད་ཀྱིན་མེད་ཚུལ་གྱི་སྐོར་རྒྱུན་དུ་ཐོས་རྒྱུ་འདུག
ང་། རྒྱ་མི་དཔུང་རོགས་ཀྱིས་གནོད་ཐེབས་ཁུལ་གྱི་ལྟེ་བ་ལས་དེའི་ཉེ་འབྲེལ་གྱི་ས་ཆ་གཞན་དག་ལ་ཁ་ཡ་མ་བྱས་པ་དང་རོགས་དངོས་མ་སྦྱིན་པས་ཡུལ་གཞན་གྱི་གནོད་ཐེབས་མི་སེར་ལ་ཉིན་གསུམ་བཞི་བར་དུ་ཁ་ལ་བཟའ་རྒྱུ་མ་རག་པར་བཤད།
ཅ། རྒྱ་མི་དཔུང་རོགས་ཚོས་གནོད་ཐེབས་ཁུལ་གྱི་བོད་ཁྱི་བདག་མེད་དག་དང་དཀོན་ནོར་མང་པོ་ལྐོག་ཉར་དང་རྐུ་འཕྲོག་གིས་དངོས་སྐྱེལ་རླངས་འཁོར་ལ་བཅུག་ནས་ཕྱིར་འདྲུད་ཀྱིན་ཡོད་པར་བཤད།
ཆ། བོད་འབངས་གྲྭ་སེར་དག་གིས་དཀའ་སྡུག་ལ་མ་འཛེམ་པར་ཁང་བརྡིབས་བྱུང་ས་ནས་གྱང་ཆག་ཕྱིར་སློག་གིས་མི་གསོན་པོ་ཞིག་རྙེད་པ་བྱུང་ན་དེར་འདུས་གཞུང་མངགས་དཔུང་རོགས་ཀྱིས་མྱུར་དུ་གྲྭ་བ་དག་ཕྱིར་བདའ་སྟེ་ཁོ་ཚོས་བཏོན་ཚུལ་གྱིས་བརྙན་ལེན་པར་བརྒྱག་བྱེད་པ་རེད་ཟེར།
ཇ། ད་ཐེངས་གནོད་ཐེབས་ས་ཁུལ་ལ་རོགས་དངུལ་དང་རོགས་དངོས་འཁྱེར་ན་ངེས་པར་དུ་མང་ཚོགས་རང་ཉིད་ཀྱི་འཐུས་ཚབ་མི་སྣས་དངོས་སུ་ས་ཁུལ་དེ་ལ་འཁྱེར་བ་ལས་གཞུང་ལག་གཞུང་བརྒྱུད་བྱེད་མི་ཉན་པ་དང་གལ་ཏེ་གཞུང་ལག་ཏུ་སྤྲད་ན་གཅིག་ནས་དུས་ཡུན་རིང་ཙམ་འགོར་བ་དང་གཉིས་སུ་ཇི་མ་ཇི་བཞིན་དུ་གནོད་ཐེབས་ས་ཁུལ་གྱི་མི་སེར་ལ་འཕྲོད་མིན་ཡང་མི་ཤེས་ཟེར་ནས་རང་ངོས་ནས་དངོས་སྐྱེལ་གྱི་བརྩོན་ལེན་བྱེད་དགོས་པའི་སྐད་ཆ་ལབ་ཀྱིན་འདུག

༢དྲ་ལམ་གྱི་འཁྱར་གཏམ།ཀ རྒྱ་ནག་སྲིད་གཞུང་ནས་རེབ་འདིའི་ཁམས་སྐྱེ་རྒུའི་ས་ཡོམ་གྱི་ཚད་རིམ་ནི7.1ཡིན་པར་ཁྱབ་སྒྲོག་བྱེད་ཀྱིན་ཡོད་མོད། འོན་ཀྱང་དྲ་ལམ་ཁག་ཏུ་ཉི་ཧོང་གི་ཆེད་མཁས་པའི་བརྟག་འབྲས་ལྟར་ན་ས་ཡོམ་གྱི་ཚད་རིམ་ནི6.9ཡིན་པར་གྲགས་བཞིན་འདུག
ཁ། རྒྱ་ནག་སྲིད་གཞུང་གི་མགྲིན་ཚབ་ཡིན་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསལ་བསྒྲགས་ལྟར་ན་རེབ་འདིའི་ས་ཡོམ་ལས་མི་འབོར་སྟོང་ཕྲག་གཉིས་ལྷག་རྐྱེན་ལམ་དུ་ཤོར་བ་དང་ཆིག་ཁྲི་ལྷག་ལ་རྨས་ཕོག་ཡོད་པར་བཤད་མོད། འོན་ཀྱང་དྲ་ལམ་ཁག་ཅིག་ཏུ་གསལ་བ་ལྟར་ན་རྐྱེན་ལམ་དུ་ཤོར་བའི་མི་འབོར་རྐྱང་ཙམ་ལ་ཡང་ཆིག་ཁྲི་ཡོད་པར་གྲགས།
ག རྒྱ་ནག་སྲིད་གཞུང་གི་སྤྱི་ཁྱབ་ཀྲུའུ་ཞི་གནོད་ཐེབས་ས་ཁུལ་ལ་ཡོང་བའི་ཉིན་དེར་རླངས་འཁོར་གྱི་རྒྱུ་འགྲུལ་བྱེད་དུ་མ་བཅུག་པར་ལམ་འགྲམ་དུ་སྡོད་དུ་བཅུག་པས་རྨས་ལྕི་མོ་འཕོག་ཡོད་པའི་ནད་པ་འགའི་ཁྲག་བཞུར་ཚད་མང་དྲགས་པསརྐྱེན་ལམ་དུ་ཤོར་བ་དང་མུག་སྐྱོབ་ལ་དལ་འགོར་བྱས་ཚུལ་གྱི་སྐད་ཆ་ཞིག་ཀྱང་ཁྱབ་བཞིན་འདུག
ང་། གནོད་ཐེབས་ས་ཁུལ་གྱི་གནས་སྐབས་ཀྱི་ཁང་རྡིབ་གྱང་རོ་དང་ལྟོ་གོས་ཉལ་འདུག་ཐག་གཅོད་མ་བྱས་གོང་རྒྱ་ནག་སྲིད་གཞུང་ནས་ཁང་པ་གསར་བརྒྱག་གི་འཆར་བཀོད་འཐེན་བཞིན་ཡོད་པའི་དཔའ་གཏམ་འཛམ་གླིང་མི་དམངས་ལ་སྒྲོག་བཞིན་ཡོད་པར་བཤད་འདུག
ཅ། གནོད་ཐེབས་ས་ཁུལ་དུ་ཡོང་བའི་གཞུང་མངགས་དཔུང་དམག་དེ་དག་གིས་གནོད་ཐེབས་ཁུལ་གྱི་མི་སེར་སྐྱོབ་པ་ཕར་ཞོག་ཕྱིར་རང་ཉིད་ལ་རྫ་དུག་འཕོག་ནས་དབུགས་གཏོང་ལེན་ཡང་བྱེད་དཀའ་བར་གྱུར་བས་རྨས་མ་སྐྱོབ་བྱེད་དུ་ཡོང་བའི་ལྕགས་བྱ་དག་ཁོ་ཚོའི་ཆེད་སྐྱེལ་དུ་གྱུར་པར་བཤད་འདུག
ཆ། ས་ཡོམ་བྱུང་རྗེས་ཀྱི་བདུན་གཉིས་ཙམ་འགོར་མ་ཐག་ས་གནས་སྲིད་གཞུང་དང་གཞུང་མངགས་དཔུང་དམག་གིས་གནོད་ཐེབས་ཁུལ་གྱི་གྲྭ་རོགས་ཚང་མ་ཕྱིར་རང་རང་གི་དགོན་ཁག་ཏུ་བདའ་བ་དང་འགྲོ་རུ་བཅུག་པར་བཤད།
ཇ། ས་ཡོམ་བྱུང་ནས་མི་སྲོག་མང་པོ་རྐྱེན་ལམ་དུ་ཤོར་ཡང་བོད་མིའི་ཁྲོད་དུ་ངུ་ངག་ཆོ་ངེ་འབོད་པའི་མྱ་ངན་གྱི་སྐྱོ་སྡུག་མཁན་མེད་པར་ལྡོག་སྟེ་ཚང་མས་མ་བགྲོས་རང་མཐུན་གྱིས་ཕྱིར་རྨས་མ་དང་ནད་པ་དང་འདས་བོ་ལ་རོགས་རམ་བྱས་དང་བྱེད་བཞིན་པར་གྲགས།
ཉ། ས་ཡོམ་བྱུང་གི་ནང་མོ་དེར་སྔོན་ལ་ས་ཡོམ་ཆུང་ཙམ་ཞིག་བྱུང་བ་ལ་རང་བྱུང་ཁམས་ཀྱིས་མི་ཚང་མར་བརྡ་བརྒྱག་ཁུལ་བྱས་པའི་དོད་དུ་འགྲོ་མོད། འོན་ཀྱང་བོད་པའི་དད་ཞེན་གྱི་རང་སྣང་མཐོ་བའི་དབང་གིས་ང་ཚོ་བོད་པའི་ས་ཆ་ལ་ས་འགུལ་མི་བྱུང་ཞེས་ཕྱིར་གཉིད་བརྒྱབ་པ་ལས་མི་རྒྱུ་གཉིས་ཀར་གྱོང་གུད་ཚབས་ཆེན་ཐེབས་པར་གྲགས།
ཏ། རྒྱ་ནག་གི་ས་ཡོམ་ཆེད་མཁས་པས་ཉིན་འགའི་སྔོན་ནས་ཁམས་སྐྱེ་རྒུ་ས་ཆར་ས་འགུལ་བྱུང་ངེས་ཡིན་པའི་བརྟག་འབྲས་དག་དྲ་ལམ་དང་གོང་རིམ་ལ་ཡར་ཞུ་བྱས་ཀྱང་འབྲེལ་ཡོད་སྲིད་གཞུང་གིས་སྣང་མེད་དུ་བསྐྱུར་བར་གྲགས།


གསུམ་པ། སེམས་བསམ་བློས་དཔྱད།    གཅིག ལོབས་ཕྱོགས་དང་གོམས་ཕྱོགས་སམ་ཡང་ན་སེམས་ཀྱི་འཁྱེར་སོ་ལ་ཁ་མཐུན་པར་བཤད་ན་ས་ཡོམ་ནི་ང་ཚོ་བོད་པའི་ཆོས་གཞུང་ན་གསལ་བའི་འཇིག་པ་བཞི་སྟེ་ཆུའི་འཇིག་པ་དང་མེའི་འཇིག་པ་དང་རླུང་གི་འཇིག་པ་དང་སའི་འཇིག་པ་བཅས་ལས་སའི་འཇིག་པ་རེད་ལ་ད་དུང་རྣམ་པ་གཞན་དུ་སྤྲོས་ན་ཆུ་དགྲ་མེ་དགྲ་རླུང་དགྲ་ས་དགྲ་བཅས་ལས་ས་དགྲ་རེད། དེ་བཞིན་དུ་ང་ཚོ་བོད་པའི་ཆོས་གཞུང་དུ་འདི་དག་ལ་རྟིང་གནོན་བྱ་དགོས་དོན་ཡང་བསྐལ་བ་འཇིག་དུས་སུ་འབྱུང་བ་བཞིས་འཇིག་ཅིང་བསྡུས་པར་བཤད་པ་དེ་རེད། གང་ལྟར་ཀྱང་ད་ལྟར་འཛམ་གླིང་མི་དམངས་ཀྱིས་ཡོངས་ཁྱབ་དུ་ཤེས་རྟོགས་བྱུང་ཡོད་པ་ཞིག་ལ་ས་ཡོམ་ནི་སའི་གོ་ལའམ་ས་ལྒང་འདིའི་རང་བྱུང་སྣང་ཚུལ་ཞིག་ཏུ་ངོས་འཛིན་པ་དེ་རེད། དེར་ཚོད་ལྟ་དང་བརྟག་དཔྱད་དང་འཚོལ་བསྙེག་གི་ལམ་བུ་གཙོ་བོ་ཡིན་པའི་རིགས་པ་གསར་བ་སྟེ་ཚན་རིག་ཅེས་པ་འདིིའི་ཤེས་རྟོགས་ཀྱི་དཔྱད་འབྲས་ལ་གཞི་བཅོལ་ནས་བཤད་ན། སའི་གོ་ལ་ཧྲིལ་བོ་ལ་ས་ཡོམ་གྱི་ས་རྒྱུད་ཆེན་པོ་རིགས་གཉིས་ཡོད་དེ། གཅིག་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་རྒྱུད་ཀྱི་ས་ཡོམ་ས་རྒྱུད་དང་། ཅིག་ཤོས་ནི་ས་དབུས་རྒྱ་མཚོ་ནས་མདོ་དབུས་མཐོ་སྒང་བར་གྱི་ས་ཡོམ་ས་རྒྱུད་གཉིས་ཡིན་པ་རེད། དེ་གཉིས་ཇི་ལྟར་བསྐྱེད་པ་ཡིན་ཞེ་ན། དེ་ཡང་སའི་གོ་ལའི་ནང་རིམ་ནི་བྲག་རྡོས་གྲུབ་པ ཡིན་པ་དང་སའི་གོ་ལའི་རུས་སྒྲོམ་ལྟ་བུ་ནི་བྲག་རྡོ་ཡིན་པར་དེའི་ཆགས་སྟངས་མི་འདྲ་བའི་ཆ་ནས་སའི་གོ་ལ་ཧྲིལ་བོ་དེ་དུམ་ལེབ་བམ་གླིང་དུམ་དྲུག དུ་དབྱེ་ཆོག་ལ་དེ་དག་བར་མ་ཆད་པར་འགུལ་སྐྱོད་བྱེད་ཀྱིན་ཡོད་པས་རེད། དེ་བཞིན་དུ་ཅིའི་ཕྱིར་འགུལ་སྐྱོད་བྱེད་ཀྱིན་ཡོད་དམ་ཞེ་ན། དེ་ཡང་སའི་གོ་ལའི་ནང་ཤུགས་ནུས་པའི་འགུལ་སྐྱོད་ཀྱིས་བསྐྱེད་པ་རེད། འགུལ་སྐྱོད་བྱེད་སྟངས་ལ་རིགས་གཉིས་ཡོད་དེ། གཅིག་ནི་དུམ་ལེབ་ཕན་ཚུན་གདོང་ཐུག་བརྒྱག་དང་དེའི་བསྐྱེད་འབྲས་ནི་རི་རྒྱུད་གྲུབ་པ་རེད། དཔེར་ན་རི་བོ་ཧི་མ་ལ་ཡ་ནི་ཡ་ཡོབ་དུམ་ལེབ་དང་ཧིན་རྡུ་རྒྱ་མཚོ་དུམ་ལེབ་གཉིས་ཕན་ཚུན་གདོང་ཐུག་བརྒྱག་པ་ལས་གྲུབ་པ་ཡིན་པ་མ་ཟད་ད་དུང་མུ་མཐུད་དུ་ཡར་ཇེེ་མཐོར་འགྲོ་བཞིན་པའི་རྒྱུ་མཚན་ཡང་དེ་ཉིད་ལ་ཐུག་ཡོད། ཅིག་ཤོས་ནི་དུམ་ལེབ་ཕན་ཚུན་ཁ་གྱེས་པ་དང་དེའི་བསྐྱེད་འབྲས་ནི་རྒྱ་མཚོ་གྲུབ་པ་རེད། དཔེར་ན་སྐམ་ས་ཆེན་པོ་གཉིས་བར་གྱི་མཚོ་ཆེན་ལྟ་བུའོ།། དེར་གོང་གི་དུམ་ལེབ་ཕན་ཚུན་གདོང་ཐུག་ལས་རང་བྱུང་གནོད་འཚེ་ཅི་ཞིག་བསྐྱེད་པ་ཡིན་ཟེར་ན། ས་ཡོམ་དང་མེ་རི་བྱུང་ངེས་པ་རེད། དུམ་ལེབ་ཕན་ཚུན་ཁ་གྱེས་པ་ལས་མཚོ་འཁྲུག་བསྐྱེད་ངེས་པ་རེད། འདི་ནི་མཐོ་འབྲིང་གི་རིག་གནས་ཆུ་ཚད་ཡོད་པའི་མི་སྣ་སུས་ཀྱང་ཤེས་ངེས་པའི་རྒྱུན་ཤེས་ཞིག་ཡིན་པ་རེད། དེར་བརྟེན་ཉི་ཧོང་རྒྱལ་ཁབ་ནི་འཛམ་གླིང་སྟེང་གི་ས་འགུལ་ཆེས་མང་ཤོས་ཀྱི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པའི་རྒྱུ་མཚན་ཡང་ཤེས་སྲིད་དེ། ཁོ་ནི་ཡ་ཡོབ་དུམ་ལེབ་དང་ཞི་བདེ་རྒྱ་མཚོ་དུམ་ལེབ་གཉིས་ཀྱི་གདོང་ཐུག་ཁུལ་དུ་གནས་པས་སོ།། དེ་བཞིན་དུ་ང་ཚོ་བོད་པའི་གཞིས་ཁྱིམ་རྨ་མེད་དུ་གྲགས་པའི་མདོ་དབུས་མཐོ་སྒང་འདི་ཡང་ཡ་ཡོབ་དུམ་ལེབ་དང་ཧིན་རྡུ་དུམ་ལེབ་གཉིས་ཀྱི་གདོང་ཐུག་ལས་བསྐྱེད་པ་ཡིན་པས་ས་འགུལ་མང་བ་ལ་ཡང་རིགས་བསྒྲེའི་ངེས་ཤེས་མི་རྙེད་པ་གཏན་ནས་མི་སྲིད།
       འདིས་ཀྱང་མཁོ་མི་སོད་པའམ་བདེན་པར་མ་གྲུབ་ཟེར་ནས་དངོས་ཡོད་ལ་བསྙོན་འཛུགས་དང་ཁས་ལེན་མེད་པར་འདོད་ན་ད་དུང་འགོད་དུ་ཡོད་དེ། ང་ཚོས་རང་ས་རང་ཡུལ་གྱི་དངོས་པོ་དག་སྣང་མེད་དུ་མ་བསྐྱུར་བར་མཉམ་འཇོག་བྱས་ན་བློ་བསྐྱེད་མི་དམན་པ་བསྐྱེད་རྒྱུ་ཡོད་པ་རེད། ང་ཚོ་བོད་པའི་གཡང་ས་འདི་ལ་འདས་ཟིན་གྱི་ལོ་རྒྱུས་ཁྲོད་དུ་ས་ཡོམ་ཅི་འདྲ་མང་པོ་ཞིག་བྱུང་ཡོད་ཚུལ་ལ་ཡི་གེའི་རྒྱུ་ཆ་ཟད་རུང་བོད་རང་གི་འཚོ་བའི་ངོས་ན་ཁུངས་ཐུབ་ཀྱི་ར་སྤྲོད་གསལ་བོ་ཡོད་པ་རེད། དེ་ནི་ཅི་ཞིག་རེད་ཅེ་ན། ང་ཚོ་བོད་པའི་ཁང་བའི་བཟོ་བཀོད་ལས་ཤེས་ཐུབ་པ་རེད། གཅིག་ནས་ཁང་བའི་སྒྲོམ་གཞི་གཙོ་བོ་སྟེ་ཀ་བ་དང་གདུང་མ་ལ་འཕལ་ག་བཏོད་ནས་ཕན་ཚུན་གྱི་སོ་ཁ་འཕྲོད་དུ་འཇུག་པ་ལས་ཤེས་ཐུབ། དེ་ལྟར་བྱས་ན་ཁང་བ་ཧྲིལ་བོ་དེ་རུས་སྦལ་ན་ལ་ཟུག་པ་ལྟར་ཡིན་པས་ས་ཡོམ་གྱི་ཚད་རིམ་ཧ་ཅང་མཐོ་ཤོས་ཤིག་མ་བྱུང་ན་ཁང་བ་ལོག་མི་སྲིད་ལ་ཁང་གས་གྱང་རྡིབ་དང་གདུང་གཅལ་དུམ་ཆད་ལས་བྱུང་བའི་མི་ཤི་གོད་ཆག་ཀྱང་འབྱུང་མི་ཐུབ་པ་རེད། གཉིས་ནས་ཁང་བ་ཐོག་རྩེག་ཡིན་པ་ལ་ཁང་བའི་བར་སྟོང་ཧ་ཅང་དམའ་མོ ཡིན་པས་ཤེས་ཐུབ། དེ་ལྟར་བྱས་ན་ཀ་བ་དང་གདུང་མ་དག་བར་སྣང་ནས་མར་ལྷུང་ཡང་ཤུགས་ཚད་ཧ་ཅང་གཉོམ་པས་མི་རྨས་མི་གསོད་ཀྱི་ཆག་འཇིག་འབྱུང་སྐལ་ཧ་ཅང་ཕྲ་བ་རེད། གསུམ་དུ་ང་ཚོའི་རོང་བས་མཁར་གྱང་བརྡུང་དུས་ཐོག་མར་གྱང་རྟིང་ལ་རྨང་གཞི་ཡག་པོ་འདིང་ཆེད་སྨི་གཉིས་ལྷག་གི་ས་ཕྱིར་བཏོན་ཚར་རྗེས་སླར་ཡང་ས་ཕྱིར་འཕངས་ནས་ས་རིམ་པ་དང་རྡོ་བརྡུང་རིམ་པ་བྱས་ནས་ཚད་ངེས་ཅན་ལ་ཐོན་དུས་གྱང་གཞུང་བསྒྲིགས་ནས་གྱང་བརྡུང་བ་རེད། འདི་ལས་ཅི་ཞིག་ཤེས་ཐུབ་ཟེར་ན། གཅིག་ནས་མཁར་གྱང་བརྟན་པོ་ཡིན་པ་དང་། གཉིས་སུ་ས་ཡོམ་ལ་སྔོན་འགོག་བྱེད་ཐུབ་པ་དང་། གསུམ་ནས་ཚད་རིམ་མཐོ་ཤོས་ཀྱི་ས་ཡོམ་ཞིག་མ་བྱུང་ན་དམའ་ཤོས་དག་ལ་མི་སྐྱོན་ནོ།། དེས་ན་ད་རེབ་ཀྱི་ས་ཡོམ་ཡོང་རྐྱེན་གཙོ་བོ་ནི་འབྲོག་ཁྱི་ལ་བོ་བཙོངས་བས་མ་ཡིན་ལ་གཏེར་ཁ་སྔོག་འདོན་བྱས་པས་ཀྱང་སྣ་འདྲེན་གྱི་རྒྱུ་རྐྱེན་དུ་གཏན་ནས་མི་འགྲོ། ཡིན་ཡང་གཏེར་ཁ་བསྔོགས་པས་ས་གཤིས་ཀྱི་བག་ཤུགས་ཇེ་གཉོམ་ལ་བཏང་ཡོད་པས་དེས་རི་ཉིལ་ས་གས་འབྱུང་སླ་བ་ལ་མཐུན་རྐྱེན་ཙམ་སྦྱར་ཡོད་པར་འདོད།
གཉིས། ང་ཚོའི་ལོ་རྒྱུས་དེབ་ཐེར་དག་ཏུ་བལྟས་ན་རྒྱུན་དུ་སྐད་ཆ་འདི་འདྲ་མཐོང་རྒྱུ་ཡོད་དེ། རྒྱ་ནག་ཁྲིམས་ཀྱི་རྒྱལ་བོ་ཞེས་དང་ཡང་ད་ལྟར་རྒྱ་མི་ཁོ་ཚོས་འུར་བརྗོད་བྱས་དང་བྱེད་མུས་ཀྱི་ཀུན་སྤྱོད་ཀྱི་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ཞེས་འཛམ་གླིང་མི་དམངས་ལ་ངོམ་སོ་བྱེད་པ་གཉིས་དང་བསྡུར་ན། དངོས་ཡོད་མཐོང་སྣང་གིས་ང་ཚོ་ལ་སྦྱིན་པའི་རྒྱ་མི་ནི་ཁྲིམས་ལུགས་རྡོག་བརྫིས་སུ་གཏོང་ཞིང་མི་ཆོས་ཀུན་སྤྱོད་སྣང་མེད་དུ་བསྐྱུར་བའི་ཁ་སེམས་རྒྱབ་འགལ་གྱི་སྣང་བརྙན་ཅན་ཞིག་རེད། དེས་ན་ལོ་རྒྱུས་ཁྲོད་ཀྱི་སྣང་བརྙན་དང་དངོས་ཡོད་ཁྲོད་ཀྱི་སྣང་བརྙན་གཉིས་ནང་འགལ་བྱུང་དོན་ཅི་ཞིག་རེད་ཟེར་ན། དང་པོའི་དོན་ནི་ང་ཚོའི་ཡབ་མེས་ཚོས་རྒྱ་ནག་ལ་ཁྲིམས་ཀྱི་རྒྱལ་བོ་ཞེས་མཚན་གསོལ་གནང་དོན་ནི་ཁ་ཡག་ངོ་དགའི་ཆེད་གཏན་ནས་མ་ཡིན། དེ་ནི་ཏག་ཏག་ཡབ་མེས་ཚོས་རིག་གནས་ནང་འདྲེན་བྱེད་དུས་སུ་རང་གི་དགོས་མཁོ་ལྟར་ཚུར་ལེན་བྱས་པའི་ཁྱད་ཆོས་ལ་བལྟས་ནས་བཏགས་པ་ཞིག་རེད་དོ།། གཉིས་པའི་དོན་ནི་ཕུགས་འདེད་ས་གཅིག་མ་གཏོགས་མེད། དེ་ནི་རྒྱ་ནག་གི་རིག་གནས་ཡིན་པ་རེད། མི་ནི་རེིག་གནས་ཀྱི་བསྐྱེད་འབྲས་ཡིན་པས་སོ།། དེས་ན་རྒྱ་ནག་གི་རིག་གནས་དེ་ཅི་ལྟ་བུ་ཞིག་ཡིན་ཞེ་ན། རྒྱ་ནག་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་སམ་སྲོག་རྩའི་རིག་གནས་ནི་རུའུ་ལུགས་པའི་རིག་གཞུང་འདི་ཡིན་པ་རེད། རིག་གཞུང་འདིས་བྱམས་བརྩེ་དང་དྲང་བདེན། གུས་ལུགས། ཤེས་རིག་གམ་བློ་རིག ཡིད་རྟོན། སྤྱོད་བཟང་། བློ་དཀར། སེམས་བཟང་བཅས་ཀྱི་ལྟ་བ་བཏོན་རུང་དེ་དག་གིས་ནམ་ཡང་རྒྱལ་བོའི་ཕོ་བྲང་སྟེ་ཆབ་སྲིད་དང་སྲིད་གཞུང་ལས་མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བཞིན་མེད། ཡང་ན་སྤྱི་གཞུང་ཞིག་ལས་སྒེར་མི་ཞེས་པའི་མི་བུ་ཁེར་ཚུགས་ཅན་ལ་ཞབས་འདེགས་གཏན་ནས་མི་ཞུ། དེར་རྒྱ་ནག་གི་དེང་རབས་ཀྱི་ན་གཞོན་མཁས་པ་ཀྲོའུ་ཀུའོ་ཕིང(周国平)ནས་རྒྱ་ནག་རང་གི་རིག་གནས་ལ་སྡོམ་ཚིག་འདི་ལྟར་བཀོད་ཡོད་དེ། “རུའུ་ལུགས་ཀྱི་ཐ་སྙད་གཙོ་བོའམ་སྲོག་ཤིང་ལྟ་བུའི’བྱམས’ཞེས་པའི་བརྡ་ཆད་འདིས་ཀྱང་གདུང་སེམས་ཉིད་རྨང་གཞི་བྱས་ཡོད་པ་རེད། ཡིན་ཡང་། འདི་དང་མཉམ་དུ་ང་ཚོས་ངོས་གཞན་ཞིག་མཐོང་ཐུབ་པ་ནི་ཀྲུང་གོའི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་སྲིད་དབང་སྒེར་གཅོད་ཀྱི་ཁྲོད་དུ། རུའུ་ལུགས་ཀྱི་རིག་གཞུང་གཞུང་ལུགས་ཀྱི་ལྟ་བ་ཉིད་ཆེས་ཡང་དག་དང་ཚད་མ་རུ་བཟུང་ནས་ཡོད་ཚད་ཀྱི་ཐིག་ཤིང་དུ་གནས་ཀྱང་དེ་ཉིད་རྒྱབ་རྟེན་དུ་འཛིན་པའི་སྒེར་སྡོམ་ལམ་ལུགས་ཀྱིས་ཚེ་སྲོག་གི་རིན་ཐང་ལ་བརྩི་མཐོང་གཏན་ནས་མི་བྱེད་ཅིང་ཚེ་སྲོག་ལ་གདུང་སེམས་ཀྱི་རྣམ་འགྱུར་གཏན་ནས་མི་འཆང་བ་རེད།
སྐྱོན་ཆ་དང་པོ་ནི་ཀྲུང་གོའི་རུའུ་ལུགས་ཀྱིས་ཚེ་སྲོག་གཉུག་གཤིས་དང་རང་ཕན་ལ་མིན་དགག་བྱེད་པ་དེ་རེད།ནུབ་གླིང་གི་མཚན་ཉིད་རིག་པས་ནམ་ཡང་རང་ཕན་ལ་ཡིན་འཇོག་བྱེད་པ་རེད། རང་ཕན་ནི་ཚེ་སྲོག་གི་གཉུག་གཤིས་ལ་ལྟ་ཞིང་ཚེ་སྲོག་གི་གཉུག་གཤིས་ལ་ཀུན་སྤྱོད་ཀྱིས་ཚད་འཇལ་བྱེད་མི་ཆོག་པར་ངོས་འཛིན་གནང་བ་རེད། དེ་བཞིན་དུ་ཚེ་སྲོག་གི་གཉུག་གཤིས་ལ་ནག་ཉེས་ཡོད་མེད་དང་བཟང་ངན་དང་དགེ་སྡིག་བཅས་ཀྱི་དབྱེ་གཅོད་གཏན་ནས་བྱེད་མི་ཆོག་པ་དང་བརྗོད་མི་ཆོག་པར་སྨྲ། ཡིན་ཡང་། ཀྲུང་གོར་ཁུང་ཙི་ནས་བཟུང་སྟེ་རང་ཕན་ལ་མཐའ་གཅིག་ཏུ་དགག་པ་གཏོང་བ་རེད། དེར་གནའ་ཡིག་ཏུ’དམ་པས་དྲང་དོན་རྟོགས། ཕལ་བས་རང་ཁེ་གཉེེར།’ ཞེས་ཟེར་ཡོད་པར་རང་ཕན་རང་ཁེ་ནི་མི་མ་རབས་ཅན་གྱི་གཉེར་བྱ་ཡིན་པ་དང་དེ་ནི་ཀུན་སྤྱོད་ཀྱི་ངན་སྐྱོན་ཞིག་ཏུ་ལྟ་ཞིང་ཀུན་སྤྱོད་ཀྱིས་དེ་ལ་དབྱེ་གཅོད་བྱས་པ་རེད། དེ་བས་གཞན་སར་རང་འཇོག་ལ་རྨང་གཞི་བྲལ་སོང་བ་རེད། ཁྱོད་ཀྱིས་ཚེ་སྲོག་གི་གཉུག་གཤིས་དང་མིའི་འདོད་པ་ཉིད་ངན་དགུའི་འབྱུང་གཞི་རུ་བཟུང་ནས་དེ་ཉིད་རྩ་འཇོམ་བྱས་ཟིན་ན། སྤྱི་ཚོགས་ཧྲིལ་བོའི་ཚེ་སྲོག་ལ་འཐོམ་སྦྲིད་ཀྱི་འདུ་ཤེས་འཛིན་ངེས་པས་གདུང་སེམས་ཀྱི་འདུ་ཤེས་ཇི་ལྟར་རྒྱས་ཐུབ་བམ།
       སྐྱོན་ཆ་གཉིས་པ་ནི་གཞན་སར་རང་འཇོག་གི་སྟེང་ན་འདུག དེ་ལ་ཁུང་ཙི་ནས’རང་དཔེ་གཞན་སྟོན’ཞེས་པ་ནི་རང་ཉིད་ཀྱི་ཉེ་འགྲམ་ནས་ཁྱབ་སྤེལ་གྱི་མགོ་ཚུགས་དགོས་པར་འདོད་པ་ནི་བདེན་དུ་མཆིས་མོད། འོན་ཀྱང་ཁྱབ་སྤེལ་བྱེད་དུས་སུ་ཁྱིམ་རྒྱུད་ཀྱི་ནང་ཁུལ་འབྲེལ་བས་ཚད་བཀག་ཐེབས་པ་ཧ་ཅང་ཤུགས་ཆེ་བས་མཇུག་མཐར་བྱམས་ནི་སྲི་ཞུ་ལ་འགྱུར་བ་རེད། རྗེས་རབས་པས་སྔོན་གཤེགས་པ་ལ་སྲི་ཞུ་དང་བུ་ཕྲུག་གིས་ཕ་མ་ལ་སྲི་ཞུ་བྱེད་དགོས་པར་གྱུར་པ་རེད། དེའི་རྗེས་སུ་འདི་འདྲའི་ཕ་བུ་བར་གྱི་འབྲེལ་བ་དེ་རྒྱལ་བློན་གྱི་འབྲེལ་བར་རྒྱ་བསྐྱེད་དེ་སྲི་ཞུ་ནས་བློ་དཀར་ལ་འགྱུར་བ་རེད། དེར་མངའ་འབངས་ཐམས་ཅད་རྒྱལ་བོའི་བུ་ཕྲུག་ཡིན་པར་འཛིན་པ་དང་བློན་པོས་ངེས་པར་དུ་རྒྱལ་བོའི་བཀའ་ལ་ཉན་དགོས་པར་ཐག་བཅད་པ་རེད། རྒྱལ་བོས་བློན་པོ་འཆི་དགོས་ཟེར་ན་བློན་པོ་ངེས་པར་དུ་ཤི་དགོས་པའི་འདུ་ཤེས་ཆགས་པ་རེད། འདི་ལྟར་མ་གཞི་ནས་ཚེ་སྲོག་ལ་གདུང་སེམས་འཛིན་པའི་རུའུ་ལུགས་ཀྱི་ཀུན་སྤྱོད་ཀྱང་གཟབ་ནན་གྱི་གོ་རིམ་ལྡན་པའི་སྒྲིག་གཞི་ཞིག་ཏུ་འགྱུར་ཚར་བ་རེད། འདི་ལྟའི་གོ་རིམ་གྱི་ཁྲོོད་དུ་སྒེར་མིའི་ཚེ་སྲོག་ལ་རིན་ཐང་སྤུ་ཙམ་ཡང་མེད་པས་མཐའ་འབྲས་སུ་ཚེ་སྲོག་ལ་སྣང་མེད་ཐལ་དྲག་ཏུ་བྱེད་པའི་སྲིད་དབང་སྒེར་གཅོད་ཀྱི་ངན་འབྲས་འདི་སྨིན་པ་རེད།
སྲིད་དབང་སྒེར་གཅོད་ཀྱིས་ལྟོས་མེད་ཀྱི་སྒོ་ནས་ཚེ་སྲོག་ལ་མཐོང་ཆུང་བྱེད་པ་རེད།སྒེར་སྡོམ་དབང་ཆའི་མདུན་དུ་ཚེ་སྲོག་ལ་རིན་ཐང་སྤུ་ཙམ་ཡང་མེད་པ་མ་ཟད་དབང་ཆ་ཡང་གཏན་ནས་མེད་པས་ཚེ་སྲོག་ནི་ཅི་ཡང་མིན་པའི་ཀླད་ཀོར་དང་མཚུངས། ལོ་ངོ་སྟོང་ཕྲག་གཉིས་རིང་གི་རྒྱལ་རྒྱུད་ཀྱིས་དབང་བསྒྱུར་བའི་འོག་ཏུ་ཉེས་མེད་ཀྱི་ཚེ་སྲོག་ཅི་འདྲའི་མང་པོ་ཞིག་ལ་རྡོག་བརྫིས་བཏང་ཡོད་དམ། རྒྱལ་བོ་ལ་ལྟོས་མེད་ཀྱི་གསོད་དབང་འཕྲོག་དབང་འཇུ་དབང་གསོན་དབང་སོགས་མངའ་བས་ཁོང་ཉིད་མ་དགའ་བའམ་མ་འཚིམ་ན་ཁྱིམ་ཚང་གང་བོ་གསོད་པ་མ་ཟད་སྟབས་ཉེས་ན་ཚོ་བ་ཚོ་ཁག་གི་གཉེན་ཉེ་ཡོད་ཚད་ཐག་ཞོར་འབྲེང་འདྲུད་ཀྱིས་བསྡམས་བཀྱིགས་བསྒགས་གསོད་བྱེད་ངེས་རེད། ཁྱོད་ཀྱིས་སོམས་དང་། ཚོ་བ་ཚོ་ཁག་ནི་ཅི་ལྟ་བུའི་དོན་སྤྱི་ཞིག་ཡིན་ནམ། སྐབས་དེར་ཁྱིམ་རྒྱུད་ཆེན་པོ་ཞིག་ལ་རྒན་པ་དང་བྱིས་པའང་འདུ་བའི་ཁོངས་མི་བརྒྱ་ཕྲག་སྟོང་ཕྲག་ཡོད་པར་དེ་མ་ཐག་ཅི་ཡིན་འདི་ཡིན་མེད་པར་རྩ་རྫོགས་བྱས་ན་ཅི་འདྲའི་འཇིགས་སུ་རུང་བ་དང་ཅི་འདྲའི་བློ་ཡུལ་ལས་འདས་པ་ཞིག་རེད་ཨང་། འདི་ཐམས་ཅད་ཀྱི་འབྱུང་རྩ་ནི་རྒྱལ་བོའི་ཕོ་བྲང་གིས་ཡོད་ཚད་ཀྱི་སྲོག་དབང་སྒེར་འཛིན་བྱས་ཡོད་པས་རེད་ལ་འབངས་མི་སེར་གྱི་ཚེ་སྲོག་ནི་གང་ལའང་མི་དོ་ཞིང་ཅི་ལའང་མི་བྲིན་པ་ཞིག་ཏུ་ཇི་ལྟར་བལྟས་མེད་ཨང་། དེ་ལྟ་བས་ན། སྐུ་ཞབས་ལུའུ་ཞུན་ནས་ཀྲུང་གོའི་ལོ་རྒྱུས་ནི་མི་ཟ་བའི་ལོ་རྒྱུས་རེད་ཅེས་སྡོམ་ཚིག་བཀོད་པ་ཡང་ལེགས་བཤད་ཅིག་ཏུ་ཅི་ལ་གྲུབ་མེད་ཨང་།”
དེ་ལྟ་བས་ན་རྒྱ་ནག་པ་ཁོ་ཚོར་སྲིད་གཞུང་ནི་ཡོད་ཚད་ཀྱི་མངའ་བདག་དང་རྒྱལ་ཁབ་ཀྱི་རྒྱལ་བོ་ནི་ཁེ་དབང་ཡོད་ཚད་ཀྱི་བདག་པོ་ཡིན་པས་མི་ཕལ་བ་ནི་ཅི་ལའང་མི་དོ་ཞིང་གང་ལའང་མི་འཕེར་བ་རེད། འདི་ལྟར་རིག་གནས་ཀྱི་སྲོལ་རྒྱུན་རྒྱུད་ཁོངས་སུ་མིའི་ཚེ་སྲོག་རིན་ཐང་ལ་མཐོང་ཆེན་དང་མི་ཉིད་མི་རུ་བལྟ་བའི་འདུ་ཤེས་དཀོན་པས་ད་བར་འཛམ་གླིང་གིས་བསྙེག་ཀྱིན་པའི་རིག་གནས་རོལ་རྩེད་ཀྱི་རྩ་དོན ལ་ནམ་ཡང་ཁས་མི་ལེན་པ་རེད། དེ་ལྟ་བས་ན་ཤོབ་ལབ་པ་ལ་ཐེ་མི་ཚོམ་ཞིང་རྫུན་བཟོ་ལ་དེ་ལས་ཀྱང་མི་དངངས། དེ་ལྟ་བས་ན་ཁ་སེམས་མི་མཐུན་པའི་ལམ་ལུགས་ཤིག་གི་སྤྱི་ཚོགས་ཀྱི་སྒྲིག་གཞི་ཞིག་ནམ་ཡང་རྒྱུན་འཛིན་བྱས་ཡོད་པ་རེད། ཡིན་ཡང་ད་རེབ་ཀྱི་རང་བྱུང་གནོད་འཚེ་འདིས་ང་ཚོ་བོད་མི་རིགས་ཀྱི་གཤིས་ཀའི་སྲོལ་རྒྱུན་ཏེ། བཙན་པོའི་སྙིང་སྟོབས་ཚོར་ཐུབ་ལ་བཙན་པོའི་རང་རིགས་ཀྱི་མཐུན་སྒྲིལ་མངོན་ཡོད། མ་ཟད་གདུང་སེམས་མཉམ་བསྐྱེད་ཀྱི་སེམས་དཔང་རྟོགས་ཐུབ་པ་རེད། དེ་ལྟ་བས་ན་ང་ཚོའི་གོད་ཆག་དང་སྐྱོ་སྡུག་ཅི་འདྲ་ཆེ་ཡང"སྐྱབས་མགོན་རང་ཉིད་ལས་མེད”དོ།།

       གསུམ། སྨྱན་བྱེད་ཀྱི་དོད་དུ་བྱོན་པའི་བརྙན་འཕྲིན་གྱི་འགན་ནུས་གཙོ་བོ་ནི་དུས་ནམ་ཡང་ད་ལྟ་བྱུང་མ་ཐག་གི་དོན་དག་རྣམས་དེ་མ་ཉིད་དང་དུས་ཚོད་ཆེས་མགྱོགས་པའི་སྒོ་ནས་མི་དམངས་ལ་ཤེས་སུ་འཇུག་རྒྱུ་དང་བྱུང་བ་དངོས་ཉིད་ཡ་ཡོ་འཁྱའ་འཁྱོག་མེད་པར་དྲང་བརྗོད་བྱེད་སྤོབས་པའོ།། ད་དུང་འགན་ནུས་གཙོ་བོ་ཞིག་ཡོད་པ་ནི་སྲིད་གཞུང་གི་དབང་འཛིན་མཁན་གྱི་གཏམ་སྤྱོད་ལ་ཐོག་མཐའ་བར་གསུམ་དུ་ལྟ་རྟོག་བྱེད་པའོ།། དེས་ན་ད་རེབ་ཀྱི་ས་ཡོམ་ལ་པར་སྣེ་དང་བརྙན་སྣེ་གཏད་ཡོད་པའི་ཀྲུང་དབྱང་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་བརྙན་འཕྲིན་གཉིས་གཏན་ནས་འདྲ་ས་མ་རེད། འདི་གཉིས་ཀྱིས་བསྟན་དང་སྟོན་བཞིན་པའི་བརྙན་རིས་རེ་རེ་དང་བསྒྲུབས་དང་སྒྲུབ་བཞིན་པའི་ལེ་ཚན་རེ་རེ་ལ་བལྟས་ན་དམངས་ཕལ་བ་ཞིག་ཡིན་ཡང་དེ་གཉིས་ཀྱི་ཁྱད་པར་དང་ཧེ་བག་ཧ་གོ་ཚོད་དུ་ཡོད། མཚོ་སྔོན་བརྙན་འཕྲིན་གྱིས་སྡུག་གི་ཁུར་བོ་མཉམ་འཁུར་གྱི་ལྷག་བསམ་རྣམ་དག་ཅིག་དང་གདུང་སེམས་མཉམ་སྐྱེད་ཀྱི་འདུ་ཤེས་ཟབ་མོ་ཞིག་གི་སྒོ་ནས་དབང་འཛིན་པའི་ཁ་ལྟ་མིག་ལྟ་ལས་བརྒལ་བའི་སྙིང་སྟོབས་ཤིག་མངོན་ཡོད་པ་དང་། ཀྲུང་དབྱང་བརྙན་འཕྲིན་ནས་འདི་འདྲའི་ཆེས་གནད་འགག་གི་དུས་སུའང་ས་བཅད་མ་སྟོང་ཙམ་གྱི་ཚུལ་དུ་སྤེལ་བཞིན་ཡོད་པའི་སྣང་བ་བཅོས་མིན་དུ་སྟེར་ལ་དེ་ཡང་ཕྱོགས་རེས་འཐེན་འཁྱེར་གྱི་ངོ་སོ་ཅན་ལས་གདུང་སེམས་མཉམ་སྐྱེད་ཅིག་གི་དང་བླངས་དང་རེ་སྐུལ་དུ་གཏན་ནས་མི་ཚོར། དེ་འདྲའི་ཡ་ཡོས་ཁེངས་པའི་རྒྱུ་མཚན་ཅི་རེད་ཟེར་ན། ཏག་ཏག་ཀྲུང་དབྱང་བརྙན་འཕྲིན་ནི་ནམ་ཡང་དབང་འཛིན་པའི་ཁ་སྦུག་དང་སྲིད་གཞུང་གི་ལག་ཆ་ཡིན་པ་ལས་དམངས་སེམས་སྐོང་བའི་རིག་གནས་ཀྱི་སྨྱན་བྱེད་ཅིག་ཏུ་གྲུབ་མེད་པས་རེད། ཡིན་ཡང་ཕྱོགས་གཞན་ཞིག་ནས་འདང་བརྒྱབ་ན་བརྙན་འཕྲིན་ཁང་དག་གི་སྨྱན་སྦྱོར་གྱི་ནུས་པ་མེད་པ་ཡིན་ཚེ་སྐབས་བབ་གནད་དོན་དག་དུས་ཐོག་གཅིག་ཏུ་མི་ཐམས་ཅད་ཀྱིས་ཤེས་ཐབས་གཏན་ནས་མེད། འདི་ནི་སྨྱན་བྱེད་ཀྱི་ཆེས་རྩ་བའི་བཟང་ཆ་ཡིན། དེ་ལྟར་ཟད་མོད། ད་དུང་རྟིང་གནོན་བྱ་རྒྱུ་ཞིག་ལ་སྲིད་གཞུང་ནས་གནས་ཚུལ་ཐམས་ཅད་མ་གོ་བའམ་མ་ཤེས་པ་མ་ཡིན་པར་ཁོ་ཚོ་ལ་དངོས་ཡོད་གནད་དོན་ལ་གདོང་གཏོད་བྱ་མི་ཐུབ་པའམ་བྱ་མི་འདོད་པའི་སྒྱིད་ལུག་གི་འདུ་ཤེས་དང་ཡང་ན་འགན་མེད་འཁུར་བྲལ་གྱི་ཁྲེལ་མེད་འདུ་ཤེས་ལྡན་པས་རེད། དེ་བས་ལག་ཆ་ནི་བཤད་མ་དགོས་པ་ཞིག་རེད་དོ།།

བཞི། དོན་དག་ངོ་མ་ཡིན་པའི་སྐད་ཆ་དྲང་མོ་རེ་བརྗོད་ན་ད་རེབ་ཀྱི་ས་ཡོམ་འདིའི་རྒུད་སྐྱོབ་དང་སྲོག་སྐྱོབ་མཁན་གཙོ་བོ་ནི་ས་གནས་དེ་དང་ཡུལ་ཁམས་དེའི་མང་ཚོགས་ཡིན་པ་རེད། དེར་གྲྭ་བ་གཙོ་བྱས་པའི་མི་སེར་དག་རེད། དེས་ན་ཀྲུང་དབྱང་ནས་ཀྱང་ཁས་ལེན་མ་བྱས་ས་གཏན་ནས་མི་འགྲོ་བ་ཞིག་ལ་ས་གནས་ཀྱི་ཐོན་ཁུངས ནི་ད་གཟོད་ཉེན་སྐྱོབ་དང་ཉེན་འགོག་གི་ཚེ་སྲོག་ཐར་ལམ་ལྡོག་མེད་དེ་ཡིན་པའོ།། གཅིག་ནི་གལ་ཏེ་ཀྲུང་དབྱང་ནས་དོན་སྤྱིའི་སྣང་བ་བན་བུན་ཞིག་གི་ངང་ནས་ཡུལ་ཁམས་དེའི་དངོས་ཡོད་གནས་བབ་ཁས་མི་ལེན་པར་བཀའ་བཙན་པོ་སྒྲོག་ཅིང་ལག་ལེན་ལ་བཙན་ལས་བྱས་ན་དཔུང་དམག་གིས་མི་ལྕོགས་པའི་སྣང་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་རེད། གཅིག ཁོར་ཡུག་མི་འཕྲོད་པའི་རྫ་དུག་འཕོག་པ། གཉིས། མི་རིགས་མི་འདྲ་བའི་སྐད་ཆའི་གོ་བརྡ་མ་འཕྲོད་པ། གསུམ། མི་རིགས་གང་འདིའི་ཡུལ་སྲོལ་གོམས་གཤིས་མ་ཤེས་པས་དེ་ལ་ཡིད་གཟབ་བྱེད་པའི་འདུ་ཤེས་མེད་པ། བཞི། འགྲོ་འདུག་ཉལ་འཆག་གི་ཕྱོགས་ནས་མི་འདྲ་བས་མ་བསམ་ས་ནས་ཕོག་ཐུག་གཏོང་འགྲོ་བའི་གནས་ཚུལ་ཡང་ཡོད། དེ་བས་ཀྲུང་དབྱང་ཀྱིས་རྒྱལ་ཁབ་དང་མི་དམངས་སམ་ཡང་ན་སྲིད་གཞུང་དང་ས་གནས་མི་རིགས་བར་གྱི་འབྲེལ་བ་ལ་ངེས་ཤེས་ཡང་དག་ཅིག་རྙེད་རྒྱུ་ཧ་ཅང་གལ་ཆེ། མིན་ན་ཕན་ཚུན་བྱ་དཀའ་བྱེད་གཏད་དུ་འགྱུར་བར་གདོན་མི་ཟ། གཉིས་ནི་གལ་ཏེ་ཀྲུང་དབྱང་ནས་ས་གནས་མི་སེར་གྱི་འདོད་བློ་དང་འཚམ་མིན་ལ་བསམ་བློ་མ་བཏང་བར་དང་བླངས་པ་གང་འདོད་དུ་ཡོང་བཅུག་ན་གནས་དེ་ནས་ཕན་ཐོགས་མི་ཐུབ་པར་ལྡོག་སྟེ་ཁུར་བོའི་ཚུལ་དུ་མི་འགྲོ་བའི་ངེས་པ་ཡང་གཏན་ནས་མེད། ཡང་ན་བྱ་བ་ཅི་ཞིག་བྱེད་ན་ཡང་ཡུལ་དེའི་མང་ཚོགས་ལ་བསྟུན་རྒྱུ་ནི་ཆེས་རྩ་བའི་ཐིག་ཤིང་ཡིན་པ་རེད། དཔེར་ན་ཉི་ཧོང་ལ་ས་ཡོམ་ཚད་རིམ་མཐོ་ཤོས་བྱུང་ཐེངས་རེ་རེ་དེའི་རྒུད་སྐྱོབ་པ་གཙོ་བོ་ནི་ནམ་ཡང་མང་ཚོགས་ཡིན་པ་རེད་པས་རྒྱལ་ཁབ་ཅིག་གི་དེང་རབས་ཅན་གྱི་ཆུ་ཚད་ཅི་འདྲ་མཐོ་ན་ཡང་ས་གནས་གང་དེའི་ཐོན་ཁུངས་འབེལ་བོ་ལ་རྟག་ཏུ་མཐོང་ཆུང་བྱ་མི་འོས།
ལྔ། ས་ཡོམ་བྱུང་ཚར་ཞིང་སྲོག་ཤོར་རྒྱུ་ཤོར་གྱི་གོད་ཆག་ཀྱང་བྱུང་ཚར་བས་ད་ནི་ས་ཡོམ་ལ་ལེ་བདའ་བྱེད་རྒྱུ་ཅི་ཡང་མེད། རྒྱུ་མཚན་ས་ཡོམ་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་ལྡོག་མེད་ཅིག་ཡིན་པ་རེད། དེ་བས་ད་ནི་ཤུལ་ལུས་ལ་བདག་པོ་བཟང་བོ་བྱེད་རྒྱུ་དང་མ་འོངས་པའི་བཟོ་བཀོད་ལ་བློས་བསླངས་ཡག་པོ་བྱ་རྒྱུ་དེ་རེད། འདི་ལ་གཙོ་བོར་ས་གནས་མི་རིགས་ཀྱི་སྲོལ་རྒྱུན་བཟོ་བཀོད་ལས་ལེགས་ཆ་ལེན་རྒྱུ་དང་ཡུལ་བབ་དང་བསྟུན་ནས་ཁང་བ་གསར་བརྒྱག་བྱ་དགོས། མིན་ན་རྗེས་ཕྱོགས་སུ་སྟབས་མ་ལེགས་པར་ས་ཡོམ་ཡང་བསྐྱར་བྱུང་ཚེ་སྔར་བཞིན་གྱོང་གུད་མི་ཆེ་བའི་ངེས་པ་ཅི་ཡང་མེད། དེ་ལ་གཅིག་ནས་མཐོ་སྒང་གི་ནམ་ཟླ་ལ་བརྟག་ནས་འཁྱག་ཐུབ་དགོས་པ་དང་། གཉིས་སུ་ས་ཡོམ་འགོག་ཐུབ་པ་ཞིག་ཡིན་དགོས། གསུམ་དུ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་སེམས་ཁམས་གྲུབ་ཚུལ་ལྟར་བཟོ་བཀོད་བྱ་དགོས།
མདོར་ན་རང་བྱུང་གནོད་འཚེ་དག་གིས་དུས་ནམ་ཡང་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་གི་འཚོ་རྒྱུན་དང་དཔྱོད་ཤེས་ཀྱི་ཀླད་པ། གང་དེས་གསར་གཏོད་བྱས་དང་བྱེད་ཀྱིན་པའི་རིག་གནས་དང་ཤེས་རིག་གི་བླ་སྲོག་ལ་ཚོད་བགམ་བྱས་དང་བྱེད་ཀྱིན་ཡོད་པས། ཕྱོགས་གཅིག་ནས་འདང་བརྒྱབ་ན་ང་ཚོ་འགྲོ་བ་མིའི་རིགས་ནི་ཆེས་རླབས་ཆེན་དང་ཆེས་དཔྱོད་ཤེས་ལྡན་པ་དང་ཆེས་བརྩེ་སེམས་ཀྱི་འཆིང་བ་ཞིག་རེད་ལགས། ཡང་ཕྱོགས་གཞན་ནས་འདང་བརྒྱབ་ན་ང་ཚོ་འགྲོ་བ་མིའི་རིགས་ནི་རང་བྱུང་ཁམས་ཀྱི་པང་ན་ཅི་འདྲའི་ཉམ་ཆུང་ཞིང་ཅི་འདྲའི་ནུས་མེད་ཅིག་ཡིན་པའི་ཉམས་སྣང་བར་མེད་དུ་སྦྱིན། དེ་བས་མི་ལ་འཚོལ་བསྙེག་གི་དཔྱོད་ཤེས་ཧ་ཅང་ཤུགས་ཆེ་ནས་བླ་སྲོག་གི་བརྩེ་སེམས་ཀྱི་ཤུགས་ཧ་ཅང་ཆུང་དུས་བླ་སྲོག་ལ་གཟབ་གཟབ་བྱེད་དགོས་པ་དང་། ཡང་བླ་སྲོག་གི་བརྩེ་སེམས་ཀྱི་ཤུགས་ཧ་ཅང་རྒྱས་ནས་འཚོལ་བསྙེག་གི་དཔྱོད་ཤེས་ཀྱི་ཤུགས་ཧ་ཅང་གཉོམ་དུས་དཔྱོད་ཤེས་ལ་གཟབ་གཟབ་བྱེད་དགོས་པ་རེད། འདི་ནི་ད་གཟོད་མི་ཉིད་འཇིག་རྟེན་ནས་འཚོ་ཞིང་སྐྱོབ་པའི་སྐྱབས་མགོན་རྨ་མེད་དང་ཡང་ན་རང་ཉིད་རང་གི་མགོན་དུ་བྱོན་ཡོད་པའི་བདེན་གྲུབ་མཐར་ཐུག་པ་དེ་ཡིན། དེ་བས་རིག་གནས་ཀྱི་ཡན་ལག་ཏུ་གྲུབ་པའི་རིག་ཚན་ཏེ་ཆོས་ལུགས་དང་མི་ཆོས་སོགས་གང་གིས་ཀྱང་མི་ཉིད་ཀྱི་ཐར་ལམ་ཞིག་ཕྱོགས་སོ་སོ་ནས་འཚོལ་བཞིན་ཡོད་པ་མཚོན་པ་ལས་དེ་ཉིད་བདེན་ལ་དེ་ཉིད་མཐར་ཐུག་ཡིན་ཟེར་བཞིན་ཡོད་ཚད་ཐམས་ཅད་ཀྱི་ཚད་ཤིང་དུ་འཁྱེར་ན་གཏན་ནས་མི་འགྲིག སུ་ཞིག་གིས་གང་དེ་རང་གི་ཡོད་ཚད་ཀྱི་ཐིག་ཤིང་དུ་བཟུང་བའི་ཉིན་མོར་མི་དེའི་བླ་སྲོག་ཤི་འགྲོ་ལ་མི་དེའི་དཔྱོད་ཤེས་སྐམ་འགྲོ་བ་ཡིན། སུ་ཞིག་གིས་གང་དེ་རང་གི་ཐམས་ཅད་ཀྱི་ཚད་ཤིང་དུ་འཁྱེར་བའི་ཉིན་མོར་རིག་གནས་ཀྱི་ཡལ་འདབ་རྒྱས་མི་ཐུབ་ལ་ཤེས་རིག་གི་དཔལ་ཡོན་འཚོ་མི་ཐུབ། སུ་ཞིག་གིས་གང་དེ་རང་ཉིད་ཀྱི་ཡོད་ཚད་དུ་ཁས་འཆེས་དུས་དུངས་ཞེན་གྱི་རྨ་ཁ་ཟབ་ཟབ་དུ་འགྲོ་ལ་གནས་ལུགས་ཀྱི་རུས་པ་ཉོག་ཉོག་ཏུ་འགྲོ་ངེས་ཡིན།

བཞི་བ། གལ་ཏེའི་བློས་བསླངས་ཚོགས།  གལ་ཏེ་ང་ཚོའི་མི་རིགས་འདིས་ཚེ་ཚེ་རབས་རབས་སུ་མཆོད་ཅིང་བཀུར་བའི་བན་བོན་སྐྱ་གཅིག་ཏུ་འཐབ་པའི་ཆོས་ལུགས་རིག་གནས་ཀྱི་ཁོངས་ནས་ཕ་མ་བུ་སྲིང་གི་གཉེན་ལག་རྒྱས་པའི་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཚོགས་ལ་དོན་དངོས་ཀྱི་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མཛད་ནུས་པའི་མཐུ་སྟོབས་མངོན་མེད་དུ་ཡོད་པ་བདེན་ན། ཡང་ན་ང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་བཀུར་བཞིན་པའི་བླ་ཆེན་བླ་སྤྲུལ་ཚོ་ལ་དོན་དངོས་ཀྱི་སྔོན་མཁྱེན་དང་མ་འོངས་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་མངའ་བ་དོན་དངོས་ཡིན་ན། ཅིའི་ཕྱིར་མི་སྲོག་མང་པོ་ཞིག་ལ་དུས་གཅིག་ཏུ་སྡུག་བསྔལ་མྱོང་དུ་བཅུག་པ་ཡིན་ནམ། ཡང་ན་དེ་ནི་ལས་དབང་ཡིན་ཟེར་ན་ད་ནི་ཡིད་ཆེས་བྱེད་ཆོག་པའི་སྐད་ཆ་ཞིག་གཏན་ནས་མ་རེད།ཡང་ན་རང་བྱུང་གནོད་འཚེ་བྱུང་བ་ནི་སུས་ཀྱང་ལྡོག་མི་ཐུབ་ཟེར་ན། དེ་ནི་བདེན་དུ་ཆུག་མོད་འོན་ཀྱང་ཁྱོད་ཚོ་ལ་སྔོན་མཁྱེན་ཡོད་པས་སྔོན་བརྡ་བཏང་ན་ཅི་འདྲའི་མི་ཆོག་ཨང་། འདི་ལྟར་བློ་ཟད་ཐབས་ཟད་དུ་གྱུར་དུས་ཁྱོད་ཚོས་བཤད་ངེས་པ་ནི་འདི་ལྟ་སྟེ་སེམས་ཅན་རྣམས་བསོད་ནམས་ཟད་སོང་པས་རེད་ཟེར་ན་མ་གཏོགས་ཁོ་བོས་ལན་གཞན་རྙེད་མ་ཐུབ། དེ་བས་ད་ནི་བོད་པ་ཚོས་ཤེས་ན་འགྲིག་སྟེ། ཆོས་ལུགས་ཞེས་པ་འདི་ཡང་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་རང་གི་གཞུང་ལུགས་ཀྱི་ངོས་ན་ནམ་ཡང་མཐར་ཐུག་གི་བདེན་ལུགས་དང་མཐར་ཐུག་གི་བསྙེག་ཡུལ་ཡོད་པར་ལུང་རིགས་གཉིས་ཀས་གྲུབ་ཀྱང་ཡོད་ཚད་ཐམས་ཅད་ནས་དེ་ལྟར་གཏན་ནས་མ་རེད། རང་བྱུང་གནོད་འཚེ་ནི་ད་དུང་མུ་མཐུད་དུ་འབྱུང་ངེས་པ་ཤ་སྟག་ཡིན་པས་ཆོས་ལུགས་ཀྱིས་དེ་ལྡོག་མི་ཐུབ་ལ་དེའི་སྔོན་བརྡ་ཡང་གཏོང་མི་ཐུབ། དེར་བརྟེན་སུ་ཞིག་དང་གང་ཞིག་གིས་མི་ལ་རོགས་རམ་གྱི་ནུས་པ་ཐོན་ཐུབ་ཟེར་ན། དངོས་ཡོད་དོན་དངོས་ཁས་ལེན་པའི་ཚན་རིག་ཅེས་པའི་རིགས་པ་འདིས་ཀྱང་གནོད་འཚེ་མི་འབྱུང་བར་བྱེད་མི་ཐུབ་ཀྱང་དེ་ཉིད་བྱུང་ན་གནོད་འཚེ་ཆུང་དུ་གཏོང་བ་དང་དེ་ལ་གཞའ་ཐབས་སྟོན་ཐུབ་པ་རེད། དེ་བཞིན་དུ་གཟུགས་མེད་ཀྱི་ལྷ་ཆེན་པོ་གང་གིས་ཀྱང་མི་ཉིད་སྐྱོབ་མི་ཐུབ་པར་ཏག་ཏག་རང་ཉིད་ལས་གཞན་སུ་ཡང་མེད་དོ།།
གལ་ཏེ་དམའ་རིམ་གྱི་ས་ཡོམ་བརྟག་དཔྱད་པའི་དཔྱད་འབྲས་ལ་གོང་རིམ་སྲིད་གཞུང་གིས་མཉམ་འཇོག་དང་བསམ་འཆར་བསྡུ་ལེན་བྱས་ཡོད་རྒྱུ་ན་ས་ཡོམ་ཆུང་དུ་གཏོང་མི་ཐུབ་ཀྱང་ཚེ་སྲོག་མང་པོ་ཤོར་དོན་མེད། གལ་ཏེ་སྲིད་གཞུང་གིས་ནམ་ཡང་ཁ་གཡང་རླབས་ཆེན་དུ་བསམ་ནས་ཐོག་མཐའ་བར་གསུམ་དུ་བསྒྲགས་དང་སྒྲོག་ཀྱིན་པའི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་ཞེས་པ་ཉིད་ཁ་ཙམ་མིན་པར་ཞེ་གཏིང་ནས་ཐོན་པ་ཡིན་ན་སྔོན་བརྡ་ལ་སྣང་མེད་དུ་བསྐྱུར་དགོས་དོན་གཏན་ནས་མེད། གལ་ཏེ་སྲིད་གཞུང་ནས་དུས་རྟག་ཏུ་མི་དམངས་སེམས་ཤིང་སྤྱི་དམངས་བསམ་བཞིན་ཡོད་ན་ཐིག་བརྒྱད་ལོའི་ཁྲི་ཚང་ས་འགུལ་གྱི་རྗེས་ནས་རྒྱལ་ཡོངས་དང་ལྷག་ཏུའང་མདོ་དབུས་མཐོ་སྒང་འདི་ལ་དམིགས་བསལ་ལྟ་རྟོག་གིས་ས་ཡོམ་བརྟག་དཔྱད་ས་ཚིགས་བཙུགས་ཡོད་ཁོ་ཐག་རེད། རྒྱུ་མཚན་ནི་གནས་འདི་ནི་འཛམ་གླིང་ས་འགུལ་གྱི་ས་རྒྱུད་ཆེན་པོ་ཡིན་པས་སོ།། ཡང་ན་ཁྲི་ཚང་གི་ས་འགུལ་དེ་ཡང་ས་རྒྱུད་འདི་ལ་གཏོགས་པས་སོ།། དེ་ལྟར་བསྒྲུབས་པར་ལག་རྩལ་དང་མ་དངུལ་གྱིས་མི་ནུས་ཟེར་ན་འཐད་བརྡ་སྟོན་ཐུབ་མོད། འོན་ཀྱང་ཆེས་མ་མཐའི་ས་ཡོམ་ཉེན་འགོག་དཔུང་དམག་འོས་འཚམ་ཞིག་ཀྱང་གོ་སྒྲིག་མེད་པ་དེས་ཅི་ཞིག་གསལ་བྱེད་བྱ་ཐུབ་བམ། རེབ་འདིའི་ས་ཡོམ་ཉེན་འགོག་དམག་དཔུང་ལ་སྦྱོང་བརྡར་ལེགས་པོ་འཐོབ་མེད་པས་ས་མཐོ་སར་ཐོན་མ་ཐག་རྫ་དུག་འཕོག་ཅིང་དབྱང་དབུགས་ཀྱི་མ་འདང་བའི་དཀའ་ངལ་འཕྲད་པ་རེད། དེ་བས་རང་བྱུང་གནོད་འཚེ་འདི་ལྟ་བུའི་སྐབས་སུ་སྲིད་གཞུང་གི་ནུས་པ་ཅི་འདྲ་ཞིག་ཡིན་དགོས་སམ། གལ་ཏེ་མངའ་འབངས་དག་སྲིད་གཞུང་ཞིག་ལ་ཡིད་རྟོན་ཡོད་མེད་ནི་སྲིད་གཞུང་དེའི་ཁ་ཕོ་ལ་བལྟ་རྒྱུ་ཞིག་མ་ཡིན་པར་གང་དེས་བདེན་པ་སྐྱོང་མིན་དང་རྒྱུ་འབྲས་སྲུང་མིན་དང་མི་དམངས་བསམ་མིན་ལ་ཐུག་ཡོད་པ་བདེན་ན་ང་ཚོ་ཉམ་ཆུང་གི་མི་རིགས་འདི་ཡང་དེ་ལས་མ་འདས། གལ་ཏེ་རང་རིགས་རང་ལའང་ཡིད་རྟོན་མེད་པའི་སྐབས་སུ་ཅི་འདྲ་ཞིག་ཡིན་ནམ། སྤྱིར་ཡིན་ན་སྲིད་གཞུང་ནས་ཡོད་ཚད་ཐམས་ཅད་རྒྱལ་ཁབ་འདིའི་མངའ་ཁོངས་སུ་བགྲངས་བ་ལ་རང་ཁེ་མཐའ་ཡས་ཡོད་ཀྱང་སྲིད་མོད། འོན་ཀྱང་ཉུང་མཐའ་ཡང་རྒྱལ་ཁབ་འདི་ལ་དབང་བའི་མི་སེར་ཚོ་དེའི་སྤྱི་འབངས་ལ་ཁས་ལེན་མིན་ནི་གནད་ཀྱི་དམ་པ་རེད། གལ་ཏེ་སྤྱི་འབངས་སུ་ཁས་བླངས་གྱུར་ན་དེའི་བདེ་སྡུག་ཐམས་ཅད་ཐེད་ལ་བོར་ན་མི་འོས།
  གལ་ཏེ་བོད་པ་ཚོ་དད་ཞེན་ཆེ་མི་དྲགས་རྒྱུ་ན་ནང་མོ་དེར“ང་ཚོ་བོད་པ་ལ་ས་ཡོམ་བྱུང་མི་ཐུབ”ཟེར་བཞིན་ཕྱིར་ཉལ་མི་བྱ། གལ་ཏེ་ང་ཚོ་བོད་པ་ཧྲིལ་བོའམ་མང་ཆེ་བ་ལ་སློབ་གསོ་འཐོབ་ཚད་ཅུང་མཐོ་བ་དང་ས་ཡོམ་སྐོར་གྱི་ཤེས་བྱ་ཅུང་ཞིག་རྒྱུད་ལ་ཡོད་རྒྱུ་མ་མཐའ་ཡང་དོགས་པ་ཆུང་ཆུང་ཞིག་གི་འདུ་ཤེས་ཡོད་ངེས། གལ་ཏེ་བོད་པ་ཚོ་ལ་ས་ཁམས་སྐོར་གྱི་རྒྱུན་ཤེས་རགས་མོ་ཙམ་ཡོད་རྒྱུ་ན་ང་ཚོ་མདོ་དབུས་མཐོ་སྒང་འདི་འཛམ་གླིང་གི་ས་འགུལ་ལྟེ་གནས་ཤིག་ཡིན་པ་ལ་རྒྱུས་ལོན་རྟ་རྔ་ཙམ་ཡོད་སྲིད་པས་དེའི་བརྟག་ཐབས་ལ་དོ་སྣང་བྱ་ངེས་ཁོ་ཐག་ཡིན།
གལ་ཏེ་སྲིད་གཞུང་ནས་ས་གནས་མི་རིགས་ཀྱི་བཟོ་བཀོད་ལ་བརྟག་དཔྱད་བཟང་བོ་བྱས་ཏེ་ས་ཡོམ་ཉེན་འགོག་རང་བཞིན་ཅན་གྱི་བཟོ་བཀོད་ཀྱི་ཁྱད་ཆོས་དང་ལྡན་པར་མ་དཔེ་བལྟས་ཏེ་སླར་ཡང་འཛུགས་སྐྲུན་བྱས་ཟིན་ན་སྲོག་ཤོར་རྒྱུ་ཤོར་གྱི་གོད་ཆག་ཚབས་ཆེན་ཐེབས་མི་སྲིད། གལ་ཏེ་ད་དུང་མུ་མཐུད་དུ་ས་ཡོམ་འབྱུང་ངེས་པ་ལ་ཚོད་དཔག་བྱས་ཏེ་ས་གནས་ཀྱི་མི་རིགས་ལ་ས་ཡོམ་སྐོར་གྱི་ཤེས་བྱ་ཁྱབ་སྒྲོག་དང་བཟོ་བཀོད་གསར་བརྒྱག་ལ་ཉེན་འགོག་གི་ནུས་པ་ལྡན་པའི་ཁང་བཟོ་བྱེད་སྟངས་ལག་བསྟར་བླངས་ན་ཅི་འདྲའི་སྨན་ཆེ་ཨང་།
གལ་ཏེ་མི་དམངས་ནས་དཀར་ཐིག་གནང་བ་ཐམས་ཅད་གཅིག་ཀྱང་ཆད་ལྷག་མེད་པར་གནོད་ཐེབས་ས་ཁུལ་གྱི་མི་དམངས་ཚོའི་ལག་ཏུ་སོན་ཐུབ་པ་བྱུང་ན་ཅི་འདྲའི་དགའ་བའི་ཡུལ་མིན་ཨང་། གང་ལྟར་ཀྱང་ཉུང་མཐའ་ཡིན་ན་ཡང་བརྒྱ་ཕྱེད་ཙམ་ལག་ཏུ་འཕྲོད་ན་བློ་བདེ་ཞེས་བཤད་ཆོག གལ་ཏེ་ང་ཚོའི་ཁ་དཔེར་ཟས་མི་ལག་བརྒྱུད་ན་ཇེ་ཉུང་ཡིན་ཞེས་པས་མཚོན་པའི་སྐབས་འཚོལ་རིང་ལུགས་པ་དག་གིས་ཁྲི་ཚང་གི་གོ་སྐབས་ལྟར་རང་གི་ཁུག་མ་རུ་མ་བཅུག་ན་ཅི་འདྲའི་དགའ་བ་ལ་ཨང་། གལ་ཏེ་གོང་སྲིད་གཞུང་ནས་རུལ་སུངས་ལ་དགག་ཅིང་ཐེར་འདོན་བྱས་ཏེ་དམངས་སེམས་གཅིག་ཏུ་སྒྲིལ་ན་ཅི་འདྲའི་དགྱེས་པ་ལ་ཨང་། གལ་ཏེ་ཤུལ་ལུས་རྒན་བྱིས་དག་ལ་ཁག་ཐེག་གི་ལྟོ་རྒྱབ་ཙམ་ཡོད་ཅིང་ཁྲི་ཚང་ལྟར་འཁྱམ་ལྡོམ་བྱ་མི་དགོས་པའི་བཀོད་སྒྲིག་འཐུས་ཚང་ཞིག་ཡོད་ན་ཅི་འདྲའི་མི་སྤྲོ་ཨང་། གལ་ཏེ་གནོད་ཐེབས་ཀྱི་སློབ་མ་དག་རང་གི་མི་རིགས་དང་འཚམ་པའི་སློབ་གསོའི་ཁོར་ཡུག་ཅིག་ཏུ་བསྐྱལ་ཐུབ་པ་བྱུང་ན་ཅི་འདྲའི་ཡིད་སེམས་བརྟས་པ་ལ་ཨང་།
   གལ་ཏེ་འདི་འདྲའི་གནོད་འཚེའི་སྐབས་སུ་ང་ཚོ་མིའི་རིགས་ཀྱི་ཤེས་རིག་དང་དཔལ་ཡོན་གྱི་འབྲས་རྟགས་སུ་མངོན་པའི་གློག་རྡུལ་གྱི་བརྙན་རིས་དང་ཡི་གེའི་པིར་སྨྱུག་གང་གིས་ཀྱང་ང་ཚོའི་ཡིད་སེམས་ཀྱི་དྲན་འཛིན་རྣལ་མ་དེ་དང་ཤི་རྨས་ཐམས་ཅད་ཀྱིས་མྱངས་དང་མྱོང་བཞིན་པའི་སྡུག་བསྔལ་གྱི་གོ་རིམ་དང་མྱོང་བ་ཐམས་ཅད་གསལ་གྱི་ལེར་མིག་ལམ་དུ་སྟོན་ཐུབ་པ་བྱུང་ན་ཅི་འདྲའི་རླབས་ཆེན་ཞིག་རེད་ཨང་། ཏག་ཏག་ལྡོག་སྟེ་འདི་འདྲའི་གནོད་འཚེའི་འཇིགས་པ་དམ་དུམ་ཞིག་ལས་ང་ཚོའི་ལོ་རྒྱུས་དང་རིས་སུ་ཕབ་ཐབས་མི་འདུག འདིའི་སྐབས་སུ་ཚེ་སྲོག་ཤོར་བའི་ཁ་གྲངས་ཨང་ཀིས་མཚོན་ལ་སྡུག་བསྔལ་གྱི་འཕག་འཚག་རིང་མོ་བརྙན་པར་གྱིས་མཚོན་པར་བྱེད་པ་ནི་ཅི་འདྲའི་ཉམ་ཆུང་རེད་ཨང་། འདི་ལས་ཤེས་རིག་གཞན་པ་ཞིག་གསར་གཏོད་བྱེད་མ་ཐུབ་པའི་སྐྱོན་དེ་སུ་ལ་འགེལ་ཨང་།
གལ་ཏེ་སྲིད་གཞུང་ནས་ཁྲིམས་ལུགས་སུ་ཐག་གཅོད་གནང་བ་ལྟར་སྐྱེ་བུ་སོ་སོ་དང་ཡོན་ཏན་པ་དང་ཤེས་ཡོན་ཅན་ཐམས་ཅད་ལ་གནས་ཚུལ་རྒྱུས་ལོན་བྱེད་པའི་ཁེ་དབང་གཙང་མ་ལྡན་པ་དོན་དངོས་ཡིན་པ་དང་། རིག་གནས་པ་ལ་སྨྲ་བརྗོད་རང་དབང་དང་དྲང་བརྗོད་ཁེ་དབང་ཡོད་པ་དོན་དངོས་ཀྱིས་ཁས་ལེན་པ་ཡིན་ན། མི་སེམས་ལ་རྟག་ཏུ་འཕྱོ་བ་ནི་གཞུང་དྲང་དང་བྱམས་བརྩེ་དེ་ལོས་ཡིན།
གལ་ཏེ…………

『མཐའ་ཞུ』ཁོ་བོའི་འབོལ་རྩོམ་འདི་ནི་ཁོ་བོས་ས་འགུལ་གྱིས་གནོད་པ་ཐེབས་པའི་ཉམས་སྣང་ལ་བསམ་གཞིག་གིས་བློས་བསླངས་བྱས་པ་ཞིག་ཡིན། རྒྱུ་མཚན་ནི་འདི་འདྲའི་འཇིགས་རུང་གི་གནོད་འཚེ་མདུན་དུ་བརྙན་རིས་དང་ཡིག་ངོས་གང་གིས་ཀྱང་སྐབས་དེའི་སྡུག་བསྔལ་གྱི་གོ་རིམ་དང་སྡུག་བསྔལ་ཡོད་ཚད་སྟོན་མི་ཐུབ་པར་འདོད། དེར་ཁོ་བོས་མི་རྣམས་ལ་འཐོབ་པའི་ཆ་འཕྲིན་དམ་དུམ་ཡིན་པ་དང་། ཤུལ་ལུས་ཀྱི་གོད་ཆག་དམ་དུམ་ཡིན་པ། མི་ཚོའི་དྲན་འཛིན་དམ་དུམ་ཡིན་པ། བརྙན་རིས་དང་པར་རིས་སོགས་ཀྱང་དམ་དུམ་ཡིན་པ་བཅས་ལ་གཞིགས་ནས་འབོལ་རྩོམ་གྱི་ཕྱིའི་ལུས་ཀྱི་ཆ་ནས་དམ་དུམ་ཁ་འཐོར་གྱི་རྣམ་པ་མངོན་ཅི་ཐུབ་བྱས་ཡོད་པས་རང་ཉིད་ཀྱི་ངོས་ནས་གསར་གཏོད་ཆེན་པོ་ཞིག་དང་བློས་བསླངས་ཆེན་པོ་ཞིག་ཡིན་པར་འདོད། རྒྱུ་མཚན་ནི་སྐབས་དེའི་སྙན་རྩོམ་ཚང་མའི་བརྗོད་བྱ་དཀྱུས་གཅིག་ཏུ་བབ་ཡོད་པ་དང་དེ་ཡང་སྐྱོ་སྡུག་གི་སེམས་གསོ་དང་གདུང་སེམས་ཀྱི་ཡིད་འགྱུར་སྟོན་པ་ལ་ཕྱི་ལུས་དང་ནང་བརྗོད་བྱའི་ཉིས་ཐད་ནས་རྩོམ་པོ་རང་ཉིད་ཀྱི་དབང་དུ་ཡོང་མེད་པ་དང་རང་སེམས་ཀྱི་དྲན་འགྱུ་གསལ་བོར་སྟོན་པར་རྩོམ་ལུགས་ཀྱིས་ཚོད་འཛིན་ཐེབས་ཡོད་པར་འདོད་པའི་དབང་གིས་གནོད་འཚེའི་གནས་བབ་ངོ་མ་སྟེ་ཆག་རོ་དང་དམ་དུམ་དང་ཁ་འཐོར་གྱི་རྣམ་པ་དེ་ཡིག་ངོས་ན་མངོན་མི་འདུག་སྙམ། དེེ་ལྟ་བས་ན་འབོལ་རྩོམ་འདི་ལ་རྩོམ་ལུགས་ཤིག་གི་ཚོད་འཛིན་ཐེབས་སུ་བཅུག་མེད་པས་ཚིག་ངོས་དང་དོན་ངོས་ཉིས་ཐད་ནས་གནོད་ཐེབས་ཀྱི་གནོད་འཚེ་དངོས་དང་དེ་འབྲེལ་གྱི་མིའི་སྤྱོད་ལམ་དག་ཡིག་ལམ་ལ་ཇི་བཞིན་དུ་སྟོན་ཡོད་པར་འདོད་དོ།།
མཆན།   1 སའི་རུས་པ་བྲག་དང་རྡོ། རྒྱུས་པ་ལམ། ཁྲག་ཆུ། བ་སྤུ་རྩི་ཤིང་ནགས་ཚལ། ཤ་ས། དབུགས་རླུང་ཡིན། ཞེས་བོད་རང་གི་ས་དཔྱད་དུ་གསལ།
   2སའི་གོ་ལའི་དུམ་ལེབ་དྲུག་ནི་ཡ་ཡོབ་དུམ་ལེབ་དང་མེ་གླིང་དུམ་ལེབ། ཧྥེ་གླིང་དུམ་ལེབ། ལྷོ་སྣེ་གླིང་དུམ་ལེབ། ཞི་བདེ་རྒྱ་མཚོ་དུམ་ལེབ། ཧིན་རྡུ་རྒྱ་མཚོ་དུམ་ལེབ་བཅས་སོ།།
  3 བོད་རང་གི་ཡུལ་ལུང་སོ་སོའི་ཁང་བའི་བཟོ་བཀོད་ལ་བརྟག་ན་ཤེས་ཐུབ། ལྷག་ཏུའང་མདོ་དབུས་ཁམས་གསུམ་གྱི་ཡ་གྱལ་ཏེ་ཆུ་བཞི་སྒང་དྲུག་གི་ལྟེ་ཁུག་ན་ཆགས་པའི་ཁམས་ཀྱི་བཟོ་བཀོད་དག་ལ་བལྟས་ན་ཧ་ཅང་གསལ་བོ་རེད། ཁང་བར་ཐོག་རྩེག་གསུམ་དུ་བྱེད་ཅིང་ཐོག་རྩེག་རེ་རེའི་བར་སྟོང་ཅུང་གུ་དོག་པ་རེད། མ་ཟད་ཁང་མིག་རེ་རེའི་ཁོད་རྒྱ་ཡང་ཧ་ཅང་གུ་དོག་པར་བྱེད། དེ་ནི་ཉི་ཧོང་རྒྱལ་ཁབ་ནས་ཐོག་རྩེག་གི་རྩེག་རིམ་གྱི་བར་སྟོང་ཧ་ཅང་གུ་དོག་པར་བྱེད་པ་ནི་ས་ཡོམ་ལ་འཛེམ་ཞིང་དེ་ཉིད་འགོག་སྲུང་གི་དགེ་མཚན་ལ་བལྟས་པ་དང་ཤིན་ཏུ་ཆ་འདྲ་བ་རེད། དེར་བལྟས་ན་ང་ཚོ་བོད་ཁུལ་ནི་ས་འགུལ་མང་ས་ཡིན་པ་དང་ཡབ་མེས་ཚོས་དེའི་གནས་ལུགས་ཧ་གོ་ནས་དེ་འདྲའི་འགོག་སྲུང་རང་བཞིན་ལྡན་ཞིང་ས་གནས་རང་བཞིན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་བཟོ་བཀོད་ལག་རྩལ་བསྐྲུན་ཡོད་པ་རེད། དེས་ན་ང་ཚོ་བོད་པ་ནི་གནའ་སྔ་མོ་ནས་ས་ཡོམ་ལ་ཆ་རྒྱུས་ཧ་ཅང་ཡོད་ཅིང་དེ་ཉིད་སྔོན་འགོག་གི་འདུ་ཤེས་ཧ་ཅང་ཟབ་པས་ས་ཡོམ་ཤེས་བྱའི་ཐད་ནས་འཛམ་གླིང་གི་མི་རིགས་སྔོན་ཐོན་ཅན་ཞིག་ཡིན་པ་ལ་ཁོ་བོས་འདོད་དོ།། ཁོ་བོས་འདི་འདྲའི་གདེང་ཚོད་ཡོད་པའི་སྐད་ཆ་བཤད་དོན་ནི་རང་ཉིད་དངོས་སུ་བོད་རང་གི་མདོ་དབུས་ཁམས་གསུམ་གྱི་ས་ཆ་མང་ཆེ་བ་ལ་བསྐོར་བ་བརྒྱབ་ཟིན་པ་ལ་གཞི་བྱས་ཤིང་བསམ་བློ་བཏང་བས་ཡིན་པ་ལས་དེབ་ངོས་ཆིག་རྐྱང་ཙམ་ལ་རྟོག་པའི་ཁང་སྦུག་གི་ལྟར་སྣང་རང་སྣང་མཐོ་བའི་སྐད་ཆ་རློམ་དྲེགས་ཅན་གཏན་ནས་མིན། དཔེར་ན། ཁམས་བྲག་མགོ་ཡུལ་གྱི་ཉེ་འབྲེལ་གྲོང་པ་དག་གི་སྡོད་ཁང་ལ་བལྟས་ན་ཤིན་ཏུ་གསལ་ཁ་འདོན་ཐུབ། བྲག་མགོ་ནི་ས་འགུལ་གྱི་ལྟེ་བ་ཞིག་ཡིནཔས་སོ།།
4 རྒྱ་ལུགས་ཀྱི་ཁང་བཟོ་ནི་དེ་ལས་ལྡོག་སྟེ་གྱང་རྟིང་ཟབ་མོ་མིན་པས་ཁོ་ཚོས་བོད་ཁུལ་དུའང་རང་ཉིད་ཀྱི་དཔེ་ལུགས་ལྟར་ཁང་བཟོ་རྩིག་བཟོ་བྱེད་ཀྱིན་ཡོད་པས་ཐོག་རྩེག་མཐོན་པོ་ལ་ཡང་གྱང་རྟིང་ཟབ་མོ་ཞིག་གཏན་ནས་མེད་པར་སྨི་གཅིག་ཙམ་གྱི་གཡས་གཡོན་ལས་མེད་པ་རེད། འདི་ནི་ས་ཡོམ་སྔོན་འགོག་མེད་པའི་བཟོ་བཀོད་སྟབས་བདེ་ཙམ་རེད།
5 རིག་གནས་ཀྱི་གོང་ཐང་ལྟ་ཚུལ་དང་དབྱེ་གཅོད་རྣམ་གཞག་སོགས་གཏན་ནས་མི་འདྲ་ཡང་རང་གཞན་གཉིས་ཕན་གྱི་ཆེད་དུ་ཁེ་དབང་དང་རང་དབང་དང་འདྲ་མཉམ་རྩ་དོན་དུ་བཟུང་ནས་སོ་སོའི་གོང་ཐང་ལྟ་ཚུལ་ལ་ནམ་ཡང་མི་གནོད་པར་ཐུན་མོང་གིས་གཞི་གཅིག་ཏུ་འབྲེལ་འདྲིས་དང་འཆམ་མཐུན་ལ་བརྩོན་ལེན་བྱེད་པ་ལ་གོ
6ས་གནས་ཀྱི་མི་ཤུགས་དང་རྒྱུ་ཤུགས་ཀྱིས་མཚོན་པའི་གཟུགས་ཡོད་ཐོན་ཁུངས་དང་རིག་གནས་དང་སེམས་ཁམས་ཀྱིས་མཚོན་པའི་གཟུགས་མེད་ཐོན་ཁུངས་ནི་མཁོ་ངེས་ཀྱི་རྩ་བའི་ཆ་རྐྱེན་དང་རྨང་གཞི་ཡིན་པ་རེད།
 7.2010.1.12ཉིན་མེ་གླིང་བྱང་མའི་ཧེ་ཐེ་རྒྱལ་ཁབ(海地,Haiti)ལ་ཚད་རིམ7.3ཅན་གྱི་ས་འགུལ་བྱུང་། 2010.2.13ཉིན་རྒྱ་མཚོ་ཆེན་པོ་གླིང་གི་ཐོན་གྷ་རྒྱལ་ཁབ(汤加,Tonga)ལ་ཚད་རིམ6.3ཅན་གྱི་ས་འགུལ་བྱུང་། 2010.2.27ཉིན་མེ་གླིང་ལྷོ་མའི་ཆི་ལེ་རྒྱལ་ཁབ(智利,Chile)ལ་ཚད་རིམ8.8ཅན་གྱི་ས་འགུལ་བྱུང་། 2010.2.27ཉིན་ཡ་གླིང་གི་ཉི་ཧོང་རྒྱལ་ཁབ(日本,Japan)ལ་ཚད་རིམ6.9ཅན་གྱི་ས་འགུལ་བྱུང་། 2010.2.28ཉིན་ཡ་གླིང་གི་ཕ་ཁི་སི་ཐན་རྒྱལ་ཁབ(巴基斯坦,Pakistan)ལ་ཚད་རིམ6.2ཅན་གྱི་ས་འགུལ་བྱུང་། 2010.3.4ཉིན་ཐེ་ཝན་ལ་ཚད་རིམ6.7གྱི་ས་འགུལ་བྱུང་། 2010.3.8ཉིན་ཡ་གླིང་གི་ཐུར་ཁེ་རྒྱལ་ཁབ(土耳其,Turkey)ལ་ཚད་རིམ6.0ཅན་གྱི་ས་འགུལ་བྱུང་། 2010.4.5ཉིན་མེ་གླིང་བྱང་མའི་མོ་སི་ཁོ་རྒྱལ་ཁབ(墨西哥,M exico)ལ་ཚད་རིམ7.2ཅན་གྱི་ས་འགུལ་བྱུང་། གཞན་ཡང་སྐམ་སའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཡང་ས་འགུལ་མང་པོ་བྱུང་ཡོད་པ་རེད། (2010.4.15《ལྷོ་ཕྱོགས་གཟའ་མཇུག་ཚགས་པར》ཚན་རིགD26ལས་དྲངས)
8.ད་རེབ་ཀྱི་ས་ཡོམ་སྐབས་སུ་འཛམ་གླིང་གི་རིགས་སོ་སོའི་གཞུང་སྒེར་ཐམས་ཅད་ཀྱིས་ཞལ་འདེབས་ཕུལ་དང་འབུལ་བཞིན་ཡོད་པར་སེམས་ཁུང་རུས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞོར་དུ་ཞུ་རྒྱུ་ཞིག་ལ་སྐད་ཆ་འདི་ལ་དཔེ་གསོན་པོ་ཞིག་འགོད་རྒྱུ་ཡོད་དེ། རྒྱ་ཡུལ་གྱི་རྒྱ་བྱ་བརྙན་འཕྲིན་ཁང་གིས་གནོད་ཐེབས་ས་ཁུལ་ལ་དངུལ་སྒོར་གྱི་རོགས་སྐྱོར་བྱེད་འདོད་པར་རྒྱ་ནག་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་མ་སྤྲད་པར། གནོད་ཐེབས་ས་ཁུལ་ལ་དངོས་སྐྱོད་བྱ་བཞིན་པའི་བོད་ཀྱི་འཐུས་ཚབ་མི་སྣ་ལ་སྤྲད་པ་རེད། ད་དུང་བཤད་རྒྱུར་ང་ཚོས་ནི་ང་ཚོའི་རོགས་དངུལ་ཕྲན་བུ་འདི་གནོད་ཐེབས་ས་ཁུལ་གྱི་ཉམ་ཐག་པའི་མི་སེར་ལ་དངོས་འཕྲོད་བྱ་རྒྱུ་བྱུང་ན་བསམ་པ་དང་རྒྱ་ནག་སྲིད་གཞུང་ལ་ཡིད་ཆེས་མེད་པའི་རྐྱེན་གྱིས་ཁྱོད་ཚོར་བསྐུར་བ་ཡིན་ཞེས་ཟེར་སྐད། གཞན་ང་ཚོའི་མིང་ཐོ་དང་དངུལ་གྲངས་ཐོ་འགོད་བྱ་མི་འདོད་པ་ཡིན་ཞེས་ཟེར་སྐད།
གཞན་ཡང་གཞེས་ནིང་ལོར་ཁྲི་ཚང་གི་ས་འགུལ་བྱུང་དུས་རྒྱ་ནག་སྲིད་གཞུང་གིས་བསྒྲགས་པ་ལྟར་ན་ས་འགུལ་གྱི་ཚད་རིམ་ནི7.8རེད་མོད། འོན་ཀྱང་ཨ་རིའི་ཆེད་མཁས་པའི་བརྟག་འབྲས་ལྟར་ན་ཚད་རིམ8.0ཡིན་པ་རེད། དེར་ཐོག་མའི་དུས་སུ་རྒྱ་ནག་སྲིད་གཞུང་ནས་ཡོ་བསྲང་མ་བྱས་ལ་རྗེས་སུ་ཟླ་བ་ཁ་ཤས་འགོར་རྗེས་ཚགས་ཤོག་དང་གསར་ལམ་ཁག་ཏུ་བཅོས་བསྒྱུར་བྱས་པ་རེད། འདི་ལ་བརྟག་རྒྱུ་ཞིག་ཡོད་དེ། གཅིག་ནས་རང་ཉིད་མི་འགྲིག་ཀྱང་ཨུ་ཚུགས་མཐའ་སྐྱེལ་བྱས་པ་མཚོན། གཉིས་ནས་རང་ཆེ་རང་མཐོའི་འདུ་ཤེས་བཙན་པ་མཚོན། གསུམ་ནས་མི་དམངས་ཀྱིས་སྲིད་གཞུང་གི་ལས་སྟངས་ནན་ཏན་མིན་པ་ཤེས་པར་དོགས་པ་མཚོན། བཞི་ནས་གཞུང་དྲང་བློ་དཀར་མིན་པ་མཚོན། ལྔ་ནས་ཚེ་སྲོག་ལ་དོ་ཁུར་བྱེད་ཀྱིན་མེད་པ་མཚོན། དྲུག་ནས་སྒེར་མིའི་ཚེ་སྲོག་ལས་སྤྱི་གཞུང་གི་མཚན་སྙན་གཙོ་བའི་འདུ་ཤེས་ཤུགས་དྲག་མཚོན་པ་སོགས་ཡོད། དེ་བས་ང་ཚོ་ཡང་ཡིད་རྟོན་བྱེད་དཀའ་འོ།།

                                                                                                                       2010/5/25ཉིན་ཚར།

『ཡང་ཞུ』ཁོ་བོའི་འབོལ་རྩོམ་འདི་ནི་ན་ནིང་གི་ཁམས་སྐྱེ་རྒུའི་ས་ཡོམ་ལ་དུས་ཐོག་ཏུ་བྲིས་པ་ཞིག་ཡིན་པ་མ་ཟད། སྐབས་དེར་ཀན་སུའུ་མི་རིགས་སློབ་གླིང་བོད་ཡིག་སྡེ་ཁག་གིས་སྒྲུབ་པའི་དུས་དེབ༼འདབ་ལྡན༽ལ་ཡང་བཀོད་ཟིན་པའི་རྩོམ་རྙིང་ཞིག་ཡིན་མོད། འོན་ཀྱང་ད་ལོར་ཡང་བསྐྱར་ས་ཡོམ་དུས་དྲན་ལ་དྲ་ཐོག་ཏུ་འགོད་དོན་ནི། གཅིག་ནས་སྐབས་དེའི་འདབ་ལྡན་སྟེང་བཀོད་པའི་ངའི་རྩོམ་ཡིག་ལ་མ་ཡིག་ལ་མེད་པའི་ཡིག་ནོར་མང་པོ་ཤོར་ཡོད་པས་རང་སེམས་ལ་ན་ཟུག་ཆེ་བ་དང་། གཉིས་སུ་རང་ཚོད་ཀྱི་འབོལ་རྩོམ་ངོམ་དུ་རི་བ་ཞིག་ཡིན་པར་འདོད་པའི་ང་རྒྱལ་ཡོད་པ་སྟེ་དངོས་ཡོད་རྒྱུན་ཤེས་ཀྱིི་གནས་ལུགས་ལ་བརྟེན་ནས་ར་སྤྲད་ཡོད་པ། གསུམ་དུ་ཐམས་ཅད་ལ་དུས་ཐོག་དྲན་སྐུལ་གྱི་ནུས་པ་གདོན་ཐུབ་པར་འདོད་པ།བཞི་རུ་རང་བྱུང་གནོད་འཚེ་ལས་གཞིས་ཁྱིམ་བྲལ་ཞིང་རྐྱེན་ལམ་ལ་ཤོར་བའི་རང་རིགས་སྤུན་ཟླ་ཚོར་དུས་དྲན་གྱི་གདུང་སེམས་བཅངས་པ།ལྔ་རུ་ཡོད་ཚད་ཀྱི་ཡོད་ཚད་དེ་རང་ཉིད་དང་རང་རིགས་ལ་བརྟེན་པ་ལས་གཞན་རྟེན་གཞན་སྙེག་གི་འདུ་ཤེས་ཀྱིས་ཅི་ཡང་མི་འཁྱོངས་གང་ཡང་མི་འགྲུབ་པའི་ནན་སྐུལ་དང་ཚ་འདྲི་གཏོང་ཆེད་བཅས་ཀྱི་ཆེད་དུའོ།།

འཁྲེང་ཞེན་གཉོམ་པོ་ཞིག་གི་བཟི་ཁ་ན། ངས་ཁྱེད་རང་དྲན་བཞིན་ཡོད། ཇོ་སྲས་ཚེ་རིང་བསམ་གྲུབ།

 
           ༤.༡༤ས་ཡོམ་གྱི་རྗེས་དྲན་དུ།
                        ཀ
ཡུལ་ཤུལ། ཐག་རིང་ཐག་རིང་ཞིག་ནས་ངས་ཁྱེད་ཀྱི་གླུ་སྐད་ལ་ཉན་དུས།
ཁྱོད་དང་ང་ཡི་བར་ཐག ངས་ནམ་ཡང་དྲན་གདུང་གིས་འཇལ་བཞིན་ཡོད།
ཁྱོད་དང་ང་ཡི་བརྩེ་སེམས། ངས་ནམ་ཡང་ཉི་འོད་ཀྱིས་གཉོར་བཞིན་ཡོད།
                          ཁ
ཡུལ་ཤུལ། ཐག་ཉེ་ཐག་ཉེ་ཞིག་ནས་ངས་ཁྱེད་ཀྱི་ན་ཟུག་ཚོར་དུས།
ཁྱོད་ཀྱི་མིག་ཆུ་ངའི་སེམས་ཁོང་ལ་ཟགས་བཞིན་ཡོད།
ཁྱོད་ཀྱི་སྐྱོ་སྡུག་ངའི་མིག་རྐོང་ལ་འཁྱིལ་ནས་འོང་།
ངས་དྲན་དྲན་པའི་མཐར་ཁྱོད་ཀྱི་འཛུམ་མདངས་སྟོན་མཇུག་གི་མེ་ཏོག་འདྲ་བྱུང་།
ངས་གླེང་གླེང་བའི་མཐར་ཁྱེད་ཀྱི་གཏམ་རྒྱུད་ཐུན་གསུམ་གྱི་རྨི་ལམ་ལས་མ་འདས།
དེ་དུས་ངས་རི་རྒྱལ་པང་ལ་བཟུང་ཡང་ཆད་སྣང་མ་བྱུང་།
དེ་དུས་ངས་མཚོ་མོ་ཧུབ་ཀྱིས་བཞིབས་ཀྱང་སྐོམ་གདུང་མ་སེལ།
                          ག
དེ་རིང་། ངས་དྲན་མི་འདོད་པའི་ན་ནིང་གི་དེ་རིང་དེ་དྲན་བྱུང་།
དེ་རིང་།ངས་གླེང་མི་འདོད་པའི་ན་ནིང་གི་ཞོགས་པ་དེ་དྲན་བྱུང་།
ཞོགས་པ་དེར། བསམ་དབང་དྲན་དབང་མེད་པའི་ཞོགས་པ་དེར།
འཇིགས་རུང་ས་ཆེན་གྱི་སྨྱོ་ཧམ་ཐེངས་ཤིག་གིས།
ངའི་ཕུ་ནུ་མིང་སྲིང་། ངའི་ནང་མི་སྤུན་ཟླ། ད་དུང་་་་་་་་་་་།
ཁ་ཆེམས་དང་ཕྱི་མིག་ཙམ་ཡང་མེད་པར་ཐག་རིང་ཐག་རིང་ཞིག་ལ་ཁྲིད་སོང་།
རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་པར་ཡོད་ཚད་ཐལ་བར་བརླགས་སོང་།
ངས་མགོ་བོ་གྱང་ལ་རྒྱབ་ནས་རང་སྲོག་བཅད་ཀྱང་།
ངས་ངུ་འབོད་མཁའ་ལ་གཏོར་ནས་མིད་པ་གཤགས་ཀྱང་།
སུས་ཀྱང་ང་ལ་ཨ་ལན་མ་བྱིན། སུས་ཀྱང་ང་ལ་བདེན་ཁ་མ་བྱིན།
                           ང
སྐྱོ་གར་དེས། ང་ཡི་ཕ་ཡུལ། ང་ཡི་མི་རིགས།
དགུན་གསུམ་གྱི་དར་ལ་སྦྱར་ནས་ཡུན་རིང་འགོར་སོང་།
མར་མེ་ཡི་འོད་སྣང་བསྙེགས་བཞིན་ལམ་ལ་ཆས་ཟིན།
ད་ལྟ། ཉི་མའི་བརྩེ་འཛུམ་མཐོང་དུས་ཨ་མ་དྲན་བཞིན།
ཟླ་བའི་འོད་ཟེར་འཐུ་ཞོར་ཨ་ཕ་གླེང་བཞིན།
སྐར་ཚོགས་ཟུར་མིག་ཕོག་དུས་ཕུ་ནུ་བསམས་བཞིན།
ངས་ཅི་ཡང་བཙལ་མྱོང་ལ་ཅི་ཡང་དྲན་མྱོང་ནའང་།
ཁོད་ཡངས་པའི་ས་ཆེན་འདིའི་བྲང་གཞུང་སྟོང་སིང་སིང་།
སྨག་ནག་པའི་མཚན་ལྗོངས་འདིའི་ཡོད་ཚད་འཁྱགས་སིབ་སིབ།
ཡོད་ཚད་འཁྱུར་མིད་བཏང་ཟིན་པའི་ས་ཆེན་འདིའི་ལག་མཐིལ་ནས།
ངས་ཡང་བསྐྱར་ཐ་མག་རྐང་གཅིག་ལ་མེ་སྒྲོན་དགོས་སོང་།
                             ཅ
ཡུལ་ཤུལ། དྲན་སླ་ཞིང་བརྗེད་དཀའ་བའི་ན་ནིང་གི་དེ་རིང་།
ཁྱོད་དང་ངའི་འཇིག་རྟེན་ལ་རྡོག་བརྫིས་གཏོང་མཁན་གྱི་གཤེད་མ་དེ་ཡིན་ནའང་།
ན་ཟུག་དང་ཉི་འོད་གང་མང་ཞིག་གི་བར་གསེང་ན་འཛུམ་པའི་ད་ལོའི་དེ་རིང་།
སྐྱོ་གདུང་གི་རྒས་གཉེར་བར་ནས་འཁྲེང་ཞེན་གྱི་རྔུལ་ཁྲག་འབྱིད་ཞོར།
འདས་ཟིན་པ་ཡོད་ཚད་དག་བསྐྱུར་ནས་ལམ་ལ་ཆས་དང་།
ཁ་བ་དང་གངས་རི་ཡོད་ས་ནས་ང་ཚོ་ནམ་ཡང་འགྱེལ་མི་སྲིད།
དུང་སེམས་དང་རིགས་མཐུན་ཡོད་ས་ནས་ང་ཚོ་ནམ་ཡང་ཕམ་མི་སྲིད།
ཁྱོད་ཀྱིས་ལྟོས་དང་།
དཔྱིད་ཀྱི་བུ་མོས་ཁྱེད་ལ་དགའ་དུང་གི་གཡབ་མོ་བྱེད་བཞིན་མཆིས་ལ།
ལྗང་མྱུག་གི་ལང་ཚོས་ཀྱང་ཁྱེད་ལ་རྒྱལ་ཕམ་གྱི་གནས་ལུགས་བཤད་བཞིན་འདུག
ད་དུང་བགྲང་ལས་འདས་པའི་ཆོལ་གསུམ་གྱི་སྙིང་ཆུང་དམར་པོ།
ཁྱོད་ཀྱི་འདས་མ་ད་གསུམ་གྱི་གཏམ་རྒྱུད་ཀློང་ན་འཕར་ལྡིང་གི་གར་ལ་བྲེལ་འདུག

ཡུལ་ཤུལ་ལགས། ང་ཚོ་ནམ་ཡང་མཉམ་དུ་ཡོད། ཐོག་མདའ།


ཡུལ་ཤུལ་ལགས་བསྐལ་བ་འདི་མ་རྫོགས་བར་དུ
ང་ཚོ་ནམ་ཡང་ཁྱེད་དང་དྲང་ཐིག་གཅིག་ཏུ་ལངས་པའི
ཤི་གསོན་མཉམ་གནས་ཀྱི་སྤུན་ཟླ་ཡིན


༼དྲ་རྩོམ་སྙན་ངག་ཅིག་ལས་དྲངས།༽


ཀྱེ་མ ཁྲག་དམར་འཛར་འཛར་གྱི་དེ་རིང
རྒྱུ་འབྲས་ཀྱི་མིག་ཟུང་བོར་བའི་ས་ཆེན་པོས
བྲེལ་འཚུབ་ཀྱི་འགུལ་སྟངས་ཤིག་གིས
ངའི་ཕུ་ནུ་མིང་སྲིང་ཚོའི་ཚེ་སྲོག་བཅོམ་ནས་བུད་སོང
ངའི་ནང་མི་སྤུན་ཟླ་ཚོའི་གཞིས་ཁྱིམ་གཏོར་ནས་བུད་སོང

ཡུལ་ཤུལ་གྱི་ངའི་ཕུ་ནུ་མིང་སྲིང་ཚོ ནང་མི་སྤུན་ཟླ་ཚོ
ང་ཚོར་སེར་གས་ཀྱི་གོད་ཆག་ཇི་ལྟར་མང་སྲིད་ཀྱང་
ང་ཚོ་ནམ་ཡང་མཉམ་དུ་ཡོད
ང་དང་ཁྱེད་ལ་བཙན་པོ་མི་རབས་ཀྱི་ཁྲག་རྒྱུན་ཡོད་པས
ང་ཡི་བདེ་སྡུག་དེ་ཁྱེད་ཀྱི་བདེ་སྡུག་ཡིན་སྲིད་ལ
ཁྱེད་ཀྱི་བདེ་སྡུག་དེ་ང་ཡི་བདེ་སྡུག་ག་ལ་མིན་སྲིད་ཨང

མ་མེད་དྭ་ཕྲུག་ཏུ་གྱུར་བའི་ཨ་མའི་ལོ་ལོ་ཚོ
གྲོགས་མེད་ཁེར་རྐྱང་གི་སྟག་ཤར་སྨན་ཤར་ཚོ
ལག་རྟེན་ས་རྡུལ་ལ་འཐིམ་པའི་ཕ་ལོ་མ་ལོ་ཚོ
ཡོད་ཚད་ལོ་རྒྱུས་སུ་གྱུར་ཟིན་པའི་ཏག་ཏག
སེམས་མ་སྐྱོ་སེམས་མ་སྡུག་ང་ཡི་ཡུལ་ཤུལ་ལགས
ང་ཚོའི་ལག་པ་ནམ་ཡང་ཁྱེད་ཚོར་འཇུས་ནས་ཡོད
ང་ཚོའི་སེམས་པ་ནམ་ཡང་ཁྱེད་ཚོར་བརླན་ནས་ཡོད

ཡུལ་ཤུལ་ཡ ཁྲག་རྣག་གི་རྫིང་བུའི་གཡས་འགྲམ་གཡོན་འགྲམ་ན
ཕུ་ནུ་མིང་སྲིང་དང་ནང་མི་སྤུན་ཟླ ཕ་ལོ་མ་ལོ་སོགས
མགོ་བཅད་རྐང་གཏུབ་ཀྱི་སྐྱོ་གར་དེ་མིག་གིས་མཐོང་ཡང
བཙན་པོའི་རྒྱུད་ཀྱི་དཔའ་བོ་ཚོ ཤི་བོའི་རྗེས་ཀྱི་གསོན་པོ་ཚོ
ཡིད་མ་སྐྱོ་ཡིད་མ་སྡུག་དང་
དུས་ཚོད་ཀྱི་རྨུ་ཐག་རིང་བོས་ཁྱེད་ལ་འགྱོད་གཤགས་བྱེད་ངེས་ཡིན་ལ
གཡག་རོག་གི་རྭ་རྩེ་ནས་ཤི་བོ་ཚོར་འོད་ཐིགས་ཤིག་ཀྱང་མཆེད་ངེས་ཡིན

ཀྱེ་ཀྱེ་ཡུལ་ཤུལ་ལགས ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ངང་ནས
མིག་ཆུ་དང་ངུ་ངག ཁྲག་དམར་དང་སྐྱོ་གདུང་སོགས
མཐུན་སྒྲིལ་གྱི་དཔུང་སྟོབས་ཀྱིས་ཕར་ལ་དེད་ནས
ང་ཚོས་སླར་ཡང་འཚོ་བ་གསར་བ་ཞིག་འཛུགས་བསྐྲུན་བྱས་ཆོག་ལ
ང་ཚོ་སླར་ཡང་འཇིག་རྟེན་གྱི་མཐོ་ས་ནས་གཟི་བརྗིད་དང་བཅས་ཏེ་འགྲེང་ཆོག
ཀྱེ་ཀྱེ་ཡུལ་ཤུལ་ལགས སེམས་མ་སྐྱོ་སེམས་མ་སྡུག་དང་
ང་ཚོ་དེ་ དཀོན་མཆོག་གི་སྐྱོབ་སྲིད་པའི་མི་རབས་དེ་མ་ཡིན་ནམ
ང་ཚོ་དེ མ་ཎི་ཡིག་དྲུག་ལ་ཁེན་ཆོག་པའི་མི་རབས་དེ་མ་ཡིན་ནམ

ཡར་ལ་ལོངས་དང་བཙན་པོའི་གདུང་རྒྱུད་ཡུལ་ཤུལ་བ
མིའི་རིགས་ཀྱིས་ཁྱེད་ཚོར་སྐྱབས་འཇུག་ཞུ་གི་འདུག
མིའི་མིགས་ཀྱིས་ཁྱེད་ཚོར་སྨོན་ལམ་འདེབས་ཀྱིན་འདུག
ཤི་བོ་ཚོའི་ཆེད་དུ་ གསོན་པོ་ཚོའི་ཆེད་ད
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
2010 4 14ཉིན་བྲིས།

གསལ་བཤད།རྩོམ་ཡིག་འདི་ནས་ལོ་སྔོན་མའི་དེ་རིང་གི་ཉིན་མོ་ང་ཚོའི་སློབ་གྲྭའི་ནང་ནས་༼གདུང་སེམས་མཉམ་བསྐྱེད༽ཀྱི་མྱ་ངན་འཚོགས་སྐབས།གྱེར་འདོན་ཏུ་འབྲི་ཁུལ་བྱས་པ་ཞིག་ཡིན་ལ།དུས་དེ་རིང་རང་ཉིད་ཀྱི་སེམས་པ་མཚོན་བྱེད་ཅིག་ཏུ་བཟོ་བཅོས་ཅུང་ཙམ་བརྒྱབ་ཏེ་ཡུལ་ཤུལ་གྱི་ཤི་གསོན་གཉིས་ལ་ཕུལ་བའོ།།

Thursday 16 June 2011

གཙང་གསུམ་གྱི་ཕ་ཁྱིམ་ཡུལ་ཤུལ་གྱི་རྩྭ་ཐང་དུ་ཡི་མུག་པའི་གོད་ཆག རག་ཤུལ་དཔལ་ལྡན།


གཙང་གསུམ་གྱི་ཕ་ཡུལ།  རྩྭ་ཐང་གི་རྒྱལ་པོ།         ཡུལ་ཤུལ་གྱི་རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་ཡུལ་ཤུལ་གྱི་མི་མང་ནི་འབྲོག་ལས་དང་།  ཞིང་ལས།  ཚོང་ལས་དང་།  བཟོ་ལས་སོགས་རང་རང་གི་ལས་ལ་བརྩོན་པས་ལོངས་སྤྱོད་ཀྱི་མངའ་ཐང་རྒྱས་ཅིང་།  དབུལ་ཕྱུག་གི་ཁྱད་པར་ཆུང་ས་ཞིག་རེད། ཆེས་བརྟན་ལྷིང་དང་དུང་ཞེན་གྱི་ནུས་པ་ལ་བརྟེན་ནས་རང་གི་སྐད་ཡིག་དང་།  རིག་གཞུང་གི་རང་ཚུགས་གཟུང་།  དུས་ནས་དུས་སུ་འབྲོག་ལས་དང་། ཞིང་ལས་དོར་ནས་གྲོང་ཁྱེར་དུ་གནས་སྤོ་བྱེད་དགོས་པའི་བསླུ་བྲིད་དང་དབང་ཡོད།  བཙན་བཀའ་དང་སུན་་བཙིར་ཡང་ཡང་བྱས་ན་ཡང་དཀའ་ངལ་ལ་གདོང་ལན་བྱེད་པའི་བཟོད་བསྲན་གྱི་ནུས་པ་ལ་བརྟེན་ནས་ཞིང་འབྲོག་རང་རང་གི་ས་ཁྱོན་བདག་ཏུ་བཟུང་བའི་ཡུལ་ཤུལ་མི་མང་གི་འཚོ་བའི་གནས་སྟངས་དེ་ནི་ཕྱི་ཁང་བཟང་གི་བཀོད་པ་མ་ཉམས།  ནང་ལོངས་སྤྱོད་ལ་གས་ཆག་མ་ཤོར།  བར་ཀུན་སྤྱོད་ལ་སྤྱོད་ངན་གྱིས་མ་གོས་པའི་རྒྱུན་སྤྱོད་ཀྱི་འཚོ་བ་དེ་ནི་ཅི་འདྲའི་ཡིད་སྨོན་ཤོར་ས་ཞིག་རེད།  ཅི་འདྲའི་སྐྱོ་གདུང་དང་ཡི་མུག་སྐྱེ་དགོས་པ་ཞིག་ལ།  རག་ཤུལ་གྱི་སའི་ཆར་རི་དམར་ནས་འགུལ།  གཞི་རྒྱ་ཆེ་རུ་བསྐྱེད།  དྲག་ཏུ་འགུལ།  སྐྱེ་རྒུ་དང་།  ཁྲ་འགུ  སྐར་མདའ་དང་།  འབྲོག་མདའ།  རོང་པོ་སོགས་སུ་ཡར་འདེགས།  མར་བརྡབས།  ཕར་གཡུག  ཚུར་གཡུག   རྩྭ་ཐང་ལགས།  ཁྱོད་སུ་དང་མ་འགྲིག་ནས་འཕགས།    ཁྱོད་སུ་དང་མ་མཐུན་ནས་འགུལ་བ་ཡིན།  ང་ཚོ་ནི་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་ཁྱོད་ལ་སླད་མེད་ཀྱི་དུང་ཞེན་དང་ བྱམས་བརྩེ་བཅངས་པའི་ཡུལ་ཤུལ་གྱི་མི་མང་ལས་གཞན་སུ་ཡང་མིན།  རྩྭ་ཐང་ལགས།  ཁྱོད་ནི་ཅི་འདྲའི་ཕྱི་ཐག་ཐུང་བ་ཞིག་རེད།  ཁྱོད་ཀྱིས་ང་ཚོ་ལ་སྤྲད་པའི་ཡི་མུག་པའི་གོད་ཆག་འདི་ལ་ལྟོས་དང་།  ཁྱོད་ནི་ཅི་འདྲའི་ངོ་ཚ་ཁྲེལ་མེད་ཅིག་རེད།  རྩྭ་ཐང་ལགས།  ཡང་ན་ཁྱོད་ལ་གཏན་ནས་མི་བཟོད་པའི་ན་ཟུག་འཕར་མ་ཞིག་གམ།   དེ་ནི་ཡིན་རྒྱུ་མ་རེད།  ཁྱོད་ནི་ལོ་ངོ་སྟོང་ ཕྲག་དུ་མའི་སྔོན་ནས་རྩྭ་ཐང་གི་རྒྱལ་པོ་རེད་ལ།   དར་རྒུད་དང་ནད་གཞི་ཡོད་པ་ལོ་རྒྱུས་ནང་གཏན་ནས་མེད།  རྩྭ་ཐང་ལགས།   ཡང་ན་ཁྱོད་ཀྱི་བང་མཛོད་ནང་གི་རིན་ཐང་བྲལ་བའི་རིན་ཆེན་དེ་དག་རྐུན་པོས་བརྐུས།   ཇག་པས་ཁྱེར།   ཁྱོད་ཀྱི་མཛེས་རྒྱན་དུ་གྱུར་པའི་རི་སྐྱེས་ཀྱི་ཕ་ཟོག་དེ་དག་རྔོན་པས་བསད།   ཁྲམ་པས་དེད་ སོང་བས་ཡིན་ནམ།  དེ་ལྟར་ན་ཡང་།  ང་ཚོས་ནི་ཁྱོད་ཀྱི་བང་མཛོད་དང་ཕ་ཟོག་དེ་དག་བསྲུང་བསྐྱོབ་ཆེད་དུ་འཐབ་རྩོད་ཀྱི་འཁོར་ལོ་བསྐོར་བཞིན་ཡོད་ན་ཁྱོད་ཀྱིས་ང་ཚོ་ལ་ཡི་མུག་པའི་གོད་ཆག་འདི་འདྲ་བཟོ་དགོས་དོན་ཅི།  ཀྱེ་་མ།  ཁྱོད་ནི་བཟང་ངན་གྱི་དབྱེ་འབྱེད་མི་ཤེས་པའི་ཅི་འདྲའི་རྨོངས་པ་གཏུམ་དྲག་ཅན་ཞིག་རེད་འདུག  རྩྭ་ཐང་ལགས།  ཁྱོད་ནི་ཅི་འདྲམང་པོ་ཞིག་འགུལ་སོང་ལ།  ཁྱོད་ནི་ཅི་འདྲའི་ནང་པོ་ཞིག་འཕགས་སོང་།  ད་ནི་ཁྱོད་འགུལ་མཚམས་གྱིས་དང་།  ད་ནི་ཁྱོད་འཕགས་མཚམས་གྱིས་དང་།  ང་ཚོ་ནི་ནམ་ཡང་ཁྱོད་དང་ཁ་བྲལ་འདོད་མེད་ལ།  འཁོན་དུ་འཛིན་པ་ནི་དེ་བས་ཀྱང་མེད།  སྔར་བཞིན་སླད་མེད་ཀྱི་དུང་ཞེན་དང་བརྩེ་སེམས་བཅངས་བཞིན་ཡོད།  མི་ལོ་སྟོང་ཕྲག་དུ་མའི་རིང་ཡུལ་ཤུལ་གྱི་རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་ང་ཚོའི་ལོ་རྒྱུས་ནང་དུ་ཞོགས་པའི་ཉི་གཞོན་འཛུམ་པ་དང་ལྷན་དུ་ཆེས་མུན་ནག་གི་ཁྲོད་དུ་ལྷུང་བའི་དུས་ཚོད་དེ་ནི་ཕྱི་ལོ་ཉེས་སྟོང་བཅུ་ཟླ་བ་བཞི་པའི་ཚེས་བཅུ་བཞི་རེས་གཟའ་ལྷག་པ་རེད།  དེ་ནི་ང་ཚོ་ལ་མཚོན་ན་དུས་ཚོད་ཐུང་ཐུང་ནང་ད་སྔོན་བྱུང་མ་མྱོང་བའི་གོད་ཆག་དང་།   ཕམ་ཁ།  སྐྱོ་གདུང་།  འཇིགས་སྐྲག་དང་བཅས་པའི་ཆེས་མུན་ནག་གི་དུས་ཚོད་ནག་པོ་ཞིག་ཀྱང་རེད།  དེ་ནི་ཡུལ་ཤུལ་གྱི་རྩྭ་ཐང་དྲག་ཏུ་གཡོས་པའི་ཚེ་མཛེས་པའི་ཁང་བཟང།  བསགས་པའི་ནོར་རྫས།  གཅེས་པའི་མི་མང་རྣམས་མཉམ་དུ་གྲོ་ཡོས་རྔོད་རྔོད་བྱས་མཐར།  ཅི་འདྲའི་ཡིད་སྨོན་ཤོར་བའི་འཇིག་རྟེན་གྱི་མི་ཡུལ་དེ།  ས་རྡོ་ཤིང་གསུམ།  གས་ཆག་འཐོར་གསུམ།  ཤ་ཁྲག་རུས་གསུམ་གྱི་གད་སྙིག་གི་ཕུང་པོ་ཞིག་ཏུ་གྱུར་པ་རེད།   དེ་སྐབས་ཤུལ་ལུས་ཡུལ་ཤུལ་མི་མང་གི་གནས་སྟངས་ནི་གཉེན་ཕུ་ནུས་མཐོང་ན་སྙིང་རླུང་ལང་ཞིང་།   མི་དོན་མེད་ཀྱིས་མཐོང་ན་མཆི་མ་ཤོར་ངེས།  སྡང་དགྲ་བོས་མཐོང་ཀྱང་ཡི་མུག་སྐྱེ་བ་ཞིག་ཆགས་ཡོད་པ་རེད།   དེ་ཡང་ཡར་ལྟས་ན་ཐལ་སྨག་གི་མུན་པ་འཁྲིགས་ཤིང་།  མར་ལྟས་ན་གཅེས་སྲོག་ཤོར་བའི་སྤུན་གྲོགས་ཚོའི་བེམ་རོ་དང་རྒྱུ་ནོར་ལོངས་སྤྱོད་ཡོད་ཚད་གད་སྙིག་དུ་གྱུར་པའི་ཕུང་པོ་ཡིས་ཁེངས་འདུག   ཕར་ལྟས་ན་གད་སྙིག་དེ་དག་གི་བར་གསེང་ཡོད་ཚད་དང་ཡོད་ཚད་ནས་ཉམ་ཐག་པའི་རྨས་མ་མགོ་ཆག་དང་རྐང་ཆག་རྣམས་ཀྱི་སྨྲེ་སྔགས་དང་།  སྡུག་སྐད།  ངུ་འབོད།  ང་བསྐྱོབ་རོགས་དང་ཁོ་བསྐྱོབ་རོགས་སོགས་ཀྱི་སྐད་ངན་གྱིས་རི་ལུང་གང་བར་གྱུར།   དེའི་སྐབས་སུ་ཤུལ་ལུས་ཀྱི་སྤུན་གྲོགས་ཚོས་འཇིགས་སྐྲག་དང་།  ཡི་མུག  བཟོད་ཐབས་མེད་པའི་སྡུག་བསྔལ་གྱིས་མནར་བཞིན།  ཞིག་རལ་དུ་གྱུར་པའི་ས་རྡོ་ཤིང་ཆག་གསེང་ནས་བཞུད་ཟིན་པའི་བེམ་རོ་བསྒྲུག་རྒྱུ་དང་།  སྨྲེ་སྔགས་དང་། སྡུག་སྐད།  ངུ་འབོད་བྱེད་བཞིན་པའི་ཉམ་ཐག་རྨས་མ་རྣམས་ཀྱི་ཚེ་སྲོག་བསྐྱབ་ཕྱིར་ བྲེལ་བའི་ངང་ལས་རིམ་ལ་ཞུགས་བཞིན་སྐབས།  མཚན་མ་ངན་པ་་སུ་ཞིག་གི་ཐན་སྐད།  བྲོས་བྲོས་གློག་ཆུ་ཤོར་སོང་ཞེས་པའི་སྟོང་འུར་ཞིག་སྒྲོག་པ་དེས།  ས་རྡོ་འོག་ལ་མནན་ནས་སྐད་ངན་སྒྲོག་པ་དང་ལྷན་དུ་གཅེས་སྲོག་ཤོར་ལ་ཉེ་བའི་སྤུན་ཟླ་རྣམས་སྐྱུར་ནས་ལ་བྲོས་ལུང་བྲོས་མི་བྱེད་ཁག་མེད་བྱུང་འདུག  རྐྱེན་ངན་དེའི་དབང་གིས་མྱུར་སྐྱོབ་མ་ཐུབ་པས་སྤུན་གྲོགས་བརྒྱ་ཕྲག་མང་པོའི་གཅེས་སྲོག་ཤོར་བ་དེ་ནི་ང་ཚོའི་ལག་ཏུ་ཡོད་བཞིན་དུ་ཤོར་བ་ཡིན་པས་དེ་ནི་ང་ཚོ་ལ་མཚོན་ན་མི་བཟོད་པའི་སྡུག་བསྔལ་ཆེན་པོ་འདིའི་སྟེང་དུ་སྡུག་བསྔལ་གྱི་སྣོན་མ་ཞིག་དང་།   ང་ཚོའི་མི་ཚེའི་ནང་དུ་བརྗེད་མི་ཐུབ་པའི་འགྱོད་གདུང་ཆེན་པོ་ཞིག་ཀྱང་ཡིན།  ང་ཚོའི་མིག་ནས་ལྷུང་བཞིན་པ་འདི་ནི།  འགྱོད་གདུང་གི་མིག་ཆུ།  ང་ཚོའི་མིག་གིས་མཐོང་བཞིན་པ་འདི་ནི།  ཆར་སྤྲིན་བཞིན་འཁྲིགས་པའི་བམ་སྲེག་གི་དུ་སྨག་དང་།  ཡོད་ཚད་གད་སྙིག་དུ་གྱུར་པའི་ཕུང་པོ།  ང་ཚོའི་ཡིད་ལ་འཁོར་བཞིན་པ་དེ་ནི།  བཞུད་ཟིན་པའི་སྤུན་གྲོགས་ཚོ།   ང་ཚོས་མྱོང་བཞིན་པ་འདི་ནི།  མྱ་ངན་དང་།  འཇིགས་སྐྲག  ང་ཚོས་ཐོས་བཞིན་པ་འདི་ནི།  སྨན་བཅོས་དང་།  ཟས་གོས།  སྡོད་ཁང་གི་གནས་སྟངས་ཤིན་ཏུ་སྐྱོ་བའི་མགོ་ཆག་དང་།  རྐང་ཆག་གི་སྨས་མ་ཁྲི་ཕྲག་མང་པོ་ཐང་སྟོང་དུ་ལྷག་ཡོད་པའི་སྤུན་གྲོགས་ཚོའི་སྨྲེ་སྔགས་དང་།  སྡུག་སྐད།             ད་དུང་ཡང་།  བུ་རྒྱུད་ཤི་བའི་རྒན་ཁོག  ཕ་མ་ཤི་བའི་དྭ་ཕྲུག   ཆུང་མ་ཤི་བའི་ཕོ་ཧྲེང་།  ཆོ་ག་ཤི་བའི་ཡུགས་མོ།  ཡོད་ཚད་ཤི་བའི་ཁེར་རྐྱང་གི་གདུང་འབོད་དང་།  སྨྲེ་སྔགས།   མཚམས་སྤྲིན་གཞོན་ནུའི་མདངས་དང་ལྡན་པའི་དམར་སེར་གྱི་ན་བཟའ་སྐུ་ལ་་གསོལ།  མ་འདྲིས་པའི་འགྲོ་བ་མཐའ་དག་གི་སྡུག་བསྔལ་གྱི་ཆ་ཕྲ་མོ་ཙམ་ལ་ཡང་མི་བཟོད་པའི་བརྩེ་བ་སྙིང་རྗེ་ཆེན་པོའི་རྟགས་དང་མཚན་མ་ཡོད་ཚད་བཞིན་ལ་འཛུམ་ཞིང་།  མཐོང་ན་མི་མཐུན་པ་མེད་པའི་ཞི་དུལ་བག་ཡོད་ཀྱི་འགྲོས་དང་བཅས།  འཇིགས་བསྐྱོབ་དང་།  གདུང་སེལ་གྱི་ཆེད་དུ་ཅི་ལ་ཡང་རག་མ་ལས་པར་ཆས་པ་དེ་དག་ནི།  ལན་དང་རེ་བ་ལ་མི་བལྟ་བར་མ་འདྲིས་པའི་འགྲོ་བ་མཐའ་དག་ལ་ཕན་བདེ་འབའ་ཞིག་བསྒྲུབ་པ་ལ་གཞོལ་བའི་རིང་ལུགས་པ།  གནས་སྐབས་དང་མཐར་ཐུག་གང་ལ་ཡང་བསླུ་བ་མི་མངའ་བ།  བོད་ས་ཡོངས་རྫོགས་ཀྱི་གཙུག་ལག་སློབ་གཉེར་ཁང་དེ་དག་ནས་ཕེབས་པའི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་འདུན་པ་རྣམས་རེད།  ཁོང་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་དང་དུ་བླངས་ཏེ་སྤུན་གྲོགས་སྟོང་ཕྲག་མང་པོ་ལ་མི་འཇིགས་པའི་སྲོག་གི་བསྐྱབས་སྦྱིན་མཛད།  བཀྲེས་པ་དང་།  སྐོམ་པ་དང་།  གྲང་བས་སྦྲིག་པ་རྣམས་ལ།  བཟའ་བ་དང་།  བཏུང་བ་དང།  གོན་པ་བཅས་ཅི་ཡོད་གང་ཡོད་ཀྱིས་གནད་སྨིན་གྱི་མཆོག་སྦྱིན་མཛད།  བཞུད་ཟིན་པའི་གཤིན་པོ་རྣམས་ལ་གནས་སྐབས་བར་དོའི་འཇིགས་སྐྲག་ཞི་བ་དང་།  བློ་ཁ་ལེགས་པའི་ལམ་དུ་བསྒྱུར་ནས་བདེ་འགྲོའི་རྟེན་བཟང་ཐོབ་པའི་བསྔོ་བ་དང་སྨོན་ལམ།  ཤུལ་ལུས་མི་མང་རྣམས་ཀྱི་མི་འདོད་པའི་རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་།  ཚུལ་མཐུན་གྱི་འདོད་དོན་མཐའ་དག་གེགས་མེད་བདེ་བླག་ཏུ་འགྲུབ་པའི་ཐུགས་སྨོན་དང་།  རྟེན་བཟང་རིམ་པར་བརྒྱུད་མཐར་ཐུག་གཏན་དུ་བདེ་བའི་གོ་འཕང་ཐོབ་པའི་ཐུགས་སྨོན་རྒྱ་ཆེར་མཛད།  ཁོང་རྣམས་ཀྱི་མཛད་བཟང་མངོན་པར་དཀར་བ་ནི།  ཀུན་སློང་གཞན་ཕན་བརྩེ་བ་ སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས་སྦྱོར་བ་ལ་ཞུགས་ཚེ་ལེ་ལོ་དང་ཞུམ་པའི་བསམ་པ་ཕྲ་མོ་ཙམ་ཡང་མི་མངའ་ཞིང་།  ཁྲལ་སོད་དང་ཟློས་གར་འཁྲབ་པ་ཙམ་མ་ཡིན་པར་གནད་སྨིན་གྱི་འཇིགས་བསྐྱབས་དང་གདུང་  སེལ་གྱི་བླ་ན་མེད་པའི་མཛད་རྗེས་བསྐྱངས།  ལེགས་བྱས་དེ་དག་ཀྱང་རང་ཉིད་ཀྱི་ཁེ་ཕན་དང་སྙན་གྲགས་ཀྱི་  ཆེད་དུ་མ་ཡིན་པར་མཐའ་ཡས་པའི་འགྲོ་བ་རྣམས་ཀྱི་ཕན་པ་དང་བདེ་བའི་ཆེད་དུ་བསྔོ་བ་དང་སྨོན་ལམ་རྣམ་  དག་མཛད་ཡོད་པ་རེད།  ཁོང་རྣམས་ཀྱི་བླ་ན་མེད་པའི་མཛད་རྗེས་ལ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས་ཡི་  རང་དང་སྔགས་བརྗོད་ཞུས་པ་དེ་ནི་ཡི་རང་འོས་པ་ལ་ཡི་རང་དང་སྔགས་བརྗོད་འོས་པ་ལ་སྔགས་བརྗོད་ཞུས་པ་ ཞིག་རེད། གཞུང་ལམ་གྱི་དར་སྐུད་བརྒྱུད་ནས་ཕྲེང་མ་བསྒྲིགས་པ་བཞིན་ལྗང་མདོག་གི་རླངས་འཁོར་མང་པོ་  ཞིག་སྙེག་འོང་བ་འདི་ནི་རྒྱ་ནག་སྲིད་གཞུང་གི་མྱུར་སྐྱོབ་དམག་མི་རེད།  ཁོང་རྣམ་པས་ཀྱང་ཆ་རྐྱེན་དང་སྒྲིག་  འཛུགས་ལྡན་པའི་ཐོག་ནས་མི་མང་བརྒྱ་ཕྲག་མང་པོའི་ཚེ་སྲོག་བསྐྱབས་ཡོད་པ་རེད།  དོས་བསྐྱེལ་གྱི་རླངས་འཁོར་ཆེ་ཆུང་གྲངས་ལས་འདས་པ་ཞིག་ཕྲེང་ཐག་ཆད་པ་བཞིན་ཡུལ་ཤུལ་ཕྱོགས་སུ་སྙེག་འོང་བ་འདི་ནི་ཨ་མདོའི་ས་ཁུལ་གཙོ་བོར་གྱུར་པའི་བོད་ས་སྟོད་སྨད་བར་གསུམ་དུ་གནས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཆེ་ཡོད་ཆུང་ཡོད་ཀྱི་རྩམ་པ་དང་།  མར་དང་།  གྲོ་དང་།  འབྲས་དང་།  བག་ལེབ་དང་  སྣུམ་ནག་དང་།  གྱོན་ཆས་འདྲ་མིན་དང་།  དངུལ་བཅས་ཁྱེར་ནས་གོད་ཆག་ཐེབས་ཡུལ་གྱི་རང་རིགས་སྤུན་ཟླ་རྣམས་དང་སྐྱིད་སྡུག་མཉམ་མྱོང་།  གདུང་སེམས་མཉམ་བསྐྱེད་བྱེད་དུ་འོང་བ་རྣམས་རེད།   ཡང་གཞུང་གི་ལས་རྟགས་ཅན་གྱི་དོས་བསྐྱེལ་རླངས་འཁོར་མང་པོ་ཞིག་སླེབ་འོང་བ་འདི་ཡང་གོདད་ཆག་ཐེབས་ཡུལ་ལ་གཞུང་གིས་རོགས་རམ་ཆེད་འབྲས་དང་གྲོ  སྣུམ་ནག་དང་བདེ་ཐུག  གྱོན་ཆས་འདྲ་མིན་ཁྱེར་ནས་འོང་བཞིན་པ་རྣམས་རེད།  མགོ་ལ་ཞྭ་མོ་དཀར་པོ་གྱོན་ཤིང་ལག་ཏུ་དངུལ་མང་ཉུང་ཅི་རིགས་ཁྱེར་ནས་བང་བསྒྲིགས་ནས་གཤར་བཞིན་པ་འདི་དག་ནི་ཁ་ཆེའི་མི་རིགས་རྣམས་ཀྱིས་ང་ཚོ་ལ་རོགས་རམ་ཆེད་དུ་ཞལ་འདེབས་བསྡུ་བཞིན་པ་རྣམས་རེད་འདུག  ད་དུང་། སློབ་གྲྭ་ཁག་དང་།  ཚོགས་པ་འདྲ་མིན་ཁག་མང་པོ་དང་།  གྲགས་ཅན་གྱི་མི་སྣ་མང་པོ་ཞིག་གིས་ཟང་ཟིང་གི་  སྦྱིན་པ་མང་པོ་ཞིག་གནང་ཡོད་པ་རེད།  རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོའོ་དང་སྲིད་བློན་ཝུན་ཅ་པོའོ་སོགས་དཔོན་རིགས་མང་པོ་དང་།  གྲགས་ཅན་གྱི་མི་སྣ་འགའ་ཞིག་ཡང་ཡུལ་ཤུལ་དུ་སེམས་གསོའི་ཆེད་སླེབས་ཡོད་པ་རེད།  སྐད་ཅིག་གཅིག་ལ་གོ་ལའི་ཁྱོན་དུ་ལྷང་ལྷང་དུ་གྲགས་པ་དེ་ནི།  ཞི་བདེའི་དད་དཔོན་མཆོག་གིས་ཤུལ་དུ་ལུས་པའི་ཡུལ་ཤུལ་མི་མང་ལ་སྩལ་བའི་སེམས་གསོའི་གསུང་འཕྲིན་དང་།  ཆོས་ཕྱོགས་ཁོ་ནའི་མཛད་བཟང་དང་འབྲེལ་སྐྱོ་གདུང་གིས་མནར་བའི་ཤུལ་ལུས་མི་མང་རྣམས་ལ་སེམས་གསོའི་ཆེད་གོད་ཆག་ཐེབས་ཡུལ་དུ་ཕེབས་འདུན་ཡོད་པའི་གསུང་འཕྲིན་རེད།  གཞིས་བྱེས་གང་དུའང་བཞུགས་པའི་བླ་ཆེན་མང་པོས་རླབས་ཆེན་གྱི་སྦྱིན་གཏོང་མཛད་པ་དང་།  གཞིས་བྱེས་གཉིས་ལ་དགོན་སྡེ་ཡོད་ཚད་ཀྱིས་དགོངས་ཞག་དང་བདུན་ཚིགས་ལ་བསྔོ་སྨོན་དང་མཆོད་འབུལ་རྒྱ་ཆེར་མཛད།  བྱེས་སོང་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་།  སྐྱིད་སྡུག་མཉམ་མྱོང་གི་འདུན་པས་ཆེ་ཡོད་ཆུང་ཡོད་ཀྱི་ཞལ་འདེབས་དང་།  བསྔོ་སྨོན་དང་མཆོད་འབུལ།  མགོ་བོ་སྒུར་ནས་མྱ་ངན་ཡང་ཞུ་བཞིན་འདུག    གཞིས་བྱེས་གཉིས་ཀྱི་སྨྱུག་ཐོགས་པ་དང་།  གཞེས་པ་དང་  གཞེས་མ་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་།  སྐྱིད་སྡུག་མཉམ་མྱོང་གི་རྩོམ་ཡིག་དང་།  སྐྱོ་གླུ་ནི་ཁ་བ་ འབབ་འབབ་དང་།  བུ་ཡུག་འཚུབ་འཚུབ་རེད།  བྱེས་སོང་ཡུལ་ཤུལ་མི་མང་རྣམས་ཀྱིས་ཡུལ་ཤུལ་གདུང་སེལ་ཚོགས་ཆུང་ཆེད་འཛུགས་ཐོག་ནུས་པ་གང་ཡོད་གཅིག་ཏུ་བསྡུས་ནས་རང་ཉིད་གང་དུ་གནས་པའི་ཕྱོགས་ནས་  ཞལ་འདེབས་བསྡུ་བ་དང་།  རང་ཡུལ་དུ་ས་འགུལ་གོད་ཆག་སྐབས་ཀྱི་གནས་ཚུལ་དངོས་གནས་རྣམས་དྲ་ཐོག་ཏུ་  འདྲ་པར་དང་གློག་བརྙན་དང་སྐད་ཡིག་གསུམ་གྱི་ཐོག་ནས་ངོ་སྤྲོད་དང་ཁྱབ་བསྒྲགས་གང་ཐུབ་ཐུབ་བྱས་པ་དང་།   གོང་ས་མཆོག་ལ་ཤི་གསོན་གཉིས་ཀྱི་ཆེད་དུ་ཞབས་རིམ་ཅི་དྲག་ཞུས་ནས་ཞབས་རིམ་ཡོད་ཚད་ལེགས་བསྒྲུབས་བྱས་ཡོད་པ་རེད།    ད་ནི་ང་ཚོས་ཁྱིམ་གཞི་དང་ཁོར་ཡུག་གསར་འཛུགས་བྱེད་དགོས་ལ།  དེ་ཡང་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཁང་བཟང་དང་ཁོར་ཡུག་གི་རང་མདངས་མ་ཉམས་པ་དང་།  ཕྱོགས་གཞན་ཞིག་ནས་ནང་ཁུལ་མི་མཐུན་པའི་རྒྱུ་རྐྱེན་དུ་འགྱུར་བའི་བྱ་སྤྱོད་ཀྱི་རིགས་ལ་དོགས་ཟོན་ནན་མོ་བྱེད་དགོས་གལ་ཆེ།  ང་ཚོས་ཁེ་ཕན་ཅུང་ཟད་ཀྱི་ཆེད་དུ་རང་ཚུགས་ཤོར་མི་རུང་ལ།  དཀའ་ངལ་ཕྲན་ཚེགས་ཀྱི་ཆེད་དུ་གཞན་སེམས་ཡང་དཀྲུག་མི་རུང་།  ང་ཚོ་ནི་དམིགས་ཡུལ་གཅིག་གི་ཆེད་དུ་ཐབས་ལམ་གཅིག་གི་འོག་ནས་གཡས་ཕྱོགས་དང་།  གཡོན་ལྷུང་དང་།    ཕྱིར་ལོག་གང་ཡང་མི་བྱེད་པར་དྲང་བདེན་གྱི་ཕྱོགས་སུ་སྤོབས་པ་ ་ཆེན་པོས་མདུན་བསྐྱོད་བྱེད་དགོས་པ་དང་།  འཇིགས་བསྐུལ་དང་དྲག་ཤུལ་གྱི་དྲི་མ་ཙམ་ཡང་མི་མངའ་ཞིང་ འཇིགས་པ་མེད་པའི་འཚེ་མེད་ཞི་བའི་གོམ་འགྲོས་བྱེད་དགོས་ལ།   ཁུ་སིམ་སིམ་གྱི་གོམ་འགྲོས་དེ་ནམ་ཡང་འདོར་མི་རུང་།  དགོས་མཁོའི་རིག་གནས་དེ་དག་སྦྱང་རྒྱུ་གལ་ཆེ་ཡང་མེད་དུ་མི་རུང་བ་དེ་ནི་ཕ་མེས་ནས་བརྒྱུད་པའིདྲང་བདེན་དང་བྱམས་བརྩེའི་བཟང་སྤྱོད་དེ་དག་ཉིན་རེའི་འཚོ་བའི་ནང་ལག་ལེན་བྱས་ནས་གོམས་གཤིས་སུ་འཇགས་པ་ཞིག་དགོས།  དེ་ནི་མི་ཚེའི་ནང་བདེ་སྐྱིད་ཀྱི་གཞི་རྩ་ངོ་མ་དེ་རེད་ལ།  ཤེས་ཡོན་ཀྱི་སྙིང་པོ་ཡང་དེ་ཡིན།