Saturday 14 April 2012

དེ་རིང་གི་ཉི་མ་འདི། ལྡན་མ་ཐུབ་བསྟན་དངོས་གྲུབ།

འོ་་་་་་དེ་རིང་ནི་ཉི་ནག་རྩི་སྲུང་དང་དུ་སར་དུས་དྲན་བྱེད་དགོས་པའི་དུས་ཚིགས་ཤིག་རེད།
ཡ་་་་་་་་་གྲོགས་པོ་ཅི་ཡི་ཕྱིར། འོ་་་་་་ངའི་ཕ་ས་སྣུམ་པོར་ངེད་སྤུན་ཟླ་ཚོའི་ཚེ་སྲོག་གི་སྒྲོན་མེ་ལ་བདེ་སྐྱིད་ཀྱི་འབྲི་མར་སེར་པོས་ཚོར་འདུ་ཡི་མཆོད་ཀོང་སྐོང་བཞིན་པའི་སྐབས་དེར་རྐྱེན་ངན་གྱི་རླུང་ནག་ཤུགས་དྲག་གཡོས་ཏེ་ཚེ་སྲོག་གི་སྒྲོན་མེ་ཡོངས་རྫོགས་བཀྲོངས་སོང། ཡ་་རེད་རེད་་་་བཞི་གཅིག་བཞི་ཡི་དུས་ཚིགས་དེ་རེད་བ།
ལགས་རེད་་་་་་་་་་་་་་འདས་ཟིན་པའི་ཉི་ནག་ལ་འཁང་ར་བྱེད་པ་ཙམ་གྱིས་ཤུལ་ལུས་ང་ཚོར་ཕན་ཐོག་ཆེར་མི་འདུག་པས་ད་ཅི་ཞིག་བྱེད་ན་དགའམ།
ཡ་་་་་གྲོགས་པོ་་་་་་་་་་ཐབས་ལམ་ཡོད་རེད། འོ་ང་ཚོས་དེ་རེ་སྒུག་བྱེད་ཀྱིན་ཡོད་ཁྱེད་ཀྱིས་ལམ་སྟོན་གནང་ན་འགྲིག་གམ།
ཡ་་་་་གྲོགས་པོ་ཡི་ན་དང་ཡིན་ང་ཚོ་ཁྲག་རྒྱུད་གཅིག་པ་རེད་བ། དེས་ན་་་་་་་་་ད་ཁྱོད་ཅག་ཤེས་རིག་གི་བང་རྩ་ལྷོད་་་་ཆིག་སྒྲིལ་་གྱི་ལག་གདང་སྒྲེལ་་་་་་་་་་་་་་སྙིང་སྟོབས་ཀྱི་གོ་ཁ་སྒྱུར་དང་།
ངེས་པར་དུ་ཁྱོད་ཅག་ཆག་འཇིགས་གི་དུར་ས་དེནས་ཧད་ཀྱིས་ལངས་ཐུབ།
འོ་རེད་་་་་་་་་་དེང་་ནས་བཟུང་ངས་མྱ་ངན་དང་སྨྲེ་སྔག་གི་འོ་དོད་འབོད་པ་མཚམས་འཇོག་བྱེད་དེ་ཁྱེད་ཀྱིས་ལམ་སྟོན་གནང་བའི་ལམ་ཁ་དེ་ནས་ཞེ་རུས་ཀྱི་མགོ་བོ་བཀྱག་ཏེ་ཤར་སྐྱོད་བྱེད་ཀྱི་ཡིན་གདའ།

ལོ་ནག་གཉིས་འཁོར་བ།

དེ་རིང་མདོ་ཁམས་སྐྱེ་རྒུ་མདོ་རུ་ས་ཡོམ་གྱིས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་ཕོག་ནས་མི་ལོ་གཉིས་ཐམ་པ་ཏག་ཏག་འཁོར་བའི་ཉིན་མ་ཞིག་རེད། དེ་རིང་དྲ་ངོས་འཕྲིན་ལམ་མང་པོ་ཞིག་ཏུ་རང་བྱུང་གིས་བཤིགས་པའི་ཡུལ་གྲུ་དེར། ཁ་སང་གི་སྡུག་བསྔལ་གྱི་མུན་པ་སངས་ཞིང་། བདེ་སྐྱིད་ཀྱི་ཉི་མ་ཐོང་གིས་བསུ་བཞིན་ཡོད་པ་ཕྱོགས་ཀུན་དྲིལ་བསྒྲགས་བཞིན་ཡོད། དྲིལ་བསྒྲགས་འདི་དག་བདེན་པའི་ཐོག་ཏུ་འབབ་མིན་དེ་ནི་ལས་མཇུག་ཏུ་སྡོམ་ཚིག་བཀོད་རྒྱུ་ལས་དེ་རིང་མ་འོངས་པའི་སྐད་ཆ་ཚོད་དཔག་ཁག་བྱེད་དཀའ་བའི་གནས་སུ་གྱུར་ཡོད། དེ་དག་ནི་འབྱུང་འགྱུར་གྱི་གནད་དོན་སྐོར་རེད། དེ་རིང་རྗེས་དྲན་གྱི་དུས་ཚིགས་ངན་པ་འདི་ཉིད་དྲན་གསོ་བྱེད་པའི་སྐབས་སུ་ཅི་ཞིག་བློ་ངོར་དུ་དྲན་ཡོང་བ་དང་། གང་ཞིག་མིག་ལམ་དུ་འཆར་འོངས་པ་རེད་ཅེ་ན། དེ་ནི་གནམ་ས་རལ་བའི་འཇིག་ཤུལ་དུ་ཤི་རྨས་ཀྱི་དུར་ས་ཆེན་པོ་འདི་རུ། མདོ་དབུས་ཁམས་གསུམ་ནས་འོངས་བའི་རོགས་རམ་པ་སྤྱི་དང་། ལྷག་པར་འཇོར་དང་ལྕགས་ཁེམ་བཟུང་བའི་གྲྭ་རྒོད་དཔུང་རྗེན་མ་སྐོར་ཞིག་གིས་རྔུལ་ཆུ་དང་མིག་ཆུ་བསྲེས་ཤིང་། ཤི་གསོན་གྱི་དབྱེ་འགྱེད་ཆེན་པོ་ཞིག་དང་། གནམ་ས་སོ་སོར་ཕྱེས་པའི་ལོ་རྒྱུས་ཀྱི་མཚོན་རིས་ཞིག་མིག་ལམ་དུ་ཤར་འོང་བ་དེའོ། 

རབ་བྱུང་ལགས། ཐུགས་རྗེ་ཆེ། ལྡན་གངས་བརྩེ།

ས་ཆེན་གྱི་གཡོ་འགུལ་དེས། ཚེ་སྲོག་གི་སྒྲོན་མེ་རེ་རེ་ནས། རེ་རེ། རླུང་གིས་བསད་དུས། ཞིག་རོ་སྟོང་གི་ཁང་ཁྱིམ་དང་། ངུ་ངག་འབུམ་གྱི་སྨྲེ་ངག་ཁྲོད། ཁྱོད་ནི་དམར་སེར་གྱི་ན་བཟའ་རྡུལ་གྱིས་གོས་ཤིང་། བཀྲེས་ལྟོགས་ཀྱི་ཚོར་བ་ཇི་འདྲ་རྒོད་ཀྱང་། བྱང་སེམས་ཀྱི་ཉམས་ལེན་འཁུར་དུ་བཞེས་ཏེ། ཡུལ་ཤུལ་བའི་ལས་དབང་ལ་སྤྱན་གྱིས་གཟིགས། ཐུགས་རྗེ་ཆེ། རབ་བྱུང་ལགས། ང་ཚོས་དུས་ནམ་ཡང་། ཁྱོད་ཅག་གི་མཛད་བཟང་སྙིང་ནས་དྲན་ལ། ངག་ནས་བརྗོད། དེ་རིང་གི་རྗེས་དྲན་ཉིན་མོ་འདི་ནི། འདས་པོ་ཁྲི་ཚོ་ཡི་རྗེས་དྲན་ཡིན་ལ། དྲིན་ལྡན་ཁྱོད་ཚོ་ཡི་རྗེས་དྲན་ཡང་ཡིན།

ཉི་ནག་རྗེས་དྲན་དང་རེ་སྐུལ། རག་ཤུལ་ལྗང་གཞོན།




ཕྱི་ལུགས་ཉིས་སྟོང་བཅུ་ཡི་ལོ་མགོ་དེ་དང་།།
པྱི་ཟླ་བཞི་པའི་ནང་ཚན་བཅུ་བཞིའི་ཉིན་མོ།།
རྐྱན་ངན་ཆག་འཇིག་ནག་པོས་འདུ་འགོད་འོག་ནས།།
གྲངས་མེད་ཤི་གསོན་ཁ་བྲལ་དྲན་གསོ་གྱིས་ཤིག།

ཤུལ་ལུས་སྤུན་ཟླ་འོ་ཅག་སྙིངས་སྟོབས་སྐྱེད་དེ།།
གཅིག་ཕན་གཅིག་གྲོགས་མཛའ་བའི་ཁ་དར་རྐྱངས་བཞིན།།
སྐྱོ་གདུང་འཚོ་བའི་མལ་ལས་ཡུད་ཀྱིས་བཞེང་ཕྱིར།།
རིག་པའི་ཅང་ཤེས་བང་རྩ་ཧད་ཀྱིས་ལྷོད་ཅིག།

སྨྲ་ཤེས་དོན་གོ་ཕལ་ཆེར་སེམས་ཁམས་ཟིན་པའི།།
ཆོས་ལུགས་ཉམས་བཞེས་གནང་བའི་དེད་དཔོན་ཡོད་ན།།
རྩོད་རྙོག་ཁྲག་མཚོ་ཁོལ་མ་ཞོད་འཇགས་གཏོང་སྟེ།།
ཞི་བདེ་པདྨ་དཀར་པོའི་ལག་ཟུང་སྦྲེལ་ཅིག།

འབྱོར་ལྡན་མི་སྣའི་གྲལ་ནས་གཟེངས་སུ་ཐོན་མཁན།།
ལྷག་བསམ་གཙང་མའི་འོ་ཇའི་མངར་ཁ་ལྡན་ན།།
ཉམ་ཆུང་དྭ་ཁྲུག་སྟོང་གི་གོམ་ཁ་འཁྱལ་འཁྱོར།།
ལྔ་རིག་ནོར་གྱི་སྟེགས་བུར་བགྲོད་ཐུབ་བྱོས་ཤིག།

ཆུ་བོ་གསེར་ལྡན་དྭངས་མས་ལུས་ཁམས་གསོས་པའི།།
སྒ་ཡུལ་སྐྱེ་འགྲོ་ཡོངས་ལ་སྤྱང་གྲུང་ཡོད་ན།།
ཆག་འཇིགས་སྙིགས་རོའི་བར་ནས་གོམ་ཁ་སྒྱུར་ཏེ།།
བདེ་སྐྱིད་པདྨའི་དགའ་ཚལ་འགྲེམས་པར་བྲེལ་ཅིག།

ཡ་ང་མེད་པའི་གནོད་འཚེ། དཔལ་ལྡན་དབང་རྒྱལ།

མི་འདོད་གོད་ཆག་ཅི་ཡང་བརྡོལ་བའི་ཡུལ་ཤུལ་ས་ཡོམ་ཆེན་མོ་འདི།།
བཙན་གྱིས་མ་བསྐུལ་སུ་ཡིས་མ་བོས་སྟེས་དབང་ལས་བྱུང་ཡིན་པར་སེམས།།
ང་ཡ་སྙིང་རྗེ་སྤུ་ཙམ་མེད་པའི་རང་བྱུང་ཁམས་ཀྱི་གནོད་འཚེ་འདིས།།
ཁྲི་ཚོ་སྟོང་གི་གཅེས་པའི་ཚེ་སྲོག་དུས་གཅིག་ཉིད་དུ་བཀུམས་པ་དང་།
བྲོ་སྐྱིད་ལྡན་པའི་སྒ་ཡུལ་སྐྱེ་དགུ་སྐྱོ་གདུང་སྟོང་གི་ཕ་ས་དང་།
གོད་ཆག་ཁྲོད་ཀྱི་ཡུལ་ཤུལ་མི་མང་སྡུག་གི་སྨག་རུམ་དྲྭ་བར་བཙུད།།
ཞིག་རོའི་ཁྲོད་ཀྱི་ད་ཕྲུག་འདི་ཚོའི་ཉམས་ངའི་གནས་སྟངས་མི་བཟོད་ན།།
འཇིགས་སྐྲག་འོག་ཏུ་ཚེ་སྲོག་ཤོར་བའི་འདས་པོའི་རྣམ་ཤེས་སུ་ཡིས་བཟོད།།
བཞི་གཅིག་བཞི་ཡི་ལོ་ནག་དུས་དྲན་སེམས་ཀྱི་ཀློང་ནས་བརྗེད་མེད་ན།།
འདས་པོའི་ཆེད་དུ་སྨོན་ལམ་རྒྱག་རྒྱུར་གཉའ་བར་བབ་པའི་འགན་འཁྲི་འོ།།