Wednesday 13 April 2011

འབྲི་ཟླ་ཟལ་མོ་སྒང་ཞེས་པའི་དྲ་ཚིགས་དངོས་སུ་ཤར་གཏོང་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས།




མེས་པོའི་ཁྲག་རྒྱུན་གཅིག་ལས་ཆད་ཅིང་། སེམས་ཀྱི་འདུན་པ་གཅིག་ཏུ་ཕྱོགས་པའི་གཞིས་བྱེས་རང་རིགས་ཀློག་པ་པོ་ཀུན་ལ་ཆེད་གསོལ།
དེང་འདིར་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་སྒང་ཁྲོམ་སྒ་སྐྱེ་རྒུ་མདོ་རུ་ཕྱི་ལོ་༢༠༡༠ཟླ་༤་པའི་ཚེས་༡༤ཉིན་ས་རིམ་པ་བདུན་དང་ཚེག་གཅིག་ཏུ་ཟིན་པའི་ས་འགུལ་གྱིས་གནོད་འཚེ་ཕོག་ནས་སྐྱེ་བོ་སྟོང་ཕྲག་དུ་མའི་སྲོག་དབུགས་རྔུབས་ཤིང་། ཕུ་ཡི་རྟ་ནོར་ལུག་གསུམ་ཤི་རྨས་བྱུང་བ། མདའ་ཡི་ས་ཞིང་ཁང་གསུམ་གཏོར་སྐྱོན་ཐེབས་པ། ཕུགས་ཀྱི་གཟི་བྱུར་སྤོས་གསུམ་བོར་བརླག་ཤོར་བ། སྒོ་ཡི་བསྐོ་ཁྱི་ཡན་ཆད་རྐུ་ལ་ཤོར་བ། མདོར་ན་མི་རྒྱུ་ཟས་གསུམ་གྱོང་གུད་ཐེབས་ནས་ཡ་ང་ཞིང་ཡིད་མུག་པའི་མུན་པའི་བསྐལ་པ་བཟོད་དཀའ་བ་ཞིག་མགོ་ཐོག་ཏུ་སླེབས་པ་རེད། འདི་ནི་བོད་ཡུལ་སྐྱ་མོའི་ལོ་རྒྱུས་ཆུ་ཡི་གཉེར་མའི་ཁུགས་སོ་ན་འབངས་གྱེན་ལོག་དང་། ཧོར་དོར་རྟ་ནག་པོས་སྡེབས་གསོད། ང་བརྒྱད་ལོའི་དུས་ཟིང་། རིག་གནས་གསར་བརྗེ་ཆེན་མོའི་མུག་ཤི་སོགས་མི་ཡིས་བཟོས་པའི་ནད་མཚོན་མུ་གེའི་བསྐལ་པ་ངན་པ་འགའ་ཞིག་ཡོད་པ་དེ་དག་ཕུད། རང་བྱུང་འབྱུང་བའི་གོད་ཆག་ད་རེས་འདྲ་བ་རྣ་ལམ་དུའང་གྲགས་མ་མྱོང་པས་སྒང་པ་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཁྱི་སྐྱག་གིས་བྲིས་པའི་ཤོག་ལྷེ་ནག་པོ་ཞིག་ཡིན་པ་རེད།
འོན་ཀྱང་། ཕ་ས་དགྲ་རུ་ལངས་པའི་ཆག་སྒོ་དེའི་སྐབས་སུ་འཛམ་གླིང་ཤར་ནུབ་གང་སར་འཁོད་པའི་རང་རིགས་གདོང་དམར་བའི་མི་རྒྱུད་འདི་ཡིས་སེམས་པ་ཟབ་སར་བསྲིང་། ལག་པས་ལག་པར་སྦྲེལ་ཏེ་གནོད་འཚེ་ལ་འཐབ་འཛིང་དང་། ཚེ་སྲོག་ལ་སྲུང་སྐྱོབ། ལྟོགས་སྐོམ་ལ་གདོང་ལེན། དཔལ་འབྱོར་གྱི་རམ་འདེགས་སོགས་ཇི་ལྟར་བྱས་ཚུལ་རྣམས་རང་ཉིད་ཀྱིས་འུད་སྒྲོགས་མི་དགོས་པར་གོ་ལ་འཇིག་རྟེན་འདིའི་ཐོག་ཏུ་གནས་པའི་ཤེས་ལྡན་ཀུན་གྱི་སེམས་ངོ་ན་གསལ་ལེར་ཡོད་པ་ཡིན། མ་ཟད་སྒྱུ་རྩལ་པ་རྣམས་ཀྱིས་ངང་ཚུལ་དེ་དག་བརྗོད་བྱའི་སྲོག་ཏུ་བཟུང་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་མཚོན་པའི་ལ་གཞས་འཐེན་པ་དང་། སྙན་ངག་གྱེར་བ། ཞིབ་འཇུག་གནང་བ། སེམས་ཚོར་བཤད་པ། མདོར་ན་སྨྱུག་རྩེ་མིག་ཆུ་བསྲེས་པའི་རྩོམ་ཡིག་གྲངས་ལས་མི་ལང་པ་ཞིག་སྤེལ་ཡོད་ནའང་། དེ་དག་ལས་རང་དང་ཀློག་པ་པོས་གཉིས་ཀས་ལྕོགས་ཚོད་ཙམ་དུ་དམིགས་ནས་དྲ་ཚིགས་འདི་ཉིད་ཆེད་གཉེར་གྱིས་གནམ་ནག་མགོ་ལྷུང་གི་ཆག་སྒོ་དེ་བྱུང་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་དེ་རིང་། མྱ་ངན་རྗེས་དྲན་གི་ཆེད་དུ་མིག་ཆུའི་ཐིགས་པ་ཞིག་དང་ལྷན་དུ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་མིག་མདུན་དུ་བཤམ་རྒྱུ་ཡིན།
དེ་ཡང་མགོ་བོ་སྲ་མོ་རྡོ་ཡིས་མནན་ཀྱང་། ཕྱི་མིག་སྔོན་མོ་རྒྱ་གར་དུ་བསྲིངས་པའི་ཤི་བོ་དེ་དག་ལ་"མ་ཎི་"དབྱངས་རྟ་རིང་པོ་ཞིག་གི་དོད་དང་། བྱམས་སྐྱོང་མེད་པའི་འཁང་རས་ནོན་ནས་རྐང་རྡུམ་ལག་ཆད་ཀྱིས་ཤུལ་ན་ལྷག་པའི་རྨས་མ་དེ་དག་"སྨན་ཐུན་གཅིག་"གི་ངོ་བོ་དང་། ཕ་མའི་དྲོད་ཁོལ་ས་ཡིས་མནན་ཡང་། གྲིབ་གཟུགས་སྣུམ་པོ་སེམས་ན་ཉར་བའི་ཤུལ་ལུས་དྭ་ཕྲུག་དེ་དག་ལ་"ཨ་མའི་གཅེས་ཕྲུག་"ཅེས་པའི་དབྱངས་རྟ་ཞིག་གི་ཚབས་དང་། བརྩེ་བའི་བུ་ཕྲུག་ཐོང་ནས་བཀོག་ཀྱང་། མིག་ཟུང་སྔོན་མོ་སྒོ་ན་ཅེར་བའི་རྒས་འཁོག་དེ་དག་"ཨ་མ་ལོ་བརྒྱ་"ཞེས་པའི་རྒྱང་འབོད་ཅིག་གི་དོད་དུ་འབུལ་ལོ། བྱམས་བརྩེའི་མིག་ཀོང་ཆུ་བོ་བསྐྱིལ་ཏེ་གོད་ཆག་འདིའི་སྐབས་སུ་དངོས་ཤུགས་རྒྱུད་གསུམ་ནས་འཐབ་འཛིང་དང་། རྒྱབ་སྐྱོར་བྱེད་པའི་རང་རིགས་རྣམས་ལ་དྲིན་དྲན་པ་དང་། དྲིན་བཟོ་བའི་ཚུལ་དུ་དྲི་མ་མེད་པའི་ཁ་དར་དཀར་པོ་ཞིག་ཏུ་མོས་ནས་འབུལ་རྒྱུ་ཡིན།

འདི་ན་ཤི་བོ་བརྒྱ་ཡི་རྣམ་ཤེས་ཡོད་ལ། འདི་ན་གསོན་པོ་སྟོང་གི་གདོང་རིས་ཡོད། འདི་ན་ཕུ་ནུ་སྟོང་གི་དཀའ་སྡུག་ཡོད་ལ། འདི་ན་མིང་སྲིང་འབུམ་གྱི་བྱམས་སེམས་ཡོད། ད་དུང་། འདི་ན་གཞིས་ཀྱི་ས་ནག་གད་ཆད་ཀྱི་ཆག་སྒོ་ཡོད་ལ། འདི་ན་བྱེས་ཀྱི་གནམ་ནག་མགོ་ལྷུང་གི་སྡུག་བསྔལ་ཡོད། འདི་ན་དད་ལྡན་མི་མང་གི་ངུ་ངག་ཡོད་ལ། འདི་ན་བྱམས་ལྡན་བླ་མའི་བསྔོ་སྨོན་ཡོད། འབངས་ཀྱི་འོ་དོད་འདི་ན་ཡོད་ལ། དཔོན་གྱི་དབུགས་དབྱུང་འདི་ན་ཡོད།
མ་ཟད་འདི་ནི་མིའུ་གདུང་དྲུག་གི་མིག་ཀོང་མཆིལ་མས་བཀང་བའི་བརྩེ་བའི་ལག་ཟུང་དྲོན་མོ་ཞིག་དང་། འདི་ན་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་འདས་མ་འོངས་ད་ལྟ་གསུམ་གྱི་གནས་ལུགས་ལྷུག་གེར་འཆད་པའི་རིག་པའི་སྨྲ་ལྕེ་ཡངས་མོ་ཞིག་སྟེ། སྤྱད་ན་འཛད་པ་མེད་པའི་ཤེས་རབ་ཀྱི་རྨུ་ཐག་རིང་མོ་ཞིག་ཡིན།
རི་དྭགས་བཞིན་དུ་འཁྱམས་སོང་བས་ས་གས་རི་ཉིལ་གྱི་ཆག་སྒོ་དེས་མ་ཟིན་པའི་ས་མཐའ་ན་འཚོ་བའི་མི་བུ་ཞིག་གིས་རང་ཉིད་ཀྱི་ཁ་དང་ལག་པས་སླེབས་ཚོད་ཙམ་དུ་འདི་ཉིད་དང་བླངས་ཀྱིས་གཞི་གཅིག་ཏུ་བསྒྲིགས་པ་ཡིན། འདི་ལྟར་དགོས་དོན་ཡང་བཅོས་མའི་ལོ་རྒྱུས་དང་། བྱུང་རབས་རྫུས་མ་ལྟ་བུ་མ་ཡིན་པར་དབུས་པ་སྐྱག་གོག་དང་། ཁམས་པ་རོ་ཀྱོག་ཟེར་བའི་དུས་རབས་བར་མའི་ནང་ཁུལ་འཐབ་འཛིང་དང་། འཁོན་འཛིན་དེ་དག་ས་གཡོ་འབྱུང་འཁྲུག་གི་ཆག་སྒོ་དེའི་འོག་ཏུ་ནུབ་ནས་མིའུ་གདུང་དྲུག་ལག་བརྡང་གཅིག་ཏུ་བསྒྲིལ་ཏེ་ཕུ་ནུ་ངོ་འཕྲོད་པའི་གསེར་ནག་གི་འབྲི་བར་འོས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ཏུ་མཐོང་ནས་སོ།།
དེ་ཡང་རྩོམ་ཡིག་འདི་དག་དྲ་ཚིགས་གང་ཞིག་ཏུ་མ་བཀོད་པ་ཆེར་མེད་ཀྱང་སྒྲོབ་ལུ(www)་གསུམ་གྱི་འཇིག་རྟེན་འདི་ནི་སྟོང་གསུམ་ཡངས་པའི་ཁྱོན་ལྟར་མཐའ་དང་མུ་ཞིག་མེད་ན་རྡོ་རྗེ་ཕ་ལམ་དང་མཚུངས་པའི་ངག་གི་སྒྱུ་རྩལ་འདི་དག་ཀྱང་སྟོང་ཁམས་དེའི་ཀློང་དུ་ཡལ་ལ་ཉེ་བར་དོགས་ནས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་༼འབྲི་ཟླ་ཟལ་མོ་སྒང་༽ཞེས་པའི་མིང་ཚིག་འདི་ཉིད་ཀྱི་འོག་ཏུ་ཉེ་བར་བསྡུས་པ་ཡིན། དབྱིན་ཡིག་ཏུ་འདི་ཉིད་འབྲི་དགོས། 
 http://www.zalmogang.blogspot.com/

སླར་ཡང་བརྣན་པ་ཞིག་ལ། རྩོམ་ཡིག་ཕལ་མོ་ཆེ་ནི་དྲ་ཚིགས་ག་གེ་མོ་དང་། ཟིན་བྲིས་ཆེ་གེ་མོ་ཞིག་ནས་རང་འདོད་ཀྱིས་ཕབ་བཤུས་བྱས་བཞག་པ་ཡིན་པས་རྩོམ་པ་པོ་དང་། བསྒྱུར་བ་པོ་རྣམས་རང་རང་གི་ངོས་ནས་དཀྱེལ་ཡངས་དགོངས་ཆེ་ཡིས་ང་ལ་སྡིག་ཉེས་མེད་པར་གནང་རོགས།
སྒྲིག་སྟངས་ཀྱི་ཐད་ནས་ཉམས་མྱོང་མེད་པས་དེ་དགོས་བསམ་པར་མེད་ཀྱང་ཅི་དོད་དུ་བྱས་པས་འདི་འདྲ་བ་ཞིག་གྲུབ་པ་རེད། ཡོངས་ཁུངས་དང་། བརྗོད་བྱ་གཉིས་ཀྱིས་དཀར་ཆག་ཟུར་དུ་ཕྱེས་པ་ཡིན། ཕྱེ་དགོས་དོན་ཡང་ཐམས་ཅད་དྲ་ཡུག་གཅིག་ཏུ་བརྒྱུས་ན་ཀློག་པ་པོ་རྣམས་འཇུག་པ་མི་བདེ་བར་དོགས་ནས་སྡེ་ཚན་འདི་དག་བགོས་པ་ཡིན། ད་དུང་ཡང་སྒྱུ་རྩལ་དང་། ཡི་གེ་ལ་བྱང་བའི་མི་བུ་རྣམས་ཀྱིས་འདི་དགོས་ཀྱི་ལམ་སྟོན་གནང་ན་ཅི་མ་རུང་། གཞན་འདོད་བློ་མཐུན་མིན་དང་། ཡི་གེ་ནོར་བ། ལོག་པར་བཤད་པ་སོགས་ཡོད་ངེས་པས་རྩོམ་ཡིག་སོ་སོའི་འོག་ཏུ་ཟུར་མཆན་འཇོག་ན་མཐུས་རྒྱུ་དང་། ཡང་ན་གློག་འཕྲིན་(zalmogang@yahoo.com) འདིའི་ཐོག་ཏུ་བརྡ་ལན་གནང་རྒྱུ་མ་བརྗེད་པ་གནང་རོགས། ཐུགས་རྗེ་ཆེ།
མི་རྐང་གླིང་བུར་འབོད་པས། ༢༠༡༡ ལོ་ཟླ་༤་པའི་ཚེས་༡༤་ཉིན།

5 comments:

  1. མི་རྐང་གླིང་བུ་ལགས་ཀྱིས་གསར་བསྐྲུན་གནང་བའི་དྲ་ཚིགས་འདིའི་ནང་རྒྱུན་དུ་ཞུགས་ཐབས་བྱ་རྒྱུ་ཡིན།
    མདོ་ཁམས་སྐྱེ་རྒུའི་ཞིང་ཁམས་།།
    མི་འདོད་འབྱུང་འཁྲུག་གནོད་པས།།
    རྨེག་མེད་ཐལ་རྡུལ་བཟོས་པ།།
    ནམ་ཡང་བརྗེད་ཐབས་མི་འདུག །
    ཁྱུངཿསྨོན་ལམ་པས།

    ReplyDelete
  2. མི་རྐང་གླིང་བུ།13 April 2011 at 22:26

    གྲོགས་པོ་ཁྱུང་སྨོན་ལམ་ལགས། དྲ་ཚིགས་འདིར་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། ལྷག་པར་རྒྱུན་དུ་ཕེབས་ནས་རྒྱབ་སྐྱོར་གནང་བ་དེ་འབྲི་ཟླ་ཟལ་མོ་སྒང་དུ་འཁོད་པ་ཡོངས་ལ་རྒྱབ་སྐྱོར་གནང་ལོས་ཡིན། ཚེ་རིང་།

    ReplyDelete
  3. བཀུར་འོས་པའི་དྲ་གྲོགས་མི་རྐང་གླིང་བུས་འདི་ལྟར་ཐུགས་འཁུར་ཆེར་བཞེས་ཀྱིས་དྲ་ཚིགས་གསར་པ་བཟོས་གྲུབ་པར་བཀའ་དྲིན་ཆེ་དང་རྟེན་འབྲེལ་དུས་གཅིག་ཞུ།

    ReplyDelete
  4. སྐུ་ཉིད་ཀྱིས་ངལ་བ་དུ་མ་ཁྱད་དུ་བསད་དེ་སྐྱེ་རྒུ་ས་ཡོམ་སྐོར་ཕྱོགས་བསྡུ་དང་དབྱེ་ཞིབ་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ReplyDelete
  5. རྡོ་རྗེ་ཕུན།17 April 2011 at 09:51

    གྲོགས་པོ་མི་རྐང་གླེང་བུ་ལགས། ཁྱེད་ཀྱིས་འགན་ཁུར་དང་སེམས་ཤུགས་ལ་རྗེས་སུ་ཡི་རང་ཞུ་བ་དང། ཁྱེད་ཀྱི་དྲ་ཚིག་འདི་འདས་གསོན་གཉིས་ཀྱི་སེམས་གཏན་དུ་འགྱུར་བ་ཤོག

    ReplyDelete