Thursday 31 March 2011

ཞལ་འདེབས་ཀྱི་ཟུར་གཅིག ལྷོ་ཕྱོགས། མོན་གྷོ།

ད་ལམ་བོད་མདོ་ཁམས་སྐྱེ་དགུ་མདོ་རུ་ཕྱི་ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་ས་ཡོམ་གྱི་གོད་ཆག་ཚབས་ཆེན་ཕོག་ནས་མི་གྲངས་ཁྲི་ལ་ཉེ་བ་ཞིག་ལ་སྲོག་སྐྱོན་དང་། དེ་ལས་མང་བ་ལ་རྨས་སྐྱོན་ཕོག་པ། ཡུལ་མི་ཕལ་མོ་ཆེ་གནས་མལ་དང་ཟས་གོས་སོགས་ཀྱི་དཀའ་ངལ་ཚད་ལས་བརྒལ་བར་ཞིག་འཕྲད་དང་ཕྲད་བཞིན་པའི་སྐབས་འདིར་ཕྱི་སྡོད་ཡུལ་ཤུལ་བ་སེར་སྐྱ་མི་མང་བརྒྱ་ཕྲག་ལས་བརྒལ་བ་ཞིག་གིས་མ་བསྐུལ་དང་བླངས་ཀྱིས་༸སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེའི་གཙོས་པའི་བླ་ཆེན་ཁག་ལ་བསྔོ་རྟེན་ཕུལ་བ་དང་། དགོན་པ་དང་ཆོས་སྡེ་ཁག་ལ་མཆོད་འབུལ་དང་བདུན་ཚིགས་སོགས་བརྩི་སྲུང་ཞུ་དང་ཞུ་བཞིན་པ་དང་། དེ་བཞིན་དུ་ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་དང་། སེམས་པ་གཅིག་སྒྲིལ་སོགས་ཀྱི་ཆེད་དུ་༼༤ ༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་༽གསར་འཛུག་ཞུས་ནས་རྒྱ་བལ་འབྲུག་གསུམ་གྱིས་གཙོས་པའི་འཛམ་གླིང་ཡུལ་གྲུ་དུ་མར་ཞལ་འདེབས་བསྡུ་རུབ་གྱི་སྐབས་སུ་མོན་གྷོ་འདོད་དགུ་གླིང་ནས་ཧིན་སྒོར་བྱུང་བའི་གྲངས་ཐོ་གཤམ་གསལ།

༡༽ དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་པ་ནས་་བྱུང་བ།
འབྲས་སྤུངས་བླ་སྤྱི།                                                                     ཧིན་སྒོར།                 ༡༠༠༠༠༠།༠༠
འབྲས་བློ་གླིང་གྲྭ་ཚང་།                                                                                          ༣༠༠༠༠༠།༠༠
འབྲས་སྒོ་མང་གྲྭ་ཚང་།                                                                                           ༣༠༠༠༠༠།༠༠
བློ་གླིང་ཁམས་ཚན་ཉེར་ལྔ་ནས།                                                                                ༡༦༦༠༥༥།༠༠
སྒོ་མང་ཁམས་ཚན་ཁག་ནས།                                                                                   ༡༠༧༤༦༠།༠༠
                                                                                       བསྡོམས།                       ༩༧༣༥༡༥།༠༠
༢༽དགའ་ལྡན་དགོན་པ་ནས་བྱུང་བ།
དགའ་ལྡན་བླ་སྤྱི་                                                                                                ༡༠༠༠༠༠།༠༠
དགའ་ལྡན་ཤར་རྩེ་གྲྭ་ཚང་ནས།                                                                            ༣༠༠༠༠༠།༠༠
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས།                                                                            ༣༠༠༠༠༠།༠༠
དགའ་ཤར་ཁམས་ཚན་ཁག་ནས།                                                                           ༤༠༡༢༥།༠༠
དགའ་བྱང་ཁམས་ཚན་ཁག་ནས།                                                                            ༩༤༡༨༥།༠༠
                                                                                                བསྡོམས་་་་་་་་་་་་༨༣༤༣༡༠།༠༠
༣༽ གཞིས་གྲོང་ཁག་ནས།                                                                       ཧིན་སྒོར།          
གཞིས་གྲོང་དང་པོ།                                                                                                   ༡༥༠༢༥།༠༠
གཞིས་གྲོང་གཉིས་པ།                                                                                                  ༡༣༦༤༥།༠༠
གཞིས་གྲོང་གསུམ་པ།                                                                                                 ༢༢༤༡༡།༠༠
གཞིས་གྲོང་བཞི་པ།                                                                                                   ༢༡༤༩༠།༠༠
གཞིས་གྲོང་ལྔ་པ།                                                                                                       ༡༦༢༡༥།༠༠
གཞིས་གྲོང་དྲུག་པ།                                                                                                    ༡༨༢༢༥།༠༠
གཞིས་གྲོང་བདུན་པ།                                                                                                  ༤༢༣༢༠།༠༠
 གཞིས་གྲོང་བརྒྱད་པ།                                                                                                  ༡༩༠༤༠།༠༠
གཞིས་གྲོང་དགུ་པ།                                                                                                      ༣༠༧༣༥།༠༠
                                                                                 ་་་་་་་་་་་་་་བསྡོམས།                      ༡༩༩༡༠༦།༠༠
༤༽  དགོན་པ་དང་བཙུན་དགོན་ཁག་ནས།                                            ཧིན་སྒོར།              
དཔལ་ལྡན་ར་སྟོད་གྲྭ་ཚང་།                                                                                         ༡༠༥༥༥།༠༠
ས་སྐྱ་ཆོས་སྒར་མདོ་སྔགས་བརྩེ་ཆེན་གླིང་།                                                                      ༡༡༥༠༠།༠༠
བདེ་ཡང་གྲྭ་ཚང་།                                                                                                   ༡༠༠༠།༠༠
འབོ་དཀར་ངེས་དོན་ཆོས་འཁོར་གླིང་།                                                                          ༡༢༠༠༠།༠༠
བཀའ་དགོན་བདེ་ཆེན་ཆོས་སྐུ་གླིང་།                                                                           ༥༧༠།༠༠
བཙུན་དགོན་བྱང་ཆུབ་ཆོས་གླིང་།                                                                                ༢༣༣༤༥།༠༠
སྟོད་སྤུ་ཧྲེང་བཤད་འཕེལ་གླིང་།                                                                                   ༡༠༡༠༥།༠༠
ས་སྐྱ་དམ་ཆོས་གླིང་།                                                                                                 ༣༥༠༠།༠༠
རྙིང་དགོན་གསང་སྔགས་ཆོས་གླིང་།                                                                                ༡༠༠༠༠།༠༠
                                                                               ་་་་་་་་་་་་་བསྡོམས་གྲངས།             ༨༢༥༧༥།༠༠
༥༽   ཚོགས་སྡེ་ཁག                                                                            ཧིན་སྒོར།
མོན་གྷོ་གཞིས་ལས་ཁང་།                                                                                          ༢༥༧༠།༠༠
མོན་གྷོ་རྒྱལ་ཡོངས་མང་གཙོ་ཚོགས་པ།                                                                        ༥༠༠།༠༠
གཞིས་གྲོང་དྲུག་པའི་སློབ་ཕྲུག་ནས                                                                             ༩༢༠།༠༠
མོན་གྷོ་ས་གཞོན་ནས།                                                                                              ༡༥༠༠།༠༠
མོན་གྷོ་བུད་མེད་ཚོགས་པ་ནས།                                                                                 ༡༥༠༠།༠༠
གཞིས་གྲོང་གསུམ་པའི་ཟ་ཁང་དང་མགྲོན་ཁང་ཁག་ནས།                                                 ༨༣༩༥།༠༠
མཉམ་འགྲེལ་དབུས་མ་ནས།                                                                                     ༡༣༠༠།༠༠
དང་ཟུར་ཚོགས་པ་ནས།                                                                                           ༡༠༠༠།༠༠
སྨན་ཁང་ནས།                                                                                                       ༧༣༩༠།༠༠
མཉམ་འབྲེལ་ལྕགས་བཟོ་ནས།                                                                                   ༦༥༠།༠༠
གཏན་ཉིན་སློབ་གྲྭའི་དགེ་སློབ་ཐུན་མོང་ནས།                                                                ༡༦༥༡༥།༠༠
ཁ་ལོ་བ་ཚོགས་པ་ནས།                                                                                             ༣༦༧༥།༠༠
མི་སྒེར་པ་འགའ་ཞིག་ནས།                                                                                        ༨༥༠།༠༠
ས་གནས་མགོ་འཛིན་ལས་ཁང་ནས་ཁ་སྐོང་གི་ཆེད་དུ།                                   །           །     ༧༢༩།༠༠།
                                                                           ་་་་་་་་་་་་་བསྡོམས་གྲངས།               ༤༧༤༩༤།༠༠
དེ་ལྟར་བྱུང་བ་ཡོངས་རྫོགས་ལ་བསྡོམས་ན་ཧིན་སྒོར་ས་ཡ་གཉིས་དང་ཆིག་འབུམ་སུམ་ཁྲི་བདུན་སྟོང་ཐམ་པ་(RS=2.137.000.00)བྱུང་བ་ས་གནས་གཞིས་མགོ་མཆོག་དང་ལྷན་དུ་དག་རྩིས་བྱས་ནས་དེ་རིང་སྔ་གྲོ་༼༤། ༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་༽དུ་ཕུལ་ཟིན་པ་ཡིན།
ཕྱི་ལོ་༢༠༡༠ཟླ་༤ པའི་ཚེས་༣༠ཉིན། འབྲས་སྤུངས་ལྡན་མ་ཁམས་ཚན་ནས།





Tuesday 29 March 2011

སྐྱེ་དགུ་མདོའི་འདས་གསོན་གཉིས་ཀྱི་ཆེད་དུ་ཨ་རི་ནེའུ་ཡོག་ཏུ་འདུ་འཛོམས།

སེམས་ཀྱི་འགུལ་ཤུགས་གཞན་ཞིག ཀླུ་དགེ་འདུན་རྒྱ་མཚོ། ལྷོ་ཕྱོགས།

སྟོང་ཕྲག་དུ་མའི་ཁ་དབུགས་བརྔུབས་ཏེ་དབྱིག་ལྡན་མ་མར་མངལ་ཡང་སྦྲུམ།།
བམ་རོ་བསྲེགས་པའི་དུད་སྤྲིན་ཁྲོད་ན་རྒོད་པོ་ཚོགས་ཀྱིས་ལྡིང་སྐོར་བྱེད།།
འཛིན་མ་རལ་བའི་བྱང་ཁོག་དེ་ན་རྩིག་གྱང་འགྱེལ་བའི་གོད་ཆག་མཐོང༌།།
ཡུལ་ཤུལ་རྩྭ་ཐང་ཁྲག་གིས་བརྫིས་དེས་ལིང་གའི་གྲོང་ལ་འཕྱ་བ་བཞིན།།

སོར་རྩེ་བསྣོལ་བའི་སྙིང་ག་དེ་ནས་སྣང་གསལ་སྒྲོན་མེ་མཐོར་བཏེགས་ཏེ།།
སེམས་ཀྱི་སྒོ་གླེགས་དལ་གྱིས་བརྡུངས་ཚེ་རྣམ་ཤེས་སྟོང་གི་ངོ་གདོང་མཐོང༌།།
ཕངས་པའི་སེམས་པ་གདུང་བས་མནན་ཏེ་སྙིང་རྩར་མཆི་མས་བརླན་པའི་ཚེ།།
བྱམས་དང་སྙིང་རྗེའི་གྲོས་ར་དེ་ནས་མི་རིགས་ཤིག་གི་ཆག་འཇིག་གླེང༌།།

ཕྱི་ཐག་རིང་བའི་བརྩེ་སེམས་སྲབ་མོ་ཉི་མའི་བུ་ཡི་སྒོ་རྩར་ཆད།།
ནང་གྲོས་གཏམ་ཡང་གླེང་ཁོམ་མ་བྱུང་སྐྱེ་གནས་འཚོལ་བའི་འཛིན་བྱང་བཏེགས།།
དགོད་པའི་སྒྲ་དང་ངུ་བའི་སྐད་མེད་ལས་ཀྱིས་འཁྲི་བའི་རྡོག་ཁྲེས་ཁུར།།
འཁྲེང་སེམས་ཕྱི་མིག་སུ་ལ་མ་བལྟས་ལྔ་བའི་ལམ་ན་ཅི་ཡང་འཕྱན།།

 

ངའི་ཕ་ཡུལ་མིག་ཆུའི་ཁྲོད་དུ་ལུས། ལྡན་མ་བྱམས་པ་འབྱུང་གནས། འབྲས་བློ་གླིང་།

གསེར་རགས་ཟངས་གཏེར་བཙན་པོ་དང་གིས་དམར་བོའི་གཞུང་ལ་སྐྱེལ་འདྲེན་བྱས།
རང་བྱུང་ཁོར་ཡུག་བཅུད་ཀྱིས་སྟོང་བས་ཡི་དམ་ཁྲོས་པའི་ཞལ་ཁྱིམ་ནས།།
འཇིགས་རུང་ས་རྡོ་ཁད་ཀྱིས་འཐོར་བའི་ཐལ་རྡུལ་རྦ་རླབས་དགུང་ལ་བསྙེགས།།
སྐྱེ་དགུའི་བོད་ཀྱི་ཚེ་སྲོག་འབུམ་ཕྲག་བ་སྲིད་ཀློང་དུ་དབང་མེད་བདས།།

ཀྱེ་མ་བུ་ངའི་ཕ་ཡུལ་སྐྱེ་དགུའི་དཔྱོད་ལྡན་འབུམ་གྱི་རྣམ་ཤེས་ཡལ།།
གནའ་བོའི་རིག་གཞུང་གསེར་གྱི་བྱེ་མར་ཆོམ་རྐུན་སྟོང་གིས་ལག་པ་བསྲིངས།།
སྲིད་འབྱོར་རིག་གསུམ་སྙན་པའི་དབྱ་རྔ་དལ་གྱིས་རྒོད་པའི་རྒྱུན་དེ་ཆད།།
བསམ་གྱིན་བསམ་གྱིན་དྲན་པའི་གསེབ་ན་སྡུག་གི་རྣག་ཁྲག་བར་མེད་བརྡོལ།།

མཛངས་ལྡན་ཕ་མས་ལ་རྒྱའི་ཞལ་ཁྱིམ་ཕྱི་རབས་བོད་ལ་སྟོན་དབང་བྲལ།།
ཕོ་བྲང་དམར་བོའི་ཁྱིམ་གཞིས་སྐྱོང་བི་གཞོན་ནུའི་རེ་ཐག་འདི་ནས་བཅད།།
མི་འདོད་སྡུག་གི་བཀྲེས་ལྟོགས་འཕྱུར་བའི་གཤིན་ཐང་ཡི་དྭགས་གྲོང་ཁྱེར་ན།།
ཏཱ་ལའི་བླ་མའི་ཞལ་མཇལ་རེ་སྒུག་ཡ་ང་སྲོག་གི་གཏའ་མར་ཉར།།

ངུ་ཞོར་བཤད་ཞོར།

བོད་ཀྱི་ས་འགུལ་ན་བོད་ཀྱི་མི་ཡང་འགུལ་དགོས། བེ་རི་དཔལ་ལྡན་རྣམ་རྒྱལ། འབྲས་བློ་གླིང་།

ཚ་གྲང་ངེས་མེད་བསྣོལ་མར་འཐབ་པའི་རྡ་སའི་ནགས་ཀླུང་འགྲིམས་པ་ན།།
དེང་རབས་གསར་འགྱུར་བརྒྱུད་ལམ་ཁག་ནས་བཞི་གཅིག་བཞི་ཡི་གནས་ཚུལ་ཐོས། །
ཟུར་གསུམ་སྙིང་ཆུང་སྡུག་གིས་གས་ཤིང་སྐྱོ་བའི་མག་ཆུ་ཁོག་ཏུ་བཞུར།།
མིག་ཟུང་ནམ་མཁའི་དབྱིངས་སུ་བགྲད་དེ་མཆོག་གསུམ་གསོལ་འདེབས་མང་དུ་ཞུས།།

རྒྱ་དམར་དང་གི་བཙན་གནོན་དྲག་པོས་བོད་མི་གཞིས་བྱེས་གཉིས་སུ་གཏོར།།
མི་ཡུལ་འཚོ་བ་སྐྱུར་མོའི་ཁྲོད་ནས་བརྙས་བཅོས་འམ་ཕྲག་མགོ་ལ་བཟེད།།
རང་བྱུང་འང་བའི་གོད་ཆག་ིག་གིས་སྤུན་ཟླ་མང་པོའི་ཚེསྲོག་ཕྲོགས།།
གདོང་དམར་ཅན་གྱི་ལས་དབང་བསམ་བཞིན་སྐྱོ་བའིི་ན་བུན་སེམས་སུ་འཁྲིགས།།

བཟོད་མེད་སྡུག་གིསཡོངས་སུ་གས་པའི་ཟུར་གསུམ་སྙིང་གི་ཟུངས་ཁྲག་ད ང་།།
སྐྱ ོ་བའི་རླུང་གིས་ཡོངས་སུ་བསྐུལ་བའི་མིག་ཆུ་ཆར་གྱི་ཐིགས་པ་གཉིས།།
སྨྱུག་རྩལ་སྒེག་མོའི་མིག་ནས་བཞུར་པའི་སྣག་ཚ་ནག་པོ་དང་བསྲེས་ཏེ།།
སྙན་ངག་འདི་ཉིད་གདུང་དབྱངས་ཟོལ་གྱིས་གཞིས་བཞུགས་ན་ཟླ་རྣམས་ལ་ཕུལ།།

ཉིས་སྟོང་བརྒྱད་ཀྱི་དྲག་གནོན་དེ་ཡིས་བོད་མིའི་སེམས་ཤུགས་སྔར་ལས་འབར།།
བཞི་གཅིག་བཞི་ཡི་གོད་ཆག་ཅིག་གིས་བོད་མིའི་སྟོབས་ཤུགས་ཉ མས་དོན་ མེད། །
བོད་ཀྱི་ས་ཆ་རང་གིས་འགུལ་ན་བོད་ཀྱི་མི་ཡང་འགུལ་བྱས་ཏེ།།
རང་དབང་བདེན་པའི་འཐབ་རྩོད་དོན་དུ་གཅིག་ཏུ་བསྒྲིལ་ནས་ལོངས་ཤིག་ཀྱེ།།

༢༠༡༠།༥།༩ཉིན་ནོར་གླིང་དུ་འཚོགས་པའི་སྙན་ངག་གྱེར་འདོན་གྱི་ཆེད་ཞོགས་ཇ་འཐུང་ཞོར་ཐོལ་བྱུང་དུ་བྲིས།

གས་ཆག་བར་གྱི་ཨག་སྐད། ལྡན་མ་ཐུབ་བསྟན་དངོས་གྲུབ། འབྲས་བློ་གླིང་།

མཁོ་དགུ་ལོངས་སྤྱོད་ཀླུ་དབང་བྱེ་བརའགྲན་བཟོད་ཐུབ་པའི་འདོད་འཇོ་དང་།
མཛེས་སྡུག་བཀོད་པས་སུམ་རྩེན་ཡུལ་ལ་སྐྱེངས་པ་སྟེར་ནུས་སྐྱེ་རྒུའི་གྲོང་།།
འབྱུང་བཞི་འཁྲུགས་པའི་ཡོ་ལང་ཞིག་གིས་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ།།
མི་སྡུག་མྱ་ངམ་ཐང་ཆེན་བསྒྱུར་བའི་སྒྱུ་མའི་ཟློས་གར་གསོན་པོ་ཞིག།

ཚན་རིག་འཕྲུལ་གྱི་གློག་རྡུལ་བརྒྱུད་ནས་འདྲེན་བྱེད་ཟུང་ལ་མངོན་པའི་ཚེ།།
བསམ་གཞིགས་རྒོད་པོ་བྲན་དུ་བཀོལཏེ་ཕྱི་མིག་སྒ་ལུང་རུ་བཞིར་ཤོར།།
སྔོན་གྱི་མཛེས་སྡུག་ཡིད་ལ་ཤར་བས་འདི་ལྟར་བདེན་ནམ་སོམ་ཉི་ངང་།།
མིག་མཐའི་མཆི་མ་འཕྱི་བཞིན་འཕྱི་བཞིན་མིག་ཟུང་གློག་ཀླད་ངོས་སུ་བགྲད།།

ཇི་ཙམ་བལྟས་ཀྱང་ཞིག་རལ་ཞིག་དང་ཤི་བོ་མ་གཏོགས་མི་འདུག་པས།།
སྐྱོ་གདུང་ཚོར་བས་ལུས་ཁམས་དཀྲུགས་ཏེ་སྙིང་གི་འཕར་རྩ་འགག་པའི་མོད།།
དྲ་ཁང་ནང་དུ་ཆུ་ཚོད་ཁ་ཤས་དྲན་མེདངང་དུ་འགྱེལ་ན་ཡང་།།
ལུས་སྲོག་གྱེས་པའི་ལས་ཀྱི་དབུ་ཁྱུད་འབྲི་རན་མིན་པས་བསྐྱར་དུ་སོས།།

སྲོང་བཙན་རྗེ་བོས་ནན་གྱིས་བསྐུལ་པའི་འགྱོག་ཆེན་གདོང་རིའི་དངོས་གྲུབ་དང་།།
ཨ་ཅག་ཀོང་ཇོས་འཕྲུལ་གྱིས་དྲངས་པའ་རྣམ་པ་སྣང་མཛད་བྱིན་རླབས་དག།
ཅི་ཡང་མ་ཕན་གང་ཡང་མ་ནུས་འདི་འདྲའི་གོད་ཆག་ཤོར་བ་འདིས།།
བདག་གི་ཡོད་ཚད་མིག་ཆུར་བསྒྱུར་ཅིང་མིག་ཆུ་ཡོད་ཚད་ཁྲག་ལ་འདྲེས།།

སེམས་པའི་ཕྱི་ནང་། ཟླ་བ། འབྲས་སྒོ་མང་། ལྷོ་ཕྱོགས།

(༤.༡༤ས་ཡོམ་གྱིས་ང་ཚོའི་ཕ་ས་བསྒུལ་སོང་།ང་ཚོའི་ཕུ་ནུ་བཀྲོངས་སོང།བཙ་བརྗིད་གནམ་གྱི་རྒྱལ་མོའི་བཀའ་ལུང་འདི་ལ་བཟློག་པའི་ཐབས་ཤེས་ཅི་ཡོད།ཡིན་ནའང་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཚོས་འདས་པོ་ཚོར་སྨོན་ལམ་དང།ཤུལ་ལུས་ཚོར་གདུང་སེམས་སྐྱེད་བཞིན་ཡོད་པ་ལྟར།ང་རང་ཡོད་སའི་དཔལ་ན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོ་འདི་དང།ད་དུང་རང་ཉིད་ལ་ཤེས་རྟོོགས་ཡོད་པ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གིས་སྒ་སྐྱེ་དགུའི་ས་ཡམ་བྱུང་ཉིན་ནས་བདུན་ཚིགས་རེ་རེ་བཞིན་དགེ་འདུན་འདུས་པ་རྒྱ་མཚོས་བསྔོ་སྨོན་རྒྱ་ཆེར་མཛད་སོང།ཞལ་འདེབས་ཕོན་ཆེན་གནང་སོང།
ཆོས་ཀྱིས་འཚོ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་ས་ཐག་རིང་ཐག་རིང་གི་རྩེ་བ་དང་དམ་ཚིག་འདི་ཚོ་ཤུལ་ལུས་གདུང་ལྡན་ཚོས་ཐོས་ཚེ་སྡུག་བསྔལ་ཆུང་དུ་འགྲོ་བ་ལ་ཕན་པར་བསམ་མོད།མོན་གྷོ་འདད་རྒུ་གླིངདུ་གྲགས་ཀྱང་གསར་འགོད་པའི་འདོད་པ་མི་འཛོམས་པའི་ས་གནས་འདི་ནས།དུས་ཐོག་ལ་འདི་ཕྱོགས་ཀྱི་བསྔོ་བ་རྣམ་དག་དང་།སྨོན་ ལམ་དྭངས་མ་འདི་ཚོ་བརྡ་འཕྲིན་བརྒྱུད་ལམ་དུ་ལེན་མཁན་དང་སྐྱེལ་མཁན་མེད་པར་གྱུར།གདུང་བའི་སྟེང་དུ་གདུང་བ་བརྩེགས་ནས་ཡོད་ཚེ།《མཆོད་མེ་སྙན་ངག་ཚགས་པར་》གྱིས་སེམས་པ་སྙི་མོ་དང་།རིགས་ཞེན་དྭངས་མ་ཁུར་ནས་བརྡ་འཕྲིན་བརྒྱུད་ལམ་དུ་འགྲོ་རྒྱུ་ཟེར།དེ་བས་བདག་གིས་ཀྱང་ཆོས་སྡེ་ཆེན་པོ་དང།དག་འདུན་འདུས་ཚོགས་ཀྱིས་བསྔོ་སྨོན་རྒྱ་ཆེར་མཛད་ཡོད་པ་འདི་ཚོ་སྒ་སྐྱེ་དགུ་ལ་བསྐུར་ན་སྙམ་སོང།སྒ་སྐྱེ་དགུའི་མི་མང་ཚོའི་སྡུག་བསྔལ་སངས་ན་བསམ་སོང།)
ཁྱོད་ཀྱི་དྭངས་མ་ཁྲག་གི་རྒྱུན་བཟང་ཐུ་བྷོད་བཙན་པོའི་ལུས་ལས་བྱུང་།།
བདག་གི་མཁྲེགས་པོ་དུང་གི་རུས་་ཐུ་བྷོད་བཙན་པོའི་རྒྱུད་ལས་མཆེད།།
དེ་ལྟའི་ལོ་རྒྱུས་ཆོས་འབྱུང་སྟོང་གི་བདེན་པ་དམ་པས་བསྲུངས་གྱུར་པས།།
དེ་རིང་སྐྱོ་བའི་སེམས་ཤིག་སྐྱེས་ཤིང་ད་དུང་གདུང་བའི་ངག་ཅིག་ཤོར།།

སེམས་འཕྲིན་དམར་མོ། འབྲས་སྤུངས་བློ་གསལ་གླིང་། ལྷོ་ཕྱོགས།



༄༅།། ཤ་རུས་གཅིག་པའི་སྤུན་ཟླ་བོད་མདོ་ཁམས་སྐྱེ་རྒུ་མདོའི་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ། ཆེད་ཞུ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༤རེས་གཟའ་ལྷག་པའི་ཞོགས་པ་ཕྱག་ཚོད་༧།༣༠ཡས་མས་ཙམ་ལ་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཕོག་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར་བློ་ཕམ་ཚད་མེད་བྱུང་ཞིང་། ཉིན་དེ་ནས་བཟུང་འདི་རྒྱ་གར་ལྷོ་ཕྱོགས་མཁས་མང་བློ་གསལ་གླིང་གྲྭ་ཚང་ནས་ཉིན་ལྟར་སྨོན་ལམ་དང་མཆོག་གསུམ་ལ་གསོལ་འདེབས་ཞུས་པ་མ་ཟད། ཕྱི་ཚེས་༢༠ཉིན་བདུན་ཚིགས་དང་པོ་ཁེལ་བ་གྲྭ་ཚང་ནས་གོ་སྒྲིག་འོག་དབུ་བཞུགས་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། མཁན་ལས་ཟུར་རྣམ་པ། སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་རྒྱལ་སྲས་བླ་སྤྲུལ་ཁག བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དང་། དགེ་འདུན་འདུས་པ་རྒྱ་མཚོ་བཅས་ནས་སྨོན་ལམ་མཆོད་འབུལ་རྒྱས་པ་ཞིག་འཚོགས་ཏེ་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་དང་། གཞིས་བཞུགས་སྤུན་ཟླ་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། ཐུགས་གསོའི་འཚམས་ཞུ། རྨས་མ་རྣམས་མྱུར་དུ་སྐུ་གཟུགས་བདེ་ཐང་ཡོང་བ་དང་། རྐྱེན་འདས་སུ་གྱུར་པ་རྣམས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཐམས་ཅད་བྱང་ཞིང་དག་ནས་དལ་རྟེན་རིམ་རྒྱུད་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་སྟེ་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པའི་ཡིད་སྨོན་དང་། གྲྭ་ཚང་ནས་གོད་ཆག་ཕོག་ཡུལ་ཉམ་ཐག་མི་མང་རྣམས་ཀྱི་ཆེད་ཞལ་འདེབས་ཧིན་སྒོར་སུམ་འབུམ་དང་། ཁམས་ཚན་ཉེར་ལྔའི་དགེ་འདུན་པ་རྣམས་ནས་ཞལ་འདེབས་ཧིན་སྒོར་ཆིག་འབུམ་དྲུག་ཁྲི་དྲུག་སྟོང་བརྒྱ་མེད་ལྔ་བཅུ་ང་ལྔ་བཅས་བསྡོམ་པས་ཧིན་སྒོར་བཞི་འབུམ་དྲུག་ཁྲི་དྲུག་སྟོང་བརྒྱ་མེད་ལྔ་བཅུ་ང་ལྔ་ཐམ་པ་ཕུལ་ཡོད་པ་ལགས་ན་ཉམ་ཐག་མི་མང་གི་ལག་ཏུ་སོན་ཐུབ་པའི་རེ་བ་བཅས། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་བྱེ་བའི་གྲྭ་ཚང་ནས། ཕྱི་ལོ་༢༠༡༠ཟླ་ ༤་ཚེས་ ༢༤་ཉིན།
འདི་ནི་སྐབས་འདིར་བྱེས་ཀྱི་གདན་ས་ཁག་གིས་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱས་པའི་ཟུར་གཅིག་རྩལ་འདོན་བྱས་པ་ཙམ་ལས་གཞན་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་། དགའ་ལྡན་ཤར་བྱང་གཉིས་སོགས་ཀྱིས་ཧིན་སྒོར་སུམ་འབུམ་རེ་བཅས་ཀྱི་ཞལ་འདེབས་དང་། ཤི་བོ་རྣམས་ལ་དམིགས་བསལ་གྱིས་བསྔོ་སྨོན་ཟབ་རྒྱས་གནད་སྨིན་ཞུས་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ལགས།

Sunday 27 March 2011

ངའི་སེམས་ཁོང་གི་སྐྱེ་དགུ་མདོ། འཇམ་དབྱངས་ནོར་བུ། ཨ་རི།



བྱམས་པ་ཆོས་དབང་གིས་བསྒྱུར།

ཁོ་བོས་གྲྭ་བ་སྟོབས་ཤུགས་ཅན་དང་། བློ་ཐག་ཆོད་པོ་ཅན་རྣམས་ཀྱིས་སྐྱེ་དགུ་གྲོང་བརྡལ་གྱི་ཞིག་རོ་སྔོག་འདོན་བྱེད་བཞིན་པའི་པར་རིས་མཐོང་བ་ན། ཁོ་བོ་ལ་སྐྱབས་མེད་མགོན་མེད་པ་དང་། ཁོང་ཁྲོ་བའི་ཚོར་བ་བཟོད་མི་ཤེས་པ་ཞིག་གིས་གནོན་སོང་། ཕལ་ཆེར་ཀློག་པ་པོ་ཁྱེད་ཚོ་འགའ་ཞིག་ལ་ཡང་དེ་ལྟ་བུ་ཚོར་ཡོད་པར་ངེས། ཁོ་བོའི་མངོན་འདོད་ནི། གྲྭ་བ་དེ་དག་དང་མཉམ་དུ་ཞུགས་ནས་རོགས་པ་བྱེད་རྒྱུ་དང་། ཁང་པའི་ཞིག་རོའི་ནང་ནས་གསོན་པོ་རེ་འཚོལ་བའམ། འདས་ཟིན་པའི་ཕུང་པོ་བཏོན་ནས་གཙང་སེལ་བྱེད་རྒྱུ་དང་། དུར་ས་ལ་མེར་བསྲེག་མ་གཏང་བའི་སྔ་རོལ་དུ་ཁོང་རྣམས་ལ་ཆེ་མཐོང་ཞིག་སླར་གསོ་བྱ་རྒྱུ་དེ་ཡིན།
འོན་ཀྱང་མངོན་འདོད་ལྟར་གཅིག་པུ་བྱེད་ཐུབ་པ་ནི་ཉམས་ཞིབ་པ་ཉམས་ཆུང་བའི་བྱ་ཚུལ་དང་མཐུན་པར་ངོས་རང་གི་དཔེ་མཛོད་དང་ཟིན་བྲིས་ཁག་ལ་བལྟས་ནས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ས་ཁུལ་དང་མི་མང་གི་གནས་ཚུལ་དང་། བྱུང་རབས། གོམས་གཤིས། ས་གཤིས། མི་རིགས་ཁུངས་རྩད་ཀྱི་སྐོར་ལ་གང་ཐུབ་རྒྱུས་ལོན་བྱ་རྒྱུ་དེ་ཡིན། ཁོ་བོའི་མིག་ངོར་མཐོང་འདོད་པ་ནི། ས་ཡོམ་འོག་འདས་གྲོངས་སུ་ཕྱིན་པ་རྣམས་ནི་སྡར་མ་ནུས་མེད་གཅིག་གནོད་འཚེ་ཕོག་པ་ལྟ་བུ་མ་ཡིན་པར་དཔའ་རྩལ་ཅན་ཞིག་དོན་ངོ་མར་ལོ་རྒྱུས་ཅན་གྱི་རྩལ་ངོམས་པ་ཞིག་ཏུ་འདོད། དེར་མ་ཟད། ཁོང་ཚོ་དང་། ཁོང་ཚོའི་ཕ་མེས་དང་ཕ་ཡུལ་གྱིས་བོད་མི་རིགས་དང་དཔལ་ཡོན་གྱི་ལོ་རྒྱུས་ནང་བྱས་རྗེས་བཞག་ཡོད་པར་མཐོང་ན་འདོད།
ས་ཡོམ་བྱུང་ཡུལ་གྱི་ས་ཁུལ་དེ་ལ་སྒ་སྐྱེ་དགུ་མདོ་ཟེར་ཞིང་། ཡུལ་དེའི་མི་ལ་སྒ་པ་ཞེས་བརྗོད། ཁམས་པ་རྣམས་ཀྱིས་
སྐྱ་ཡི་སྒྲ་ལ་ཅ་འམ་ཇ་འབོད་པ་ལ་བརྟེན་ནས་སྐྱེ་དགུ་མདོ་ལ་ཅེ་དགུ་མདོ་ཟེར་བཞིན་ཡོད། དཔེར་ན། ཁོང་ཚོས་བོད་ས་གནས་སྲིད་གཞུང་གི་གོ་གནས་ཛ་སག་ལ་ཇ་སག་
ཅེས་འབོད་བཞིན་ཡོད། མཚམས་རེ་སྐྱེ་དགུ་མདོ་ཟེར་བ་ཚུར་བསྡུས་ན་སྐྱེ་དགུ་ཞེས་འབོད་པའམ། དེང་དུས་རྒྱ་ནག་གི་སྒྲ་གདངས་ གདྲྟཐྲསྤྱ འབོད། ཁོ་བོས་སྐྱེ་དགུའི་གོ་དོན་གཅིག་མཐོང་མྱོང་བ་ནི། དེ་ནི་སྐྱེ་བ་དགུའི་བསྡུས་ཚིག་ཡིན་པ་དང་། ཕལ་ཆེར་ཁོ་བོས་འགྲེལ་ན། སྔོ་ལྗང་བདེ་སྐྱིད་ཀྱི་ཁོར་ཡུག་ལྡན་པའི་ས་ཁུལ་འདིར་སྐྱེ་བ་གཅིག་ལེན་ན་ས་ཁུལ་གཞན་དུ་སྐྱེ་བ་དགུ་བླངས་པ་དང་འདོད་བློ་ཁེངས་པ་ལྟ་བུ་ཡིན། འོན་ཀྱང་འདི་ལ་འགྲེལ་བ་གཞན་ཡང་ཡོད་ངེས།
མིང་མཐའི་ཚིག་མདོ་ཞེས་པའི་དོན་ནི། ས་ཁུལ་འདི་ཆུ་བོ་གཉིས་མཉམ་དུ་འདུས་ས་ཞིག་ལ་ཆགས་པ་ལ་གོ དཔེར་ན། ཆབ་མདོ་དང་། དར་རྩེ་མདོ་ལྟ་བུ་ཡིན། སྐྱེ་དགུ་མདོ་ལ་མཚོན་ན། ཆུ་བོ་གཉིས་ནི་རྫ་ཆུ་དང་། དཔའ་ཐང་ཆུ་བཅས་ཡིན། སྤྱིར་ས་ཁུལ་ཡོངས་རྫོགས་ཁམས་སྟོད་ལ་ཆགས་ཡོད།
དེང་སང་སྐྱེ་དགུ་མདོ་ཆགས་སའི་ས་ཁུལ་འདི་ལ་ཡུལ་ཤུལ་ཟེར། བོད་རིགས་རྣམས་ཀྱིས་མིང་འདི་ནི། ཡུལ་གྱི་ཤུལ་ལམ། གླིང་གེ་སར་རྒྱལ་པོའི་གཏམ་རྒྱུད་བྱུང་ཡུལ་གྱི་ཤུལ་ལས་ཟུར་ཆགས་པར་བཤད། ཡུལ་ཤུལ་ནི། གེ་སར་གྱི་བཙུན་མོ་སེང་ལྕམ་འབྲུག་མོའི་འཁྲུངས་ཡུལ་དང་། མོའི་ཡབ་སྒ་བསྟན་པ་རྒྱལ་མཚན་གྱིས་དབང་བསྒྱུར་བའི་ཡུལ་ཞིག་ཡིན། གེ་སར་གྱི་བཙུན་མོ་འབྲུག་མོ་དང་འབྲེལ་བ་ཡོད་པའི་ས་ཁུལ་ཞིག་ཡིན་པས། ས་ཁུལ་དེའི་བུད་མེད་རྣམས་ནི་མཛེས་ཤིང་ཡིད་དུ་འོང་བའི་གྲགས་པ་དང་ལྡན་ཡོད།
ལོ་རྒྱུས་བྱུང་རབས་དང་བསྟུན་ན། ཡུལ་ཤུལ་ས་ཁུལ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་བོད་ཀྱི་རྒྱལ་པོའི་མངའ་འོག་ཏུ་གནས་ཡོད། དུས་རབས་དགུ་པའི་ནང་བོད་རྒྱལ་འཇུག་སྒྲིལ་བ་ན་བོད་ཀྱི་ས་ཁུལ་གཞན་དང་འདྲ་བར་ས་ཁུལ་འདི་ཡང་། རྒྱལ་ཕྲན་དང་ཚོ་ཁག་འདྲ་མིན་ལ་གྱེས་འཐོར་ཕྱིན། དུས་རབས་བཅུ་གཉིས་པའི་བར་མ་ལ་ས་ཁུལ་འདི་ནང་ཆེན་རྒྱལ་པོ་དང་པོ་ཏྲེ་བོ་ ཨ་ལུ་ ཅཔྱྟཏྣ རྐྱརྡསྤྱ ཡི་འོག་ཏུ་གཅིག་སྒྲིལ་བྱུང་བ་དང་། ནང་ཆེན་གྱི་རྒྱལ་ཕྲན་ཞིག་ཏུ་སྒྱུར། ནང་ཆེན་ཞེས་པའི་ཐ་སྙད་འདི་ནང་བློན་ཆེན་པོའི་བསྡུས་ཚིག་ཡིན་པ་དང་། དེ་ཡང་ས་ཁུལ་དེར་གནས་པའི་བོད་ཀྱི་ཆོས་རྒྱལ་གྱི་ནང་བློན་ཆེན་པོ་ཞིག་ལས་བརྒྱུད་པར་བཤད། ནང་ཆེན་རྒྱལ་པོས་རྒྱལ་ཕྲན་ནང་སྡེ་བཅོ་བརྒྱད་དང་། ཕྱི་སྡེ་ཉེར་ལྔ་དབང་དུ་འདུས་ཡོད་པས། སྒ་པ་ས་ཁུལ་འདི་ནི་ཕྱི་མའི་སྡེ་ཚན་ཁོངས་སུ་འདུ། ནང་ཆེན་ནི་ཁམས་ཕྱོགས་ཀྱི་རྒྱལ་པོ་དྲུག་ཡོད་པ་ལས་གཅིག་ཡིན་ཞིང་། གཞན་རྣམས་ནི། ལྕག་ལ་དང་། ༼དར་རྩེ་མདོ།༽ སྡེ་དགེ ལྷ་ཐོག གླིང་ཚང་། སྨི་ལི་བཅས་རེད།
མན་ཇུའི་དབང་ཤུགས་དེ་མཐོ་སྒང་གི་ཨེ་ཤི་ཡ་ནང་དུ་རྒྱ་བསྐྱེད་དུ་ཕྱིན་པ་ན། ཡུལ་ཤུལ་དེ་ཟི་ལིང་གི་ཨམ་བྷན་༼མན་ཇུ་གོང་མའི་སྐབས་བོད་བཞུགས་སྐུ་ཚབ་ལ་གོ༽གྱི་མིང་ཙམ་གྱི་མངའ་འོག་ཏུ་གྱུར། འོན་ཀྱང་། དུས་རབས་སྔོན་མའི་༼ཉི་ཤུ།༽འགོ་སྟོད་ལ་ཀན་སུའུ་ཡི་ནང་རྒྱ་ཁ་ཆེའི་ ༼མཱ།༽ དམག་ཤུགས་ཤུགས་ཆེར་དར་བ་དེས། ཡུལ་ཤུལ་ས་ཁུལ་ནང་གི་བོད་རིགས་དབང་ཤུགས་ཉམས་དམས་སུ་བཏང་བ་མ་ཟད། ཕྱི་ལོ་ ༡༩༡༥ ནང་སྐྱེ་དགུ་མདོ་རུ་རྒྱ་ཁ་ཆེའི་དམག་སྒར་བཙུགས། ཕྱི་ལོ་ ༡༩༢༨ ནང་རྒྱ་ནག་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གསར་འཛུགས་བྱས་ནས་ཡུལ་ཤུལ་གཏོགས་པའི་ཀན་སུའུ་ཡི་ས་ཁུལ་འགའ་ཤས་དེའི་ནང་དུ་ཟླ་བསྒྲིལ་བཏང་། ཕྱི་ལོ་ ༡༩༥༡ ནས་བཟུང་སྟེ་སྐྱེ་དགུ་མདོ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་གྱི་རྒྱལ་ས་རུ་གྱུར་ཅིང་། གཞུང་འབྲེལ་གྱི་དེབ་ལས་བཤད་པ་ལྟར་ན། ཁུལ་དེའི་ནང་དུ་རྫོང་དྲུག་དང་། དགོན་ཁག་བརྒྱ་དང་ཉེར་གཅིག མི་འབོར་ཉིས་འབུམ་སུམ་ཁྲི་བདུན་སྟོང་ ༼༢༣༧༠༠༠༽ བཅས་ཡོད། སྐྱེ་དགུ་མདོ་གྲོང་བརྡལ་ལ་མི་འབོར་སུམ་ཁྲི་བདུན་སྟོང་ ༼༣༧༠༠༠༽ ཡོད་པར་བཤད།
སྐྱེ་དགུ་མདོ་ནི་བོད་ནང་གི་ཚོང་འབྲེལ་ཐོག་ལ་ས་གནས་གལ་ཆེན་པོ་དང་ལམ་གྱི་བཞི་མདོ་ཞིག་ཏུ་གྱུར་པ་མ་ཟད། ལམ་ཆེན་གལ་ཆེ་མང་པོའི་ལྟེ་གནས་གཅིག་ཀྱང་ཡིན། སྲང་ལམ་གཅིག་ནི་ནག་ཆུ་འབྲོག་ས་བརྒྱུད་ལྷ་སར་བསྐྱོད་པ་དང་། ཕྱོགས་གཞན་ནི་ཆབ་མདོ་དང་སྡེ་དགེ་ལ་བསྐྱོད་པ་དང་། བྱང་ལམ་ནི་སྐུ་འབུམ་དང་ཟི་ལིང་འགྲོ་ལམ་དང་། ཉེ་འགྲམ་གྱི་ལམ་གཅིག་ནི་ཚ་འདམ་དང་སོག་པོར་འགྲོ་ལམ་ཡིན། འོན་ཀྱང་སྲང་ལམ་གལ་ཆེ་ཤོས་ནི་སྐྱེ་དགུ་མདོ་ནས་རྫ་ཆུ་ཁ་དང་། དཀར་མཛེས་བརྒྱུད་དེ་མཐའ་མ་དར་རྩེ་མདོ་ལ་འབྱོར་བ་དེ་ཡིན་ཞིང་། འདི་ལ་བྱང་ལམ་ཟེར། རྒྱུ་མཚན་ནི། འདི་ནི་དར་རྩེ་མདོ་ནས་ལྷ་སར་འབྱོར་བ་ལ་བྱང་སྣེ་ལམ་ཡིན་པས་རེད། སྲང་ལམ་འདིའི་ཐོག་དར་རྩེ་མདོ་ནས་སྐྱེ་དགུ་མདོ་བརྒྱུད་དེ་ལྷ་ས་ལ་ཇ་མང་ཆེ་བ་དབོར་འདྲེན་བྱེད་པ་ལ་བརྟེན་ནས་འདི་ལ་ཇ་ལམ་ཡང་ཟེར།
ཁོ་བོས་ལི་ཐང་བ་ཞིག་ལ་བཅར་འདྲི་ཞུས་པ་ཡིན། ཁོང་ནི་དར་རྩེ་མདོ་ནས་སྐྱེ་དགུ་མདོ་དང་ལྷ་ས་བར་ལ་གཡག་ཁྱུ་དེད་ནས་ཚོང་ལས་ཐོག་འགྲིམ་མྱོང་ཡོད་པ་ཞིག་རེད། ཁོང་གིས་འདི་ལྟར་གསུངས་སོང་། ལོ་ལྟར་དར་རྩེ་མདོ་ནས་སྐྱེ་དགུ་མདོ་བརྒྱུད་གཡག་འབུམ་སྐོར་གྱི་སྟེང་དུ་ཇ་ཁལ་བཀལ་ནས་སྐྱེལ་འདྲེན་བྱེད་ཅིང་། དེ་དག་ལས་ཇ་རྒྱབ་དྲུག་ཁྲི་སྐོར་གཅིག་ལྷ་ས་དང་བོད་དབུས་ཁུལ་ལ་ཚོང་འགྲེམ་བྱེད་པ་དང་། ལྷག་ཡོད་རྣམས་ཨ་མདོ་དང་། ཚ་འདམ། སོག་པོ་སོགས་ས་ཁུལ་གཞན་ལ་ཚོང་འགྲེམ་བྱེད་ཀྱིན་ཡོད།
སྡེ་དགེ་ཁུལ་ནས་ཐོན་པའི་དར་གོས་དང་། གོས་ཆེན། རྒྱ་ནག་གི་རྫ་ཆས། ཁ་བཏགས། དར། ལྕགས་རིགས་ཐོན་ཟོག་ཁག་དང་། བོད་དབུས་ནས་ཐོན་པའི་སྨན་སྣ་རིགས་དང་། རྒྱ་གར་ནས་ཐོན་པའི་སྲིང་བལ་གྱི་གོས་དང་། ཐ་མག གཞན་ཡང་དངོས་རྫས་རྣམས་སྐྱེ་དགུ་མདོའི་བརྒྱུད་གཏོང་འགྲེམ་བྱེད་ཀྱིན་ཡོད། དངོས་རྫས་རིན་ཐང་ཅན་དང་རིན་གོང་ཆེ་བའི་རིགས་རྣམས་དྲེལ་ཐོག་སྐྱེལ་འདྲེན་བྱེད་པ་དང་། ཡང་བལ་གྱི་རྒྱུ་ཆ་རིགས་དང་། ཀོ་པགས་མ་མཉེ་བ་དང་། ཇ་ཡོངས་རྫོགས་གཡག་སྟེང་དུ་བཀལ་གྱིན་ཡོད་པ་རེད།
གནས་ཚུལ་རྒྱུས་ལོན་མཁན་གྱིས་བཤད་པ་ལྟར་ན། དར་རྩེ་མདོ་ནས་ལྷ་ས་བར་ལ་དྲེལ་ཁྱུ་ཡིས་འགྲུལ་བཞུད་ལ་ཟླ་བ་གསུམ་དང་། གཡག་ཁྱུ་ཡིས་ཟླ་བ་བཅུ་འགོར་རྒྱུ་རེད། གལ་སྲིད་བྱང་ཐང་ལ་གནམ་གཤིས་ཧ་ཅང་གྲང་བ་དང་། གངས་འཐུག་པོ་བབས་པ་དང་། མཚམས་རེ་ལམ་བར་ལ་རྐུན་ཇག་འཕྲད་པའི་རྐྱེན་ངན་བྱུང་ཚེ་དུས་ཡུན་དེ་ལས་མང་བ་འགོར་རྒྱུ་རེད། གཡག་དྲེལ་གྱི་ཁྱུ་དེ་དག་གྲངས་ཀ་ཧ་ཅང་མང་པོ་ཡོད་པ་དང་། འགའ་ཤས་ལ་གཡག་གྲངས་སུམ་སྟོང་ལྷག་ཡོད་ཅེས་འུར་ཤོབ་བྱེད། ཡེ་ཤུའི་ཆོས་ལུགས་དར་སྤེལ་བ་ སུ་སི་ རིན་ཧཌི་ ྔསྤྱཔྲདྲྟ ངདྲདརྣདཎཔྱྤ གྱིས་ ༡༨༩༧ ལོར་བྱང་ཐང་གི་རྩ་ཐང་སྟེང་དུ་འཕྲད་པའི་གནས་ཚུལ་སྐོར་ལ་འབྲི་དོན།
‘‘ང་ཚོས་སྐྱེ་དགུ་མདོ་ནས་ཡོང་བའི་གཡག་ཁྱུ་མང་པོ་མཐོང་སོང་། ཁྱུ་རེ་རེ་ནང་ལ་གཡག་གྲངས་ ༡༥༠༠ ནས་ ༢༠༠༠ བར་ཡོད་པ་དང་། དེ་དག་གི་སྟེང་དུ་ཇ་བཀལ་འདུག དེ་དང་མཉམ་དུ་རྒྱན་ཆ་དང་གྱོན་ཆས་ལེགས་པོ་སྤྲས་པའི་ཚོང་པ་མང་པོ་ཡོད་པ་དང་། གཡག་དེད་མཁན་ཁྲོད་དུ་སྐྱེད་དམན་དང་བུད་མེད་འགའ་ཤས་ཀྱང་འདུག’’ ཅེས་བཀོད་འདུག

Wednesday 23 March 2011

སྲིད་འཛིན་ཧུའུ་ཅིན་ཐོ་སྐྱེ་དགུ་མདོར་འབྱོར་བ།




དེ་རིང་ཟླ་བ་བཞི་པའི་ཚེས་པ་༡༨་ཉིན་རྒྱ་ནག་ཆེས་མཐོ་བའི་གཙོ་འཛིན་ཧུའུ་ཅིན་ཐོ་སྐྱེ་དགུ་མདོར་སླེབས་འདུག

ཧུའུ་ཅིན་ཐའོ་ཡིས་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་བྱ་བའི་དེང་སྐབས་ཀྱི་ལས་འགན་ཨང་དང་པོ་ནི་ཉེན་ཁའི་གནས་སུ་ལྷུང་བའི་མི་སྐྱོབ་ཐབས་བྱས་ཏེ་མི་རེ་རེའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་དེ་ཡིན་ལ། དེ་དང་མཉམ་དུ་རྨས་མར་སྨན་བཅོས་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས།
ལས་འགན་ཨང་གཉིས་པ་ནི་གནོད་འཚེ་ཐེབས་སའི་མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་བཟང་པོ་བྱེད་རྒྱུ་དེ་ཡིན་པས། ཁོ་ཚོར་ཟ་རྒྱུའི་ཟས་དང་དྭངས་གཙང་གི་ཆུ། འདུག་སའི་གནས། གྲང་ངར་ཁོག་པའི་ལྭ་བཅས་ཡོད་པར་བྱེད་དགོས།
ལས་འགན་གསུམ་པ་ནི་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱས་ཏེ། ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་བྱ་བ་དང་རྗེས་ཕྱོགས་ཀྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལ་མཐུན་རྐྱེན་བསྐྲུན་རྒྱུ་དེ་ཡིན།
ལས་འགན་ཨང་བཞི་བ་ནི་བྱིས་པ་ཚོར་སེམས་ཁུར་བྱས་ཏེ། མྱུར་དུ་ཁོ་ཚོར་མཐུན་རྐྱེན་བསྐྲུན་ནས་སློབ་ཁྲིད་སླར་གསོ་བྱེད་རྒྱུ་དེ་ཡིན་ཟེར།

གསར་འགྱུར་གནད་བསྡུས་འདི་མཚོ་སྔོན་པོ་དྲ་བ་ལས་བཤུས།

Tuesday 22 March 2011

ཨ་རི་གྲོས་ཚོགས་ཀྱི་འཐུས་མི། ནེསི་པེལོསི། (Nancy Pelosi)

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་སྨོན་ལམ་དང་སེམས་ཁྲལ་དེ་བོད་རིགས་མི་དམངས་དང་རྒྱ་མི་མང་གི་མཉམ་དུ་ཡོད། དེ་བཞིན་ས་ཡོམ་ཤུགས་ཆེན་པོ་འདིའི་ཁྲོད་དུ་གཅེས་སྲོག་ཤོར་མཁན་གྱི་སྙིང་ཉེ་བའི་སྐྱེ་བོ་དེ་དག་གི་མཉམ་དུ་ཡོད། སྐབས་འདིར་གནོད་སྐྱོན་ཕོག་མཁན་མང་པོ་ཞིག་ནི། སློབ་ཕྲུག་དང་། དགེ་རྒན། ལས་མི་སོགས་ཡིན་ལ་སྟོང་ཕྲག་མང་པོ་ཞིག་ཁང་འོག་ཏུ་མནན་ཡོད་པ་རེད། ཁོང་རྣམས་ལ་དཀའ་ངལ་ཆེན་པོ་ཡོད་པའི་སྐབས་སུ་འཛམ་གླིང་གང་ས་ནས་ཁོང་ཚོའི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་པ་ནི་སེམས་གསོ་ཞིག་ཏུ་འགྱུར་བའི་རེ་བ་ཡོད།
ས་ཡོམ་འདིའི་སྐབས་སུ་ང་ཚོས་འཛིན་ཁང་དང་ཁྱིམ་ཚང་གི་ཁང་པ་བརྡིབས་པ་རྣམས་དྲུས་ཏེ་མྱུར་སྐྱོབས་བྱ་རྒྱུ་དང་སྤྱི་ཚོགས་འདི་བསྐྱར་འཛུགས་བྱ་རྒྱུར་རྒྱབ་སྐྱོར་ཆ་ཚང་ཡོད། ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཛ་དྲག་ལ་གདོང་ལེན་དང་། མྱུར་སྐྱོབས་ཀྱི་ལས་གཞི་ལ་རྒྱབ་སྐྱོར་བྱ་དགོས་པ་རེད། ང་ཚོ་ཚང་མ་མཉམ་རུབ་བྱས་ཏེ་མངའ་ཁུལ་འདིའི་མི་མང་རྣམས་ཆག་སྒོ་ལས་སྐྱོབས་ཐུབ་ཀི་རེད།།
 ༤་པའི་༡༤ཉིན།

ཡེ་ཤུ་གནམ་བདག་བླ་ཆེན་གྱི་བསྔོ་སྨོན།



ས་ཡོམ་དེས་མི་མང་པོའི་ཚེ་སྲོག་ཤོར་ཞིང་། མང་པོ་ཞིག་ལ་ལ་རྨས་སྐྱོན་ཕོག་པ། ཧ་ལས་པའི་གཏོར་སྐྱོན་བྱུང་ཡོད་པ་རེད།
 ངས་གོད་ཆག་ཐེབས་མཁན་དག་གི་ཆེད་དུ་སྨོན་ལམ་རྒྱག་གིན་ཡོད་ལ།་ང་རང་ཆོས་འབྲེལ་གྱི་ཐོག་ནས་གོད་ཆག་ཤུགས་ཆེན་པོ་འདིས་ཤུགས་རྐྱེན་ཐེབས་མཁན་དག་གི་ཉེ་སར་ཡོད། ཁོང་ཚོས་འཐོར་ཞིག་གི་དུས་འདིར་སེམས་ཤུགས་རྙེད་པ་དང་། སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་ངས་དཀོན་མཆོག་གསུམ་ལ་ཞུ་འབོད་བྱ་ངེས་ཡིན།

སུ་ཞིག་གིས་སྐྱོ་གར་འཁྲབ་བཞིན་ཡོད་དམ། ཆབ་མདོ་ཤེས་རབ། ཨ་རི།






༼དུམ་བུ་དང་པོ། ༽
ད་ནང་རང་ཉིད་དྲ་བ་ནང་འཛུལ་སྐབས་ཐེནཞའོ་དབྱི་མིང་ཅན་ཞིག་གིསཏཱ་ལའི་ཡུལ་ཤུལ་དུ་ཕྱིན་ནས་སྐྱོ་གར་ཡང་བསྐྱར་འཁྲབ་འདོད་ཡོད་པཞེས་ པའི་ཆེད་རྩོམ་དེ་མཐོང་བས་ལམ་སང་ཐེངས་གཅིག་བཀླག་པ་དང༌། དེ་ནས་ལས་ཀ་འགྲོ་དགོས་སྟབས་བྲེལ་འཚུབ་ངང་ཕྱིན་པ་ཡིན། ལས་ཀའི་རིང་དེའི་སྐོར་བསམ་བློ་ཡང་ཡང་འཁོར་ཞིང༌། འཕྲུལ་ཆས་ནས་མཉེན་ཆས་ཆ་འཕྲིན་དུས་རབས་སུ་འཕོ་བའི་སྐབས་འདི་འདྲ་ཞིག་ལ་ཡང༌། མི་རྣམས་ཀྱི་མིག་དང་རྣ་བ་བཀབ་འདོད་ཀྱི་བསམ་བློ་དེ་ཇི་ལྟར་བྱུང་བ་ཡིན་ནམ་ སྙམ་ནས་མཚམས་རེར་ཡ་མཚན་ཀྱང་སྐྱེས། གང་ལྟར་དེའི་སྐོར་གསལ་བཤད་ཅིག་བྱེད་འདོད་བྱུང་བས་འདིར་དུས་ཚོད་བྱུང་རིམ་བཞིན་འགོད་རྒྱུ་ཡིན།
ཆེད་རྩོམ་དེའི་ནང༌།
གློ་བུར་དུ་བྱུང་བའི་ས་ཡོམ་གྱིས་མཚོ་སྔོན་ཞིང་ ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་རྫོང་གི་མིའི་ཚེ་སྲོག་དང་ རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་པ་རེད། ཡུལ་དེར་རྒུད་སྐྱོབ་བྱེད་པའི་གཏམ་དེ་རྒྱལ་ཡོངས་མི་དམངས་ཀྱིས་ཐོས་པར་བརྟེན། མཚོ་བོད་མཐོ་སྒང་གི་དབུས་སུ་རང་བྱུང་གི་གནོད་འཚེ་དང་འཐབ་རྩོད་བྱེད་པའི་ གཡུལ་འགྱེད་ཆེན་པོ་ཞིག་གཤོམ་འགོ་ཚུགས་པ་རེད།
གསལ་བཤད།
གློ་བུར་དུ་ས་ཡོམ་བྱུང་ནས་མི་རྒྱུ་ཟོག་གསུམ་ལ་གྱོང་གུད་ཚབས་ ཆེན་བཟོས་པ་བདེན་པ་རེད། དེའི་སྐོར་གང་ཡང་བཤད་དགོས་མེད། འོན་ཀྱང་རང་བྱུང་གི་གནོད་འཚེ་དང་འཐབ་རྩོད་བྱེད་པའི་གཡུལ་འགྱེད་དེའི་ནང་ མདུན་དུ་མཆོང་མཁན་གྱི་དཔའ་བོ་དེ་བཅིངས་གྲོལ་དམག་དེ་ཚོ་ཡིན་ནམ། ཡང་ན་ས་གནས་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ་ཡིན། འདི་ལ་བཤད་སྟངས་མི་འདྲ་བ་གཉིས་ཡོད་ཅིང༌། གཅིག་རྒྱ་ནག་གཞུང་དང་གཞན་དེ་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་སྨྲ་བརྗོད་རང་དབང་ཡོད་པའི་རྒྱལ་ཁབ་ཁག་གི་ཤོད་སྟངས་དེ་རེད། དེ་མིན་རྒྱ་རིགས་མང་པོ་ཞིག་གིས་རང་རང་གི་དྲ་རྒྱ་ནང་། ད་རེས་བོད་ཀྱི་གྲྭ་བཙུན་ལ་དཔའ་བོའི་ཆེ་བསྟོད་བྱས་པ་དེ་འདྲ་མང་པོ་མཐོང་རྒྱུ་འདུག

Monday 21 March 2011

ཡུལ་ཤུལ། ང་ཁྱོད་དང་མཉམ་དུ་ཡོད། སྒྲེན་པོ།



མནར་སྡུག་གི་མུན་པས་ཁྱོད་ཀྱི་སེམས་ཁམས་གཡོག་དུས
ང་རང་སྒྲོན་མེ་རྐང་གཅིག་གི་ཚུལ་གྱིས་ཁྱོད་ཀྱི་ཉེ་སར་བཅར་གྱིན་ཡོད
ཤི་གསོན་གྱི་ལམ་ནས་རེ་སྒུག་གི་མིག་ཟུང་ཀེར་དུས
ང་རང་ལག་རྟེན་ཆ་གཅིག་གི་ཟོལ་གྱིས་ཁྱོད་ཀྱི་སེམས་ན་འགུལ་གྱིན་ཡོད
སྐྱིད་ན་སྐྱིད་ཀྱི་དགོད་སྒྲ་མཉམ་གཏོང
སྡུག་ན་སྡུག་གི་མིག་ཆུ་མཉམ་འཐུང
ཨྰ་་་་་་་་་་་་་་་
ཡུལ་ཤུལ ང་ཁྱོད་ཀྱི་དེ་རིང་དང་མཉམ་དུ་ཡོད
ཡུལ་ཤུལ ང་ཁྱོད་ཀྱི་མིག་ཆུའི་ཀློང་ན་འགུལ་གྱིན་ཡོད
སྐྱོ་སྡུག་གི་མིག་ཆུས་ཁྱོད་ཀྱི་ངོ་གདོང་སྦང་དུས
ང་རང་ཚེ་འགྲོགས་བུ་མོ་ཞིག་གི་ཚུལ་གྱིས་ཁྱོད་ཀྱི་མིག་ཆུ་འབྱིད་ཀྱིན་ཡོད
ངུ་ངག་གི་གདུང་བས་ས་ཆེན་གྱི་གློ་སྙིང་འགས་དུས
ང་རང་སྙིང་ཕུར་ཆ་གཅིག་གི་ཟོལ་གྱིས་ཁྱོད་ཀྱི་བྲང་གཞུང་ན་འགྲེང་ཡོད
སྐྱིད་ན་སྐྱིད་ཀྱི་དགོད་སྒྲ་མཉམ་གཏོང
སྡུག་ན་སྡུག་གི་མིག་ཆུ་མཉམ་འཐུང
ཨྰ་་་་་་་་་་་་་་་་
ཡུལ་ཤུལ ང་ཁྱོད་ཀྱི་སང་ཉིན་དང་མཉམ་དུ་ཡོད
ཡུལ་ཤུལ ང་ཁྱོད་ཀྱི་མིག་ཆུའི་ཀློང་ན་འགྲིལ་གྱིན་ཡོད
2010ལོའི་སྤྱི་ཟླ4པའི་ཚེས16ཉིན།
གསལ་བཤད། རིགས་མཐུན་སྤུན་ཟླ་མང་པོ་འདི་ལྟར་རྐྱེན་ལམ་ནས་འགྱེལ་གྱིན་པ་མཐོང་དུས། རང་སེམས་འདི་རྨང་ནས་བདེ་ཐབས་མི་འདུག དུས་ལ་དུས་བསྟུན་གྱི་སྙན་ངག་དང་གླུ་ཚིག གླུ་དབྱངས་སོགས་ཐབས་ལམ་འདྲ་མིན་གྱི་སྒོ་ནས་རིགས་སྤྱིར་བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་སེམས་ཐག་གཅིག་སྤྲེལ་གྱི་ནུས་པ་ཐོན་ཐབས་ལ་འབད་ནི་སྙན་ངག་པ་དང་གཞས་པ་ཚོའི་ཕྲག་ཏུ་བབ་པའི་གཡོལ་མེད་ཀྱི་འགན་འཁྲི་ཞིག་རེད་འདོད།ཤེས་ཡོན་ཅན་ལ་ཤེས་ཡོན་ཅན་དང་མཐུན་པའི་ལས་ཀ་སྒྲུབ་རྒྱུཡོད་པར་སོམས།

སྐྱེ་དགུའི་དྭ་ཕྲུག་རྣམས་བོད་མིར་བསྒྱུར་རམ། བསྟན་འཛིན་ཤེས་རབ།

སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཐེབས་ཏེ་ཉིན་བདུན་འགོར་བའི་ཉིན་མོ་འདིར།  ང་ཚོས་སྒྲུབ་དགོས་པའི་དོན་དག་མང་བོ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་མོད།  འོན་ཀྱང་བསམ་བློ་ཡང་དང་བསྐྱར་དུ་སྐོར་ཚེ།  ད་དུང་ངེས་པར་སྒྲུབ་དགོས་པའི་དོན་དག་གལ་ཆེན་ཞིག་ལྷག་འདུག་སྟེ།  དེ་ནི་གོད་ཆག་ཐེབས་ཤུལ་དུ་ལུས་པའི་དྭ་ཕྲུག་རྣམས་ཀྱི་འདུན་ལམ་ཡིན།
 

ད་ལྟ་གསར་འགྱུར་དང་དྲ་ཚིགས་དག་ལས་ཤེས་གསལ་ལྟར་ན།  བོད་ནང་དང་རྒྱ་ནག་གི་ས་ཁུལ་རྣམས་སུ།  གཞུང་སྒེར་དང་ཚོགས་པ་སོ་སོས་རྒུད་སྐྱོབ་ཀྱི་བྱ་འགུལ་སྤེལ་བའི་གནས་ཚུལ་ནི་ཚ་ཚ་འུར་འུར་རེད་ལ།  ཞལ་འདེབས་བསྡུ་བའི་བྱ་འགུལ་གྱི་དགོང་ཚོགས་གཅིག་གི་སྟེང་ཡང་རྒྱ་སྒོར་དུང་ཕྱུར་བཅུ་ཕྲག་ལྷག་འདུས་འདུག་པས།  ད་ནི་སྐྱེ་རྒུ་མདོའི་བསྐྱར་བསྐྲུན་གྱི་མ་དངུལ་ཐད་ང་ཚོར་སེམས་ཁྲལ་དེ་ཙམ་མེད་པར་སྣང་།  འོན་ཀྱང་ཕྱོགས་གཉིས་པོ་གང་གིས་ཀྱང་ད་དུང་ཁ་མ་གྲགས་པའི་དྭ་ཕྲུག་རྣམས་ཀྱི་འདུན་ལམ་ཐད།  ངས་བསམས་ན།  རང་རེའི་སྲིད་གཞུང་གིས་གང་མྱུར་གྱིས་ཐབས་ལམ་ཅི་འདྲ་ཞིག་སྤྱོད་དགོས་རུང་སྤྱད་དེ།  དྭ་ཕྲུག་རྣམས་བྱེས་ཀྱི་སློབ་གྲྭ་ཁག་ཏུ་ལེན་ཐབས་གནང་དགོས།  འདི་ནི་དྭ་ཕྲུག་དེ་རྣམས་ཀྱི་གནས་སྐབས་ཀྱི་དཀའ་སྡུག་སེལ་བ་ཙམ་མ་ཡིན་པར།  མི་ཚེ་གཅིག་གི་ལས་དབང་དང་སྦྲེལ་ཡོད་པར་མ་ཟད།  ཐ་ན་བོད་མི་རྣམ་དག་ཅིག་ཏུ་འགྱུར་མིན་དང་ཡང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས།  རང་རེའི་གཞུང་སྒེར་གང་ཡིན་རུང་སྒྲིམ་དགོས་པའི་དོན་ཞིག་རེད་དོ ། །

མྱ་ངན་གཞས་ཚིག སྨན་བླ་སྐྱབས། གཞས་མ་རིག་འཛིན་སྒྲོལ་མ།

ས་འགུལ་ཁྲོད་ཀྱི་གྲྭ་བཙུན། སྐྱོ་བྲག་དགའ་དབང་།

ང་ཚོའི་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་མཐའ་དག་ཚད་ཅན་གྱི་རང་བཞིན་ཡིན་ཕྱིར་བྱ་ལས་གང་ཞིག་ཡིན་ནའང་ཚོད་ཟིན་པ་ཞིག་དགོས་ཀྱི་ཡོད།

འོན་ཏེ་ང་ཚོའི་འདོད་རྔམ་ལ་འཚེངས་དུས་མེད་པ་དེས་དཔལ་འབྱོར་ཡར་རྒྱས་སུ་བསྙད་པའི་ལས་རིགས་མང་པོ་ཞིག་གིས་ཁོར་ཡུག་ཉེན་ཚབས་ཅན་དུ་བསྒྱུར་བས་འཛམ་གླིང་སྤྱི་ཡོངས་འཐོར་མི་ཡོང་ངམ་སྙམ་པའི་དངངས་སྐྲག་ནང་ང་ཚོ་སྐྱལ་ཡོད་ལ།

ལྷག་པར་བོད་ཀྱི་ས་ཞབས་སུ་ཆགས་པའི་འཁྱག་རོམ་ཞུ་ཚད་ཧ་ཅང་མྱུར་བས་རིང་མིན་སྟོད་སྨད་ཀྱི་ས་ཆ་མང་པོ་ཞིག་འཁོར་རྡིབ་ཀྱིས་སྣོད་བཅུད་གཉིས་ཀ་ཉམས་ཆག་ཏུ་འགྲོ་རྒྱུ་ཡིན་པ་ས་གཤིས་རིག་པ་བ་རྣམས་ཀྱིས་བཤད་པ་ལྟར། འདི་ལོའི་བཞི་བཅུ་བཞིའི་ཉིན་མོར་ཁམས་སྐྱེ་དགུ་མདོར་ས་ཡོམ་ཐེངས་མང་བརྒྱབས་ཏེ་མི་རྒྱུ་ཟོག་གསུམ་ལ་ཚབས་ཆེའི་ཉེན་ཁ་བྱུང་བ་ན་ཉེན་སྐྱོབ་ཀྱི་རོགས་པ་དང་པོར་སླེབས་པ་ནི་གྲྭ་བཙུན་ཚོ་ཡིན་པ་རེད།
གྲྭ་བཙུན་ཚོའི་མི་ཚེའི་སློབ་སྦྱོང་ནི་ནང་ཆོས་ལས་བྱུང་བའི་གཞན་ཕན་དང་དྲང་བདེན་གྱི་སློབ་གསོ་ཡིན་པ་དེས་སོ་སོའི་ལུས་སྲོག་ཐེད་ལ་བོར་བའི་བསམ་སྦྱོར་གྱིས་ཉིན་མཚན་ལྟོས་མེད་ངང་ཉེན་སྐྱོབ་ཀྱི་ལས་ཀར་ཧུར་བརྩོན་བྱས་པ་སྟེ། གྲྭ་བཙུན་ཚོས་ཕྱོགས་གཅིག་ནས་ས་ཞབས་སུ་ལུས་པའི་ཤི་གསོན་རྣམས་ལོན་ཐབས་བྱས་ཤིང་། ཕྱོགས་གཅིག་ནས་འཐོར་ཞིག་ཏུ་སོང་བའི་རྒྱུ་ནོར་རྣམས་དོ་བདག་སོ་སོར་འཕྲོད་ཐབས་བྱས་ཡོད་ལ། ཕྱོགས་གཅིག་ནས་གཤིན་པོ་རྣམས་བདེ་འགྲོ་འཐོབ་ཆེད་འཕོ་ལུང་དང་བསྔོ་སྨོན། རོ་སྲེག་གི་ཆོ་ག་བྱས་པ་མ་ཚད་རྨས་མ་རྣམས་མྱུར་དྲག་ཡོང་བའི་རིམ་གྲོ་དག་ཀྱང་བྱས་ཡོད། གྲྭ་བཙུན་ཚོས་འཁོར་བའི་གནས་ལུགས་ལ་ཐོས་བསམ་ཡུན་རིང་བྱས་པ་དེས་ཡ་ང་བའི་འཇིགས་སྣང་གིས་སོ་སོའི་ལུས་སེམས་ཚབ་ཚུབ་ཏུ་གྱུར་མེད་ལ།
ཤུལ་ལུས་མི་མང་རྣམས་ལ་གནད་དུ་ཁེལ་བའི་སློབ་སྟོན་བྱས་ཏེ་སེམས་ཤུགས་སྤར་ཡོད།

ཡུལ་ཤུལ་ས་འགུལ་ལ་ཤོར་བའི་མིག་ཆུ། ལྡོང་ཡོན་ཏན་རྒྱ་མཚོ།





སྐྱིད་ཀྱི་རྟ་བོ་མཉམ་ཞོན། ། སྡུག་གི་ཁུར་བོ་མཉམ་ཁུར། །
----------མགོ་ནག་བོད་ཀྱི་གཏམ་དཔེ།

དཔྱིད་གསུམ་རླུང་བུ་ལྷོད་ཀྱིས་ལྡང་ཞིང༌། རྩི་ལྗོན་སྣ་ཚོགས་གཉིད་ལས་སད་དེ་མཐོ་སྒང་ན་འཛུམ་དཀར་རྒྱས་ཆོག་པའི་དུས་ཚིགས་འདིར།གནམ་ས་རལ་བའི་ལྡིར་སྒྲ་ཞིག་གྲག་བྱུང༌།སྙིང་རྩ་འདར་བའ་ཐན་སྐད་ཅིག་གོ་བྱུང༌། བདེན་ནམ།ལས་དང་སྨོན་ལམ་གཅིག་ལ་ཤ་དང་རུས་པ་གཅིག་པའི་ངའི་ཡུལ་ཤུལ་མི་དམངས།ས་ཡོམ་ཆེན་པོས་ཁྱུར་མུད་བཏང་སོང་བ་བདེན་ནམ།བརྩེ་བ་མེད་པར་ཁྲགགིས་སྦགས་སོང་བ་བདེན་ནམ།བདེན་མི་སྲིད།
ཁ་པར་ཐོག་འཕྲིན་ཐུང་འབྱོར་སོང༌། བརྙན་འཕྲིན་ལས་གསར་འགྱུར་གོ་བྱུང༌། དྲ་ཚིགས་ལས་དོན་དངོས་མཐོང་བྱུང༌། ཚེ་སྲོག་སྟོང་ཕྲག་མང་བོ་ང་ཚོ་དང་གཏན་དུ་གྱེས་ཟིན་ལ། རྨས་མ་ཁྲི་ཕྲག་ལྷག་གིས་འཁུན་སྒྲ་སྒྲོག་གིན་འདུགདྭ་ཕྲུག་བརྒྱ་སྟོང་གི་ངུ་སྒྲ་དང་ཉམ་ཐག་བོད་མི་ཚོའི་མིག་ཆུ་ཡིས།མི་སེམས་ལ་སྐྱོ་བ་བསྐྱི།སྐྱབས་གསོལ་གྱི་དབྱངས་རྟ་མཆེད། ཀྱེ་མ་ཀྱེ་ཧུད།གངས་རིའི་ལྗོངས་ལ་བཟོད་མེད་སྡུག་བསྔལ་དྲག་པོའི་མུན་པ་ཉིན་མོར་འཐིབ་སོང༌།འདི་ནི་དབང་ཆེན་སུ་ཞིག་གིས་ཕབ་པའི་བཀའ་ཁྲིམས་ཡན།བརྩེ་མེད་གང་ཞིག་གིས་འཕང་བའི་འགད་རྫས་ཡིན། བསམ་མེད་སུ་ཞིག་གིས་བསགས་པའི་ཉེས་ལན་ཡིན། ཡོད་ཚད་ཐུན་མོང་གི་ལས་དབང་ལ་ཁག་དཀྲི་དགོས་སམ།
ཡོད་ཚད་རྨི་ལམ་མ་ཡིན་པའི་རྨི་ལམ་དུ་གྱུར་ཚར་བའི་ད་ལྟ།ང་ཚོས་ཅི་ཞིག་བྱེད། བྲང་ཁོག་རྡུང་ནས་འདུག་གམ། མགོ་བོ་སྨད་ནས་ངུའམ། སེམས་ཁོང་དུ་ཆུད་དེ་འགྲོའམ། ཡོད་ཚད་ཡུལ་ཤུལ་བའི་ཕམ་ཉེས་སུ་བརྩིས་ནས་བལྟའམ། མིན། རྒྱལ་སྲས་ཞི་བ་ལྷ་ཆེན་པོས། གལ་ཏེ་བཅོས་སུ་ཡོད་ན་ནི། ། དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་པ་ལྟར། ང་ཚོ་དཀའ་སྡུག་ཁྲི་ཕྲག་གིས་མི་ཕམ་པའི་མི་བུ་གདུང་དྲུག་ཡིན། བདག་གཞན་མཉམ་བརྗེ་ལ་གོམས་པའི་ཐེག་ཆེན་ཆོས་པ་ཡིན། བྱམས་དང་སྙིང་རྗེ་ཡིས་ཕྱུག་པའི་ཆོས་ལྡན་བོད་པ་ཡིན།མི་རྟག་ཕྲ་རགས་ལ་སྦྱངས་པའི་ཉམས་མྱོང་བ་རྣལ་མ་ཡིན།

ཤི་རྐྱེན་ལྟེ་བ་འགའ། མི་ནག་ཚང་། ལུང་རིགས་རྒྱལ།

མྱུར་སྐྱོབ་ཅེས་པ་འདི་ལ་ངེས་པར་དུ་གོ་དགོས་པའི་གོ་དོན་ཞིག་ཡོད་པ་ནི། ཛ་དྲག་གི་གནས་སྟངས་འོག་ལྷུང་བའི་ཚེ་སྲོག་ཅིག་ཛ་དྲག་གིས་གསོན་ལམ་ལ་འཇུག་དགོས་པ་དེ་རེད། ཇི་ལྟར་མྱུར་ན་དེ་ལྟར་དུ་ཚེ་སྲོག་མང་པོ་སྐྱོབ་ཐུབ་གི་རེད། རྨས་སྐྱོན་ཕོག་མེད་མཁན་ཞིག་ལ་མཚོན་ན་ཉིན་ ༣ ནས་ ༧ གྱི་བར་ལ་ངེས་པར་དུ་སྐྱོབ་ཐུབ་དགོས། རྨས་སྐྱོན་ཚབས་ཆེན་ཕོག་མཁན་ཞིག་ཡིན་ན་དུས་ཚོད་གཅིག་ནས་དུས་ཚོད་ཉེར་བཞིའི་ནང་དུ་མྱུར་སྐྱོབ་བྱེད་ཐུབ་དགོས། མྱུར་མ་མྱུར་དེ་ནི་གཞི་རྩའི་ནས་ཚང་མར་གཅིག་མཚུངས་ཡིན་རུང་། སྐྱོབ་དགོས་སའི་གང་ཟག་དེའི་གནས་སྟངས་ཀྱི་ཐོག་ནས་མྱུར་སྐྱོབ་ཅེས་པའི་ཚིག་དོན་འདིའི་དུས་ཚོད་ཀྱི་ཛ་དྲག་ཆེ་ཆུང་ལ་ཡང་འཕར་ཆག་ཡོང་གི་ཡོད།

ས་ཡོམ་ལྟ་བུར་མཚོན་ན་ས་འོག་ལ་ལུས་པའི་མི་དེ་དག་གི་གནས་སྟངས་ནི་འདྲ་མིན་སྣ་ཚོགས་ཡིན། དཔེར་ན། ཡུལ་ཤུལ་ས་ཡོམ་བརྒྱབ་ནས་དུས་ཚོད་ ༡༢༣ སྟེ་ཉིན་ ༥ འགོར་རྗེས་རང་ལོ་ ༦༨ ལ་སོན་པའི་རྒན་མོ་ཞིག་དང་། རང་ལོ་ ༤ ལ་སོན་པའི་བུ་མོ་ཞིག་བསྐྱབས་པ་ལྟར་རེད། ནུས་པས་འདེང་ན་དེ་དུས་ད་དུང་སྐྱོབ་ཐུབ་པ་དང་། དབུགས་ཆད་མ་ཁལ་དུ་མྱུར་སྐྱོབ་ལ་སྒུག་བསྡད་མཁན་གྱི་མི་གང་འཚམ་ས་འོག་ན་ཡོད་པ་གསལ་བོ་རེད། ཉིན་ ༥ རྗེས་སུ་གསོན་པོར་ས་ཁར་བུད་པའི་བྱིས་པ་དང་ལོ་ལོན་འདི་གཉིས་ཀྱིས་ཤ་དར་རུས་དར་ཡིན་པའི་དར་མ་མང་པོ་ཞིག་གི་ཤི་གོད་ལ་གོ་རྒྱུ་ཡོད་པའི་གསལ་བཤད་ཅིག་བྱས་ཡོད།

རྒྱ་ནག་གིས་ད་ཐེངས་ཡག་རབས་རྒྱན་རབས་བྱས་ཚུལ་བཤད་མཁན་ནི་ཕལ་ཆེ་བ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་པའི་འཛམ་གླིང་གི་སྲིད་གཞུང་ཕལ་ཆེ་བ་རེད། ༧གོང་ས་མཆོག་གིས་མཚོན་པའི་བཙན་བྱོལ་བོད་གཞུང་དང་བོད་མི་ཕལ་ཆེ་བ་རེད། ཡིན་ཡང་། གནད་དོན་གཙོ་བོ་གསུམ་ནི་སྐབས་དེ་ནས་བཟུང་ངའི་ནང་ཁྲོལ་གྱི་མཐིལ་དེར་གཅུས་ལོག་རྒྱག་བཞིན་པའི་ཟུག་གཟེར་འགའ་རུ་གྱུར།