Friday 15 April 2011

དེ་རིང་གི་ཡུལ་ཤུལ། སྐ་རགས།

དེ་རིང་ནི་སྤྱི་ལུགས་སུ་བརྩིས་པས་2011ལོའི་ཟླ4བའི་ཚེས14་སྟེ།
ཆུ་བཞི་སྒང་དྲུག་གི་ལུང་ཁུག་ཅིག་ཏུ་མི་ལོ་དུ་མའི་རིང་ལ་རང་གི་སྡུག་རུས་དང་སྟོང་བསམ་ལ་བརྟེན་ཏེ་འཚོ་བ་རོལ་པའི་ཡུལ་ཤུལ་ཞེས་པའི་ཚོ་ཁག་ཅིག་ལ་ས་གཞི་གཡོ་སྐྱོམ་གྱི་གོད་ཆག་ཐེབས་ནས་ལོ་འཁོར་གཅིག་འདས་པའི་ཉིན་མོ་ཡིན་པ་རེད། དེ་ནི་བོད་མི་ཞེས་པའི་ཡིག་འབྲུ་འདི་གཉིས་ལ་དངོས་ཤུགས་གང་རུང་དང་དྲང་ལྡོག་ཅི་རིགས་ནས་འབྲེལ་བ་ཡོད་མཁན་ཚང་མས་ཤེས་སྲིད་པའི་དོན་ཞིག་རེད།  ད་ལྟ་དྲ་བ་དང་བརྙན་ལམ་སོ་སོ་ནས་དེ་རིང་ནི་བོད་མི་ཚང་མས་སེམས་ཁོང་ནས་འབོར་མི་རུང་བའི་དུས་ཆེན་ཞིག་ཏུ་བསྒྲག་གི་ཡོད་པ་ཇི་བཞིན།  དེ་རིང་ནི་ང་ཚོས་ཁ་སང་འཐུང་བའི་ཇ་ཐུན་གཅིག་ལྟར་ཤུལ་མེད་དུ་བརྗེད་རུང་བ་ཞིག་ག་ལ་ཡིན་ཨང་།  དྲ་བ་དང་བརྙན་ལམ་ཁག་ནས་འུ་ཅག་ལ་ངོ་སྤྲད་པའི་དེ་རིང་གི་ཡུལ་ཤུལ་ནི་ལྗང་མདོག་གི་འཇིག་རྟེན་དང་།  འཛུགས་བསྐྲུན་གྱི་ཡུལ་གྲུ།  རེ་འབྲས་དོན་སྨིན་གྱི་གནས་མཆོག་སོགས་སུ་བགྲང་ཞིང་།  ལྷག་པར་དུ་རང་ཉིད་ཆེས་མཐོའི་སྒྱུ་རྩལ་གྱི་བྱ་བ་གཉེར་མཁན་དུ་རློམ་པའི་འཁྲབ་སྟོན་པ་ལ་ལས་ཡུལ་ཤུལ་དུ་མེ་ཏོག་བཞད་ཅེས་པའི་ལུས་པོས་མི་ཐེགས་པའི་གོས་རྒྱན་གྱི་ཚུལ་དུ་གློག་བརྙན་འཁྲབ་པ་དང་། ནམ་རྒྱུན་མི་རིགས་ཤིག་གི་བདེ་སྡུག་གི་དུས་ཚོད་ངག་ལ་དྲངས་པར་མགྲིན་ཚབ་པ་རུ་རློམ་པའི་རང་རེའི་རྩོམ་པ་པོ་དག་གིས་ཡུའུ་ཧྲུའུ་དྲོད་ཁོལ་ལྡན་པའི་ཁྱིམ་གཞི་སོགས་གཡོག་པོ་ལ་རྒྱལ་པོར་བཏགས་པའི་ཟུར་ཟའི་རི་མོ་དག་གིས་མིག་ལམ་བཅད་ནས་ཡོངས་ཚེ།  ངས་ནི་སྣང་ལ་མ་ངེས་པའི་མཛེས་སྡུག་གི་ཕུང་བོ་གཏོས་ཆེ་བ་དེ་དག་གི་ཕ་རོལ་ན་ཡོད་པའི་ཡུལ་ཤུལ་ངོ་མ་དེ་དྲན་བྱུང་།  དེ་ནི་ན་ནིང་གི་ཟླ་བཅུ་གཅིག་པའི་ནང་དུ་ང་རང་ཡུལ་ཤུལ་དུ་ཐེངས་གཅིག་སོང་བའི་མཐོང་ཐོས་དངོས་སྟེ།  ཡུལ་ཤུལ་ནི་ཨར་འདམ་གྱི་གྱང་རོ་དང་སོ་ཕག་གི་ཞིག་རོའི་འོག་ན་བདག་མེད་ཀྱི་མི་རོ་རྡུལ་དུ་ཟག་པའི་དུར་ས་འཇིགས་སུ་རུང་བ་ཞིག་ཡིན་ཐལ།  ཡུལ་ཤུལ་ནི་ཡུགས་ས་མས་གདུང་འབོད་དང་དྭ་ཕྲུག་གིས་ངུས་འབོད་གྱེར་སའི་འདུ་ར་རྣ་ལ་གཟན་པ་ཞིག་ཡིན་ཐལ།  ཡུལ་ཤུལ་ནི་མི་ཤུལ་ལ་རྩྭ་དང་རྩྭ་ཤུལ་ལ་ལྡུམ་པུ་སྐྱེས་པའི་མྱ་ངམ་ཐང་ཆེན་པོ་ཞིག་ཡིན་ཐལ། ཡུལ་ཤུལ་ནི་རོགས་སྐྱོར་དངོས་འབུལ་གྱི་རས་གུར་སྔོ་ཐོའི་ནང་ན་ཆུ་འཁྱག་གི་བཏུང་བ་བྲང་ལ་སྦྱར་བའི་འཚོ་བ་ཡི་ག་འཆུ་བ་ཞིག་ཡིན་ཐལ།
དོན་དངོས་དང་གནས་ལུགས་ལ་རྡོག་བརྫིས་བྱེད་པའི་སྨྱུག་ཐོགས་པ་ལགས། ཁྱོད་ཀྱིས་ངའི་ཡུལ་ཤུལ་ལ་མཚང་འདྲི་དང་འཕྱ་དམོད་མ་བྱེད།  རབ་ཡིན་ན་ཁྱོད་ཀྱིས་སྡུག་གི་ལོ་ཟླ་བསྐྱར་གླེང་མི་བྱེད་པར་ངའི་ཡུལ་ཤུལ་ཁ་རོག་གེར་འདུག་ཏུ་འཇུག་རོགས།

1 comment:

  1. སྟག་ཁ་རལ།22 April 2011 at 07:11

    དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།

    ReplyDelete