Saturday 16 April 2011

ཤུལ་ལུས་པའི་འགན་འཁྲི། ལྡན་མ། ཐུབ་བསྟན་ཟླ་བ། འབྲས་བློ་གླིང་།














ཐོག་བརྩེགས་མཐོ་པོ་རི་བོར་མཉམ་ཞིང་བཀོད་ལེགས་མཛེས་པའི་ཁང་བཟང་དང་།།
སྐྱིད་འདོད་རེ་བ་སྟོང་གིས་ཁེངས་ཏེ་ཉིན་སྔོན་ལས་འཕྲོར་འཇུག་པ་ན།།
འབྱུང་བཞི་འཁྲུགས་པའི་གཡོ་འགུལ་ཞིག་གིས་ཐམས་ཅད་ཅིག་ཅར་བཅོམ་པའི་ཚེ།།
མི་འསུན་མྱ་ངམ་གླིང་འདིས་བྱིན་པའི་ཡིད་ཀྱི་གདུང་བ་དཔེ་ལས་འགོང་།།

རྐྱེན་ངན་གོད་ཆགས་སྟོང་གིས་ནོད་ཀྱང་སྙིང་སྟོབས་ཞུམ་ནས་མི་སྡོད་པར།།
ལ་རྒྱའི་མགོ་བོ་གྱེན་དུ་བཏེགས་དང་ཕ་བཟང་བཙན་པོའི་གདོང་གི་རྒྱུད།།
གོ་ལ་རྡུམ་པོ་གནས་སུ་བྱས་པའི་རྐང་གཉིས་པ་ཡི་སྐྱེ་བོ་ཡིས།།
བསྔགས་པའི་རིག་གཞུང་དགོས་འདོད་ནོར་བུ་གཅེས་པའི་ནོར་གྱི་བདག་པོ་ཡིན།།

གཅེས་ནོར་འདི་ལ་གོད་ཆགས་མེད་པར་བུ་ཚའི་གཡང་དུ་མ་ཞོག་ན།།
བཞག་པ་མེད་པའི་ཕ་ཁུ་འདས་པའི་ཤུལ་ལུས་སྐྱོང་མེད་དྭ་ཕྲུག་ཚོ།།
ཕུགས་ནོར་མེད་པའི་དབུལ་པོ་ཁོ་ནས་འཚོ་བར་རོལ་བའི་སྤྲང་པོ་ཞིག།།
བཙན་པོ་དམ་པའི་ཁྱིམ་གཞིས་མ་ཟིན་ངེས་པ་མེད་པའི་འཁྱམ་པོ་ཞིག།།

སྙིང་རྩ་མ་རུལ་བསམ་གཞིག་མཁས་ན་སྲུང་བའི་བྱ་ར་མ་ཉམས་པ།།
གཡོ་རྒྱུ་ཅན་གྱི་ཇག་རྐུན་མཁས་པས་རྐུ་བའི་བྱ་བ་མ་གྲུབ་པར།།
མེས་པོས་བཞག་པའི་ནོམ་ཅན་དངོས་པོ་བུ་ཚའི་གཡང་དུ་འཁྱིལ་བ་ལ།།
ཁུར་དུ་བབས་པའི་ལས་འགན་ལྕི་མོ་ཕྲག་ཏུ་ལྷུང་བ་མ་ཡིན་ནམ།།

4 comments:

  1. སྟག་ལྤགས་དུ་བས་ཟོས་ནའང་། དགུ་ཚན་ནང་གི་མགོ་མ། ཟེར་བ་ལྟར་ལྷོ་མཐའི་རྦ་རླབས་ཞེས་པའི་ལེ་ཚན་གྱི་གདང་མགོ་བཏགས་ཆོག་པའི་རྩོམ་ཡིག་སྤེལ་འདུག
    ལྡན་མ་ཐུབ་བསྟན་ཟླ་བས་རྩོམ་ཡིག་སྤེལ་བར་འབྲི་ཟླ་ཟལ་མོ་སྒང་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐུ་ཉིད་སྙུན་གཞི་ལས་སེང་དྲག་ཡོངས་བའི་སྨོན་འདུན་ཞུ།

    ReplyDelete
  2. ང་རང་16 April 2011 at 11:16

    ཟླ་བ་ལགས།།
    ཁྱོད་ཀྱི་ལྷད་མེད་ཀྱི་ཟེར་ཕྲེང་རེ་རེའི་ང་ཚོའི་རྨོངས་མུན་ལ་ཟུགས་ངུ་སྟེར་ཁྱོད་ཀྱི་ཞུམ་མེད་ཀྱི་སེམས་ཁམས་དེ་ཡི་འོ་ཅག་ལ་ཟིལ་ཤུགས་སྦྱིན་སོང་།
    ཟླ་བ་ལགས།།
    ཁྱོད་ང་དང་མཉམ་དུ་ལང་དགོས་ལ་ང་ཁྱོད་དང་མཉམ་དུ་འགྲོགས་དགོས་ངས་ཁྱོད་ལ་དུང་ཁྱོད་ཀྱི་ང་ལ་བརྩེ་ངས་ཁྱོད་ལ་ཕྱིར་དྲན་བྱེད་ཐེངས་རེ་ལ་ང་ཁེར་རྐྱང་ལུས་པ་ཚོར་།

    ReplyDelete
  3. རག་ཤུལ་དཔལ་ལྡན།17 April 2011 at 21:12

    ལས་དབང་ནི་སུས་ཀྱང་བཤད་མི་ཤེས་པ་ཞིག་རེད་འདུག་ལ། འགྲོ་བ་མི་ཡི་རྣམ་དཔྱོད་དང་སེམས་ཁམས་ནི་དེ་བས་ཀྱང་ཆེས་ལྐོག་གྱུར་ཞིག་ཡིན་པར་སེམས།
    གྲོགས་པོ་ལགས། ཐུབ་བསྟན་ཟླ་བ། ཁྱེད་ཀྱིས་ལ་རྒྱའི་མགོ་བོ་གྱེན་དུ་བཏེགས། ཁྱེད་ཀྱི་སྤོབས་པའི་སྙིང་སྟོབས་ལྷུན་པོ་ལས་ཆེ། ཁྱེད་ཀྱིས་གཅེས་ནོར་ལ་གཅེས་འཛིན་དགོས་
    པའི་འབོད་བསྐུལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཉིད་ཀྱིས་བརྩམས་་པའི་རྩོམ་ཡིག་དོན་སྙིང་ལྡན་པ་དེ་དྲ་ངོས་ནས་མཐོང་སྐབས་དགའ་སྐྱོའི་ཚོར་བ་ནི་རྦ་རླབས་བཞིན་གཡོས། སླད་མར་འགལ་རྐྱེན་སྤྲིན་རྒྱ་ལས་གྲོལ་ཏེ་ས་སྟེང་འདིར་ཟླ་བའི་རང་མདངས་མངོན་སུམ་འཛུམ་
    པའི་སྨོན་འདུན་བཅས་གྲོགས་ཐ་ཤལ་བ་དཔལ་ལྡན་གྱིས་བལ་ཡུལ་ནས།

    ReplyDelete
  4. གཡག་རྒོད་18 April 2011 at 02:49

    ལྡན་མ་ཐུབ་ཟླ་ལགས་ཀྱི་དྲ་ངོས་སུ་ཕ་ཡུལ་ཆགས་འཇིག་་གི་སྐོར་ལ་གསེར་ནག་ལས་རིན་ཆེ་ཞིང་ཨོཀ་ཤོན་ལས་གཏིང་ཟབ་པའི་སྙན་ཚིག་
    གི་གཡོ་རླབས་ཤིག་གི་ཡུལ་ཤུལ་བའི་གོད་ཆགས་ཐེབས་པའི་སེམས་ཁམས་ལ་བསྙོམབསྒྲིགས་ཐེངས་གཅིག་བྱས་འདུག་
    ངས་ཡུན་ནས་ཡུན་དུ་འཚོ་བར་སྨོན།།

    ReplyDelete