Tuesday 29 March 2011

སེམས་ཀྱི་འགུལ་ཤུགས་གཞན་ཞིག ཀླུ་དགེ་འདུན་རྒྱ་མཚོ། ལྷོ་ཕྱོགས།

སྟོང་ཕྲག་དུ་མའི་ཁ་དབུགས་བརྔུབས་ཏེ་དབྱིག་ལྡན་མ་མར་མངལ་ཡང་སྦྲུམ།།
བམ་རོ་བསྲེགས་པའི་དུད་སྤྲིན་ཁྲོད་ན་རྒོད་པོ་ཚོགས་ཀྱིས་ལྡིང་སྐོར་བྱེད།།
འཛིན་མ་རལ་བའི་བྱང་ཁོག་དེ་ན་རྩིག་གྱང་འགྱེལ་བའི་གོད་ཆག་མཐོང༌།།
ཡུལ་ཤུལ་རྩྭ་ཐང་ཁྲག་གིས་བརྫིས་དེས་ལིང་གའི་གྲོང་ལ་འཕྱ་བ་བཞིན།།

སོར་རྩེ་བསྣོལ་བའི་སྙིང་ག་དེ་ནས་སྣང་གསལ་སྒྲོན་མེ་མཐོར་བཏེགས་ཏེ།།
སེམས་ཀྱི་སྒོ་གླེགས་དལ་གྱིས་བརྡུངས་ཚེ་རྣམ་ཤེས་སྟོང་གི་ངོ་གདོང་མཐོང༌།།
ཕངས་པའི་སེམས་པ་གདུང་བས་མནན་ཏེ་སྙིང་རྩར་མཆི་མས་བརླན་པའི་ཚེ།།
བྱམས་དང་སྙིང་རྗེའི་གྲོས་ར་དེ་ནས་མི་རིགས་ཤིག་གི་ཆག་འཇིག་གླེང༌།།

ཕྱི་ཐག་རིང་བའི་བརྩེ་སེམས་སྲབ་མོ་ཉི་མའི་བུ་ཡི་སྒོ་རྩར་ཆད།།
ནང་གྲོས་གཏམ་ཡང་གླེང་ཁོམ་མ་བྱུང་སྐྱེ་གནས་འཚོལ་བའི་འཛིན་བྱང་བཏེགས།།
དགོད་པའི་སྒྲ་དང་ངུ་བའི་སྐད་མེད་ལས་ཀྱིས་འཁྲི་བའི་རྡོག་ཁྲེས་ཁུར།།
འཁྲེང་སེམས་ཕྱི་མིག་སུ་ལ་མ་བལྟས་ལྔ་བའི་ལམ་ན་ཅི་ཡང་འཕྱན།།

 

དབྱངས་གསལ་གདངས་ཀྱི་ང་རོར་གྱེར་ཚེ་མ་འོངས་བོད་ཀྱི་སོན་རྩ་སྟེ།།
རྨ་བྱའི་བུ་མོ་གར་ལ་ཆས་དུས་ང་དང་སེམས་ཀྱི་བག་མ་ཉིད།།
ཐིག་ལེའི་རྩལ་ཤུགས་ནང་ནས་རྫོགས་ཚེ་ང་དང་ཁྲག་གི་འཁོར་རྒྱུན་ཞིག།
བར་དོའི་གྲོང་གི་འགྲུལ་བཞུད་པ་སྟེ་ང་ཡི་ཕུ་ནུ་མིང་སྲིང་ཚོ།།

སྟོབས་ལྡན་དཔུང་གིས་འཕྲོག་པར་མ་ནུས་ང་དང་འབྲེལ་བའི་རྣམ་ཤེས་ཚོགས།
ཐབས་རྩལ་འཕྲུལ་གྱིས་བློ་རིག་རྒོད་ཅིང་ནོར་དང་སྒྱུ་མས་བསླུ་མ་ནུས།།
ངོ་ཚའི་རི་མོ་གདོང་ལ་བཏབ་ཚེ་རོ་འཛིན་ཅན་རྣམས་ལྐུག་པ་སྟེ།།
གྲག་འགུལ་མེད་པའི་འཇིག་རྟེན་ཞིག་ནས་ཕོར་གང་མཆི་མས་སྐྱེལ་མ་བྱས།།

ཉེས་མེད་ཉེས་བརྒྱའི་རྫོངས་པ་བརྒྱབ་སྟེ་ཕྱི་མའི་ཡུལ་དུ་བརྫངས་གྱུར་ཀྱང༌།།
སུ་དང་གང་ལ་འཁང་ར་མེད་ལ་དགའ་སྐྱོ་ཆགས་སྡང་དེ་བས་མེད།།
སེམས་ཀྱི་གདུང་བ་གཟུགས་སུ་མ་གྲུབ་སྙིང་རྩ་འགྱུ་བའི་ན་ཟུག་སྟེ།།
སྙིང་རྗེ་སྨྲ་བའི་ལྷ་ཚོགས་ཀྱིས་ཀྱང་མིག་ཟུང་གཏན་ནས་གཏན་དུ་བཙུམས།།

དཔའ་བོ་སྟོང་ཕྲག་རི་ལ་ཆས་དུས་རྩྭ་ཐང་དགྲ་ཡི་འཚོ་རྟེན་ཞིག།
མཛེས་མའི་གར་སྟབས་ཁད་ཀྱིས་བཀག་ཚེ་ཕ་གཞིས་དྲོན་མོ་ཇག་པའི་ཚང༌།།
ཤི་བ་སྟོང་ལ་རྨས་མ་ཁྲི་ཡིས་ཁ་བའི་ལྗོངས་ལ་མྱ་ངན་བྱིན།།
ལས་དབང་ཟབ་མོའི་སྒོ་ལྕགས་ནར་མོ་ནམ་ཡང་ང་ཚོའི་གཉའ་ཤིང་བཞིན།།

མཛུབ་ཀེར་རི་མོའི་དགུ་ཚིགས་དེ་ལས་སྐར་མའི་ཚོགས་ཀྱི་གྲངས་ཐོ་བཤེར།།
ཟླ་བའི་མིག་ཆུ་སྐྱོགས་ཀྱིས་བཅུས་ཏེ་གངས་རིའི་སྐོམ་གདུང་སེལ་བར་རེ།།
ལུས་དང་སེམས་ཀྱི་མྱོང་བྱ་ཟབ་མོ་མཚོན་གྱིས་བཏབ་ཀྱང་མཚོན་ནུས་མིན།།
བརྣག་དཀའི་འཚོ་བ་ས་མཐར་བསྐྱལ་ཡང་སེམས་པ་གླིང་དཀར་སྟོད་ལ་ཕྱོགས།།

No comments:

Post a Comment