Monday 21 March 2011

ཡུལ་ཤུལ་ས་འགུལ་ལ་ཤོར་བའི་མིག་ཆུ། ལྡོང་ཡོན་ཏན་རྒྱ་མཚོ།





སྐྱིད་ཀྱི་རྟ་བོ་མཉམ་ཞོན། ། སྡུག་གི་ཁུར་བོ་མཉམ་ཁུར། །
----------མགོ་ནག་བོད་ཀྱི་གཏམ་དཔེ།

དཔྱིད་གསུམ་རླུང་བུ་ལྷོད་ཀྱིས་ལྡང་ཞིང༌། རྩི་ལྗོན་སྣ་ཚོགས་གཉིད་ལས་སད་དེ་མཐོ་སྒང་ན་འཛུམ་དཀར་རྒྱས་ཆོག་པའི་དུས་ཚིགས་འདིར།གནམ་ས་རལ་བའི་ལྡིར་སྒྲ་ཞིག་གྲག་བྱུང༌།སྙིང་རྩ་འདར་བའ་ཐན་སྐད་ཅིག་གོ་བྱུང༌། བདེན་ནམ།ལས་དང་སྨོན་ལམ་གཅིག་ལ་ཤ་དང་རུས་པ་གཅིག་པའི་ངའི་ཡུལ་ཤུལ་མི་དམངས།ས་ཡོམ་ཆེན་པོས་ཁྱུར་མུད་བཏང་སོང་བ་བདེན་ནམ།བརྩེ་བ་མེད་པར་ཁྲགགིས་སྦགས་སོང་བ་བདེན་ནམ།བདེན་མི་སྲིད།
ཁ་པར་ཐོག་འཕྲིན་ཐུང་འབྱོར་སོང༌། བརྙན་འཕྲིན་ལས་གསར་འགྱུར་གོ་བྱུང༌། དྲ་ཚིགས་ལས་དོན་དངོས་མཐོང་བྱུང༌། ཚེ་སྲོག་སྟོང་ཕྲག་མང་བོ་ང་ཚོ་དང་གཏན་དུ་གྱེས་ཟིན་ལ། རྨས་མ་ཁྲི་ཕྲག་ལྷག་གིས་འཁུན་སྒྲ་སྒྲོག་གིན་འདུགདྭ་ཕྲུག་བརྒྱ་སྟོང་གི་ངུ་སྒྲ་དང་ཉམ་ཐག་བོད་མི་ཚོའི་མིག་ཆུ་ཡིས།མི་སེམས་ལ་སྐྱོ་བ་བསྐྱི།སྐྱབས་གསོལ་གྱི་དབྱངས་རྟ་མཆེད། ཀྱེ་མ་ཀྱེ་ཧུད།གངས་རིའི་ལྗོངས་ལ་བཟོད་མེད་སྡུག་བསྔལ་དྲག་པོའི་མུན་པ་ཉིན་མོར་འཐིབ་སོང༌།འདི་ནི་དབང་ཆེན་སུ་ཞིག་གིས་ཕབ་པའི་བཀའ་ཁྲིམས་ཡན།བརྩེ་མེད་གང་ཞིག་གིས་འཕང་བའི་འགད་རྫས་ཡིན། བསམ་མེད་སུ་ཞིག་གིས་བསགས་པའི་ཉེས་ལན་ཡིན། ཡོད་ཚད་ཐུན་མོང་གི་ལས་དབང་ལ་ཁག་དཀྲི་དགོས་སམ།
ཡོད་ཚད་རྨི་ལམ་མ་ཡིན་པའི་རྨི་ལམ་དུ་གྱུར་ཚར་བའི་ད་ལྟ།ང་ཚོས་ཅི་ཞིག་བྱེད། བྲང་ཁོག་རྡུང་ནས་འདུག་གམ། མགོ་བོ་སྨད་ནས་ངུའམ། སེམས་ཁོང་དུ་ཆུད་དེ་འགྲོའམ། ཡོད་ཚད་ཡུལ་ཤུལ་བའི་ཕམ་ཉེས་སུ་བརྩིས་ནས་བལྟའམ། མིན། རྒྱལ་སྲས་ཞི་བ་ལྷ་ཆེན་པོས། གལ་ཏེ་བཅོས་སུ་ཡོད་ན་ནི། ། དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་པ་ལྟར། ང་ཚོ་དཀའ་སྡུག་ཁྲི་ཕྲག་གིས་མི་ཕམ་པའི་མི་བུ་གདུང་དྲུག་ཡིན། བདག་གཞན་མཉམ་བརྗེ་ལ་གོམས་པའི་ཐེག་ཆེན་ཆོས་པ་ཡིན། བྱམས་དང་སྙིང་རྗེ་ཡིས་ཕྱུག་པའི་ཆོས་ལྡན་བོད་པ་ཡིན།མི་རྟག་ཕྲ་རགས་ལ་སྦྱངས་པའི་ཉམས་མྱོང་བ་རྣལ་མ་ཡིན།
དཔའ་གདེངས་བསྐྱེད་གངས་ཅན་པ། གནའ་བོའི་འཛམ་གླིང་འཁྲུག་ཆེན་ དང་བོ་དང་གཉིས་པས་བཅོམ་པའི་མི་བུ་བྱེ་བ་བདུན་ལྷགཉེ་སྔོན་བུན་ཁྲན་ས་འགུལ་ཁྲོད་རྐྱེན་ལམ་དུ་གྱུར་བའི་སྐྱེ་བོ་ཁྲི་འབུམ།ཧུན་དྷིའི་མཚོ་འིགས་ཀྱིས་ཁྱེར་བའི་ཚེ་སྲོག་སུམ་འབུམ། ན་ནིང་ཐེ་ཝན་ས་འཇིགས་ཀྱིས་ཁྱེར་བའི་ཉེས་མེད་ཁྲི་སྟོང༌། མདོར་ན། མཚོ་འཇིགས། ཆུ་འཇིགས།རླུང་འཇིགས།མེ་འཇིགས།དམག་འཁྲུག་སོགས་ཀྱི་ཀློང་ཡངས་ནས། ཇི་འདྲའི་དྲན་མི་ཕོད་པའི་ཤི་རྨས་ཤིག་བྱུང་འདུག་ཀྱང༌། ཡོད་ཚད་སྙིང་སྟོབས་བསྐྱེད་པའི་སྒུལ་ཤུགས་དང་གཞོམ་གཞིག་བྲལ་བའི་རི་བོ་ཞིག་ཏུ་སྒོམ་བཞིན་པ་མ་ཡིན་ནམ། འདི་དག་གིས།སྡུག་བསྔལ་འདི་ང་ཚོ་གཅིག་བུའི་མིན་པའི་ར་སྤྲོད་བྱེད་ཀྱིན་ཡོད།དམིགས་རྒྱ་བསྲིངས་དང་གདུང་དམར་བ། ང་ཚོ་ལ་དཀོན་མཆོག་གསུམ་གྱི་མགོན་སྐྱོབས་ཡོད། ཡིད་རྒྱ་བསྐྱེད་དང་ཡུལ་ཤུལ་བ། ཁྱེད་ཚོ་ལ་ཆོལ་གསུམ་བོད་ཀྱི་དཔུང་གྲོགས་ཡོད། ཁོངས་སོ་གློད་དང་མཚོ་སྔོན་པ། ཁྱེད་ཅག་ལ་གླིང་ཆེན་བདུན་གྱི་རྒྱབ་སྐྱོར་ཡོད།ཡུལ་ཤུལ་གྱི་ས་འགུལ་གངས་ཅན་པའི་གོད་ཆག་ཡིན་ལ།
གངས་ཅན་པའི་གོད་ཆག་འཛམ་གླིང་སྤྱིའི་སེམས་འཚེར་ཡིན་པས། ཡུལ་ཤུལ་བ་སྐྱ་མི་བྲོ་ཆད་ཅིག་ལས་རྐང་ཆད་བྲོ་ཆད་དེ་གཏན་ནས་མིན། མིག་ཆུ་ཕྱིས་དང༌། ཨམ་གཙིགས་སྡོམས་དང༌། ང་ཚོས་ད་དུང་ལུས་སེམས་རྟེན་བརྟེན་པའི་འབྲེལ་བ་ཆད་ཟིན་པ་ཚོར་ཕྱི་མའི་ལམ་བྲོ་ཕོན་ཆེན་བསྒྲུབ་དགོས་ལ།རྐང་བཅག་ལག་བཅག་ཏུ་བཏང་ཟིན་པ་ཚོར་ན་གཡོག་གང་ལེགས་ཞུ་དགོས། ད་དུང༌།ཁྱིམ་གཞིས་གསར་བ་འཛུགས་བསྐྲུན། སློབ་བུ་ཚོར་སློབ་ཁྲིད་ཀྱི་འགོ་རྩོམ་པ་སོགས་མང་བོ་མང་བོ་ཞིག་བསྒྲུབ་རྒྱུར་ལུས་ཡོད་པས།ཧད་དེ་གཏན་ནས་འདུག་མི་རུང༌། ཕམ་ཁ་ཐེངས་གཅིག་ལས་ཀྱང་རྒྱལ་མི་ཐུབ་ན་བཞུད་ཟིན་པའི་མེས་པོ་ཚོས་མིག་ཟུང་བཙུམ་མི་ཐུབ་ལ།ལྟ་བཞིན་པའི་གོད་འདྲེ་མིག་གསུམ་པ་ཚོས་ཀྱང་ཧབ་དགད་བྱེད་ངེས།
ཞིག་རལ་དུ་གྱུར་བའི་ཨར་འདམ་དང་གྱོ་མོག་གསེང་ནས་ཉམ་ཐག་པའི་ཚེ་སྲོག་གང་མང་སྐྱོབ་ཀྱིན་འདུགསྤྲིན་དཀར་གདན་དུ་བཏིང་བའི་གནམ་གྲུ་མང་བོས་དབུགས་ཧལ་ཧལ་གྱི་རྨས་མ་བརྒྱ་སྟོང་ཞིང་ཆེན་སོ་སོའི་སྨན་ཁང་དུ་སྐྱེལ་བར་བྲེལ། ཆེ་ཆུང་མི་གཅིག་པའི་རླངས་འཁོར་ཁྲི་སྟོང་གིས་གློག་འཁྱུག་པ་བཞིན་ཟས་གོས་སྨན་གུར་སོགས་ཡུལ་ཤུལ་ས་ཁུལ་ལ་དྲུད་ནས་ཐོན། བྱམས་བརྩེའི་གཟི་བྱིན་འབར་བའི་དགོན་སྡེ་སོ་སོའི་བསྔོ་སྨོན་རིམ་གྲོ་ཡི་ཆོས་སྒྲ་ཕྱོགས་བཞིར་ཁྱབ། ད་དུང༌། མཐོ་རིམ་དཔོན་རིགས། དམག་མི།སྨན་པ།ཉེན་རྟོག་པ། གྲྭ་བཙུན། ཕྱུགས་རྫི། ཞིང་བ། ཁེ་ལས་པ། སློབ་མ། ཐ་ན་དགུང་གྲངས་བརྒྱད་ཅུར་སོན་པའི་བགྲེས་སོང་དང་ལོ་ངོ་ལྔ་དྲུག་གི་ཐེམ་སྐས་ན་ཡོད་པའི་བྱིས་པ་སོགས། ལས་རིགས་མི་གཅིག་ཀྱང་དམིགས་འདུན་གཅིག་པའི་དང་བླངས་པ་ཁྲི་འབུམ། རང་རང་ས་ནས་ཐོན་ཏེ། རང་རང་གིས་བསྒྲུབ་འོས་པའི་རོགས་སྐྱོར་རེ་བྱས་པས། ད་གཟོད་ཡུལ་ཤུལ་བའི་བྲེད་ཤ་རང་སར་འཇགས་སོང༌། གངས་ཅན་པའི་སྡུག་མཐའ་རེ་བས་སེལ་སོང༌།
ཨ། འཇིག་རྟེན་གྱི་ཁམས་འདིར། གཞན་ཕན་གྱི་བརྩེ་བ་ནི་ཇི་འདྲའི་ཡ་མེད་ ཀྱི་ནོར་བུ་ཞིག་རེད་ཨང༌།བྱམས་དང་སྙིང་རྗེ།བདག་པས་གཞན་གཅེས། སྡུག་བསྔལ་གཏོང་ལེན། སྟོབས་ཤུགས་གཅིག་སྒྲིལ།གཅིག་ཕན་གཅིག་གྲོགས། ཁྱོད་ཡོད་པས། ང་ཚོ་ཕྱི་དགྲ་འབྱུང་བཞི་ཁྲོས་འཁྲུག་ལ་མི་འཇིགས། ཁྱོད་ཡོད་པས།

No comments:

Post a Comment