Monday 21 March 2011

ས་འགུལ་ཁྲོད་ཀྱི་གྲྭ་བཙུན། སྐྱོ་བྲག་དགའ་དབང་།

ང་ཚོའི་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་མཐའ་དག་ཚད་ཅན་གྱི་རང་བཞིན་ཡིན་ཕྱིར་བྱ་ལས་གང་ཞིག་ཡིན་ནའང་ཚོད་ཟིན་པ་ཞིག་དགོས་ཀྱི་ཡོད།

འོན་ཏེ་ང་ཚོའི་འདོད་རྔམ་ལ་འཚེངས་དུས་མེད་པ་དེས་དཔལ་འབྱོར་ཡར་རྒྱས་སུ་བསྙད་པའི་ལས་རིགས་མང་པོ་ཞིག་གིས་ཁོར་ཡུག་ཉེན་ཚབས་ཅན་དུ་བསྒྱུར་བས་འཛམ་གླིང་སྤྱི་ཡོངས་འཐོར་མི་ཡོང་ངམ་སྙམ་པའི་དངངས་སྐྲག་ནང་ང་ཚོ་སྐྱལ་ཡོད་ལ།

ལྷག་པར་བོད་ཀྱི་ས་ཞབས་སུ་ཆགས་པའི་འཁྱག་རོམ་ཞུ་ཚད་ཧ་ཅང་མྱུར་བས་རིང་མིན་སྟོད་སྨད་ཀྱི་ས་ཆ་མང་པོ་ཞིག་འཁོར་རྡིབ་ཀྱིས་སྣོད་བཅུད་གཉིས་ཀ་ཉམས་ཆག་ཏུ་འགྲོ་རྒྱུ་ཡིན་པ་ས་གཤིས་རིག་པ་བ་རྣམས་ཀྱིས་བཤད་པ་ལྟར། འདི་ལོའི་བཞི་བཅུ་བཞིའི་ཉིན་མོར་ཁམས་སྐྱེ་དགུ་མདོར་ས་ཡོམ་ཐེངས་མང་བརྒྱབས་ཏེ་མི་རྒྱུ་ཟོག་གསུམ་ལ་ཚབས་ཆེའི་ཉེན་ཁ་བྱུང་བ་ན་ཉེན་སྐྱོབ་ཀྱི་རོགས་པ་དང་པོར་སླེབས་པ་ནི་གྲྭ་བཙུན་ཚོ་ཡིན་པ་རེད།
གྲྭ་བཙུན་ཚོའི་མི་ཚེའི་སློབ་སྦྱོང་ནི་ནང་ཆོས་ལས་བྱུང་བའི་གཞན་ཕན་དང་དྲང་བདེན་གྱི་སློབ་གསོ་ཡིན་པ་དེས་སོ་སོའི་ལུས་སྲོག་ཐེད་ལ་བོར་བའི་བསམ་སྦྱོར་གྱིས་ཉིན་མཚན་ལྟོས་མེད་ངང་ཉེན་སྐྱོབ་ཀྱི་ལས་ཀར་ཧུར་བརྩོན་བྱས་པ་སྟེ། གྲྭ་བཙུན་ཚོས་ཕྱོགས་གཅིག་ནས་ས་ཞབས་སུ་ལུས་པའི་ཤི་གསོན་རྣམས་ལོན་ཐབས་བྱས་ཤིང་། ཕྱོགས་གཅིག་ནས་འཐོར་ཞིག་ཏུ་སོང་བའི་རྒྱུ་ནོར་རྣམས་དོ་བདག་སོ་སོར་འཕྲོད་ཐབས་བྱས་ཡོད་ལ། ཕྱོགས་གཅིག་ནས་གཤིན་པོ་རྣམས་བདེ་འགྲོ་འཐོབ་ཆེད་འཕོ་ལུང་དང་བསྔོ་སྨོན། རོ་སྲེག་གི་ཆོ་ག་བྱས་པ་མ་ཚད་རྨས་མ་རྣམས་མྱུར་དྲག་ཡོང་བའི་རིམ་གྲོ་དག་ཀྱང་བྱས་ཡོད། གྲྭ་བཙུན་ཚོས་འཁོར་བའི་གནས་ལུགས་ལ་ཐོས་བསམ་ཡུན་རིང་བྱས་པ་དེས་ཡ་ང་བའི་འཇིགས་སྣང་གིས་སོ་སོའི་ལུས་སེམས་ཚབ་ཚུབ་ཏུ་གྱུར་མེད་ལ།
ཤུལ་ལུས་མི་མང་རྣམས་ལ་གནད་དུ་ཁེལ་བའི་སློབ་སྟོན་བྱས་ཏེ་སེམས་ཤུགས་སྤར་ཡོད།


དགོན་སྡེ་སོ་སོར་ཡོད་པའི་ཟ་ཆའི་རིགས་རྣམས་རླངས་འཁོར་ནང་དབོར་འདྲེན་གྱིས་ཤུལ་ལུས་མཉམ་འདུས་བྱས་པ་དང་བདག་མེད་རྩིག་ཁུག་ཏུ་ལུས་པ་ཚུན་ཆད་རྩད་འཚོལ་གྱིས་སྦྱིན་གཏོང་བྱས་པ་མ་ཚད་དཔེ་ཤག་ཡོད་དོ་ཅོག་ཀྱང་བཏང་བ་སྟེ། དཔེར་ན། གནས་ནང་དཔའ་བོ་རིན་པོ་ཆེས་དགོན་པ་ཞིག་གསོའི་ཆེད་ཞབས་འདེགས་བསྡུ་རུག་བྱས་པའི་སྒོར་མོ་ཡོངས་རྫོགས་སྐྱེ་རྒུ་མདོའི་ས་ཡོམ་གྱི་ཉེན་སྐྱོབ་ཆེད་གནང་ནས་དགོན་པ་ཞིག་གསོ་ཕྱིར་འཐེན་མཛད་པ་དང་། སྐྱོ་བྲག་དགོན་པས་རྒྱ་མིའི་སྒོར་མོ་ཁྲི་དྲུག་ཅུ་ཡས་མས་ཤིག་གི་འགྲོ་སོང་བཏངས་པ་དེས་མཚོན་ཐུབ་ཀྱི་ཡོད།

ནམ་རྒྱུན་བོད་པའི་སྤྱི་ཚོགས་ཀྱིས་གྲྭ་བཙུན་ཚོར་དམིགས་བསལ་མཐོང་ཆེན་བྱེད་པའི་རྒྱུ་མཚན་གང་ཡིན་གསལ་སྟོན་བྱུང་བ་དེས་རྒྱ་ནག་གཞུང་གི་སྙིང་ལ་ན་ཟུག་བྱིན་ཏེ་ཉེན་སྐྱོབ་ཀྱི་ལས་ཀ་མཐའ་མ་ཞོག་གོང་ནས་གཞུང་འབྲེལ་དཔོན་རིགས་ཚོས། ད་ནི་ང་ཚོའི་ཉེན་སྐྱོབ་ཀྱི་དཔུང་དམག་ཕོན་ཆེ་འབྱོར་ཟིན་པས་གྲྭ་བཙུན་ཁྱོད་རང་ཚོ་གང་མགྱོགས་སོ་སོའི་ས་གནས་སུ་རྒྱུགས་ཤིག་ཅེས་བཀའ་བཏངས་པ་དེས་ས་གནས་མི་མང་གི་སེམས་པ་ཤིན་ཏུ་སྐྱོ་ནའང་རང་དབང་མེད་པ་ཡིན།

ཉེན་སྐྱོབ་དམག་མིས་མཚོན་པའི་རྒྱ་རིགས་རོགས་སྐྱོར་བ་དེ་ཚོ་དང་ཐོག་སླེབ་མེད་ལ། བསླེབས་པ་ནའང་བོད་ཀྱི་གྲོང་ཁྱེར་ཅིག་ཤུལ་ཙམ་དུ་སོང་བའི་འཇིགས་དངངས་ཀྱིས་སེམས་ཧད་འཐོར་བ་དང་། ཁོར་ཡུག་མ་འཕྲོད་པས་གཟུགས་པོ་ཉོབ་ཏོར་གྱུར་ཅིང་། གཞུང་གི་བཀའ་མེད་པ་ལྟ་བུས་ཉི་མ་གཅིག་གཉིས་ཤིག་ལ་ཡར་མར་རོགས་རམ་བྱེད་དུ་འགྲོ་མཁན་གྱི་མི་རྣམས་བཀག་འགོག་བཟོས་པ་ཙམ་ལས་ལས་ཀ་གང་ཡང་བྱས་མེད། རྗེས་སུ་ཉེན་སྐྱོབ་ཀྱི་ལས་ཀ་གང་འཚམ་བྱས་ཡོད་ནའང་། གཞན་ཕན་དང་དྲང་བདེན་གྱིས་ཀུན་ནས་བསླངས་པའི་གྲྭ་བཙུན་ཚོ་ལྟ་བུ་མ་ཡིན་པར་སྲིད་གཞུང་གི་དགོས་དམིགས་འགྲུབ་པའི་ཁྱབ་བསྒྲགས་བྱ་རྒྱུའི་འཁྲབ་སྟོན་ལ་གཙོར་འདོན་བྱས་པ་ཞིག་ཡིན་པ་རེད།

ཐེངས་འདིའི་ཤི་གྲངས་རྒྱ་ནག་གཞུང་གིས་ཉིས་སྟོང་ལྷག་ཙམ་ཡིན་པའི་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ནའང་། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གཤིན་པོ་ཆིག་ཁྲི་ལྷག་གི་བསྔོ་ཞུས་བསླེབས་པ་བདེན་ངེས་སུ་འདུག་སྟེ། སྐྱེ་རྒུ་ཁུལ་གྱི་འོག་ཏུ་རྫོང་ཁག་དྲུག་ཡོད་པ་ལས་ནང་ཆེན་རྫོང་ལ་ཤང་བཅུ་ཡོད་པའི་ནང་ཚན་སྐྱོ་བྲག་ཤང་གཅིག་པུ་ནས་མི་གྲངས་ཆིག་བརྒྱ་ང་བདུན་འདས་གྲོངས་སོང་ཡོད་པ་རེད།
འདི་དག་ནི་ང་རང་གི་རོགས་པ་ཚོས་ས་གནས་ས་ཐོག་ཏུ་ལས་ཀ་བྱེད་ཀྱིན་པའི་སྐབས་ན་ཁ་པར་བརྒྱུད་ནས་ར་སྤྲོད་གནང་བ་དག་ཡིག་ཐོག་ཏུ་ཕབ་པ་ཙམ་ཡིན་ཕྱིར་རྒྱ་ཆེའི་གློག་པ་པོ་རྣམས་ཀྱིས་དངོས་ཡོད་གནས་ཚུལ་དུ་བཟུང་ན་ཆོག་ས་ཡོད།

No comments:

Post a Comment