Tuesday 29 March 2011

སེམས་པའི་ཕྱི་ནང་། ཟླ་བ། འབྲས་སྒོ་མང་། ལྷོ་ཕྱོགས།

(༤.༡༤ས་ཡོམ་གྱིས་ང་ཚོའི་ཕ་ས་བསྒུལ་སོང་།ང་ཚོའི་ཕུ་ནུ་བཀྲོངས་སོང།བཙ་བརྗིད་གནམ་གྱི་རྒྱལ་མོའི་བཀའ་ལུང་འདི་ལ་བཟློག་པའི་ཐབས་ཤེས་ཅི་ཡོད།ཡིན་ནའང་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཚོས་འདས་པོ་ཚོར་སྨོན་ལམ་དང།ཤུལ་ལུས་ཚོར་གདུང་སེམས་སྐྱེད་བཞིན་ཡོད་པ་ལྟར།ང་རང་ཡོད་སའི་དཔལ་ན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོ་འདི་དང།ད་དུང་རང་ཉིད་ལ་ཤེས་རྟོོགས་ཡོད་པ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གིས་སྒ་སྐྱེ་དགུའི་ས་ཡམ་བྱུང་ཉིན་ནས་བདུན་ཚིགས་རེ་རེ་བཞིན་དགེ་འདུན་འདུས་པ་རྒྱ་མཚོས་བསྔོ་སྨོན་རྒྱ་ཆེར་མཛད་སོང།ཞལ་འདེབས་ཕོན་ཆེན་གནང་སོང།
ཆོས་ཀྱིས་འཚོ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་ས་ཐག་རིང་ཐག་རིང་གི་རྩེ་བ་དང་དམ་ཚིག་འདི་ཚོ་ཤུལ་ལུས་གདུང་ལྡན་ཚོས་ཐོས་ཚེ་སྡུག་བསྔལ་ཆུང་དུ་འགྲོ་བ་ལ་ཕན་པར་བསམ་མོད།མོན་གྷོ་འདད་རྒུ་གླིངདུ་གྲགས་ཀྱང་གསར་འགོད་པའི་འདོད་པ་མི་འཛོམས་པའི་ས་གནས་འདི་ནས།དུས་ཐོག་ལ་འདི་ཕྱོགས་ཀྱི་བསྔོ་བ་རྣམ་དག་དང་།སྨོན་ ལམ་དྭངས་མ་འདི་ཚོ་བརྡ་འཕྲིན་བརྒྱུད་ལམ་དུ་ལེན་མཁན་དང་སྐྱེལ་མཁན་མེད་པར་གྱུར།གདུང་བའི་སྟེང་དུ་གདུང་བ་བརྩེགས་ནས་ཡོད་ཚེ།《མཆོད་མེ་སྙན་ངག་ཚགས་པར་》གྱིས་སེམས་པ་སྙི་མོ་དང་།རིགས་ཞེན་དྭངས་མ་ཁུར་ནས་བརྡ་འཕྲིན་བརྒྱུད་ལམ་དུ་འགྲོ་རྒྱུ་ཟེར།དེ་བས་བདག་གིས་ཀྱང་ཆོས་སྡེ་ཆེན་པོ་དང།དག་འདུན་འདུས་ཚོགས་ཀྱིས་བསྔོ་སྨོན་རྒྱ་ཆེར་མཛད་ཡོད་པ་འདི་ཚོ་སྒ་སྐྱེ་དགུ་ལ་བསྐུར་ན་སྙམ་སོང།སྒ་སྐྱེ་དགུའི་མི་མང་ཚོའི་སྡུག་བསྔལ་སངས་ན་བསམ་སོང།)
ཁྱོད་ཀྱི་དྭངས་མ་ཁྲག་གི་རྒྱུན་བཟང་ཐུ་བྷོད་བཙན་པོའི་ལུས་ལས་བྱུང་།།
བདག་གི་མཁྲེགས་པོ་དུང་གི་རུས་་ཐུ་བྷོད་བཙན་པོའི་རྒྱུད་ལས་མཆེད།།
དེ་ལྟའི་ལོ་རྒྱུས་ཆོས་འབྱུང་སྟོང་གི་བདེན་པ་དམ་པས་བསྲུངས་གྱུར་པས།།
དེ་རིང་སྐྱོ་བའི་སེམས་ཤིག་སྐྱེས་ཤིང་ད་དུང་གདུང་བའི་ངག་ཅིག་ཤོར།།

བཟློག་མེད་འབྱུང་འཁྲུགས་ས་ཡི་རྒྱལ་མོ་ཁྲོས་པའི་འདར་བ་ལན་ཅིག་གིས།།
བདག་གི་ཕ་ས་གོར་མོ་བསྒུལ་ཅིང་གཉེ་དང་ཉེ་དུའི་ཚེ་སྲོག་ཕྲོགས།།
ཀྱེ་མ་བརྩེ་བྲལ་འཆི་བདག་དཔུང་གིས་ཁྱུར་མིད་བཏང་བའི་མིང་སྲིང་དང།།
ཤུལ་ལུས་གདུང་ལྡན་ནང་མིའི་ཚོགས་ལ་གདུང་སེམས་དྲོན་མོ་མཉམ་དུ་བསྐྱེད།།
ཁམས་དང་ཨ་མདོའི་དབྱེ་བ་ཅང་མེད་ཕ་རྒན་སྤྲེ་འུའི་བུར་གཏོགས་ཕྱིར།།
སྐྱིད་སྡུག་ཚོར་བ་མཉམ་དུ་མྱོང་ངོ་བདག་གི་ཕུ་ནུ་མིང་སྲིང་ཚོ།།
མདོ་དང་དབུས་ཀྱི་ཁྱད་པར་གཞན་མེད་མ་རྒན་སྲིན་མོའི་རྒྱུད་ཡིན་ཕྱིར།།
མཇལ་བའི་སྐལ་བ་ལས་ཀྱིས་བཅད་ཀྱངསེམས་པ་རྒྱབ་མདུན་གཉིས་སུ་མེད།།
ལས་ཉོན་སྲིད་པའི་གཅོང་རོང་དོག་མོའི་མཐའ་ཀླས་རིགས་དྲུག་འགྲོ་ཀུན་ལ།།
མཁྱེན་བརྩེ་ནུས་པའི་འཇུག་པ་ཆེན་པོར་ཕྱོགས་དང་མཚམས་དག་མི་མངའ་ཡང།
འཕྲལ་རྐྱེན་རྩུབ་མོས་ཕྱི་མར་བརྫངས་ད་ཐུགས་རྗེའི་སྤྱན་གྱིས་སྐྱེལ་མ་དང།།
ཤུལ་གནས་གདུང་བའི་མཚན་མ་ཞི་མཛོད་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས།།
ཆོལ་གསུམ་ཆོས་རྒྱུད་རྒྱལ་ཁོངས་གང་དུ་ལུས་པོ་གནས་པར་གྱུར་ཀྱང་རུང།།
གཉན་པ་ཁྲིམས་ཀྱིས་བསྒྱུར་དུ་མེད་པ་་བྷོད་རིགས་ཞེན་དྭངས་མ་ཡིན།།
རྣོ་བ་མཚོན་གྱིས་གཅོད་དུ་མེད་པ་གཞིས་བྱེས་རྟེན་འབྱུང་ཐག་པ་ཡིན།།
འབར་བ་མེ་ཡིས་བསྲེག་ཏུ་མེད་པ་དམཚིག་རྡོ་རྗེ་མདུད་པ་ཡིན།།

No comments:

Post a Comment