Tuesday 22 March 2011

སུ་ཞིག་གིས་སྐྱོ་གར་འཁྲབ་བཞིན་ཡོད་དམ། ཆབ་མདོ་ཤེས་རབ། ཨ་རི།






༼དུམ་བུ་དང་པོ། ༽
ད་ནང་རང་ཉིད་དྲ་བ་ནང་འཛུལ་སྐབས་ཐེནཞའོ་དབྱི་མིང་ཅན་ཞིག་གིསཏཱ་ལའི་ཡུལ་ཤུལ་དུ་ཕྱིན་ནས་སྐྱོ་གར་ཡང་བསྐྱར་འཁྲབ་འདོད་ཡོད་པཞེས་ པའི་ཆེད་རྩོམ་དེ་མཐོང་བས་ལམ་སང་ཐེངས་གཅིག་བཀླག་པ་དང༌། དེ་ནས་ལས་ཀ་འགྲོ་དགོས་སྟབས་བྲེལ་འཚུབ་ངང་ཕྱིན་པ་ཡིན། ལས་ཀའི་རིང་དེའི་སྐོར་བསམ་བློ་ཡང་ཡང་འཁོར་ཞིང༌། འཕྲུལ་ཆས་ནས་མཉེན་ཆས་ཆ་འཕྲིན་དུས་རབས་སུ་འཕོ་བའི་སྐབས་འདི་འདྲ་ཞིག་ལ་ཡང༌། མི་རྣམས་ཀྱི་མིག་དང་རྣ་བ་བཀབ་འདོད་ཀྱི་བསམ་བློ་དེ་ཇི་ལྟར་བྱུང་བ་ཡིན་ནམ་ སྙམ་ནས་མཚམས་རེར་ཡ་མཚན་ཀྱང་སྐྱེས། གང་ལྟར་དེའི་སྐོར་གསལ་བཤད་ཅིག་བྱེད་འདོད་བྱུང་བས་འདིར་དུས་ཚོད་བྱུང་རིམ་བཞིན་འགོད་རྒྱུ་ཡིན།
ཆེད་རྩོམ་དེའི་ནང༌།
གློ་བུར་དུ་བྱུང་བའི་ས་ཡོམ་གྱིས་མཚོ་སྔོན་ཞིང་ ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་རྫོང་གི་མིའི་ཚེ་སྲོག་དང་ རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་པ་རེད། ཡུལ་དེར་རྒུད་སྐྱོབ་བྱེད་པའི་གཏམ་དེ་རྒྱལ་ཡོངས་མི་དམངས་ཀྱིས་ཐོས་པར་བརྟེན། མཚོ་བོད་མཐོ་སྒང་གི་དབུས་སུ་རང་བྱུང་གི་གནོད་འཚེ་དང་འཐབ་རྩོད་བྱེད་པའི་ གཡུལ་འགྱེད་ཆེན་པོ་ཞིག་གཤོམ་འགོ་ཚུགས་པ་རེད།
གསལ་བཤད།
གློ་བུར་དུ་ས་ཡོམ་བྱུང་ནས་མི་རྒྱུ་ཟོག་གསུམ་ལ་གྱོང་གུད་ཚབས་ ཆེན་བཟོས་པ་བདེན་པ་རེད། དེའི་སྐོར་གང་ཡང་བཤད་དགོས་མེད། འོན་ཀྱང་རང་བྱུང་གི་གནོད་འཚེ་དང་འཐབ་རྩོད་བྱེད་པའི་གཡུལ་འགྱེད་དེའི་ནང་ མདུན་དུ་མཆོང་མཁན་གྱི་དཔའ་བོ་དེ་བཅིངས་གྲོལ་དམག་དེ་ཚོ་ཡིན་ནམ། ཡང་ན་ས་གནས་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ་ཡིན། འདི་ལ་བཤད་སྟངས་མི་འདྲ་བ་གཉིས་ཡོད་ཅིང༌། གཅིག་རྒྱ་ནག་གཞུང་དང་གཞན་དེ་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་སྨྲ་བརྗོད་རང་དབང་ཡོད་པའི་རྒྱལ་ཁབ་ཁག་གི་ཤོད་སྟངས་དེ་རེད། དེ་མིན་རྒྱ་རིགས་མང་པོ་ཞིག་གིས་རང་རང་གི་དྲ་རྒྱ་ནང་། ད་རེས་བོད་ཀྱི་གྲྭ་བཙུན་ལ་དཔའ་བོའི་ཆེ་བསྟོད་བྱས་པ་དེ་འདྲ་མང་པོ་མཐོང་རྒྱུ་འདུག
ད་དུང་ས་ཡོམ་གྱི་ཤུགས་ཚད་དེ་ལ་ཡང་བཤད་སྟངས་གཉིས་ཡོད་ཅིང་། གཅིག་དེ་རྒྱ་ནག་གཞུང་དང༌གཞན་དེ་གཙོ་བོ་ནུབ་ཕྱོགས་པ་རྣམས་དང་ཤར་ཕྱོགས་པ་གཞན་དག་རྣམས་ཀྱི་ཤོད་སྟངས་དེ་རེད། འདིའི་ཐད་རྒྱ་ནག་གཞུང་གིས་འཛུགས་སྐྲུན་གྱི་སྤུས་ཚད་ལ་སྐྱོན་བརྗོད་འགོག་ཆེད་ས་ཡོམ་གྱི་ཤུགས་ཚད་དེ་སྤར་ཡོད་པའི་དོགས་པ་བྱེད་མཁན་མང་པོ་ཡོད། དེ་ལ། ཤར་ནུབ་གཉིས་བར་རིག་གཞུང་དང་གོམས་སྲོལ་མི་འདྲ་བ་ཡོད་པ་ནང་བཞིན་ཚན་རིག་དང་འཕྲུལ་ཆས་ཀྱང་མི་འདྲ་བ་ཡོད་པ་ཡིན་ནམ། ཡང་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་དེ་མིན་རྒྱལ་ཁབ་ཁག་གི་བར་ཚན་རིག་ལ་ཡང་མི་འདྲ་བ་ཡོད་པ་ཡིན་ནམ། གང་ལྟར་དེའི་སྐོར་གསལ་བཤད་མཐིལ་ཕྱིན་པ་ཞིག་དགོས་པ་གལ་ཆེན་པོ་རེད།
ཆེད་རྩོམ།
ཤི་གསོན་གྱི་དཀའ་གནད་ལ་ཐུག་པའི་གནད་འགག་གི་སྐབས་འདིར། ཏཱ་ལའི་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བསམ་ངན་བཅངས་པའི་མཚམས་སྦྱོར་ཚན་པ་འགའ་དང་ངན་པ་མཉམ་རུབ་ཀྱིས། ཡུལ་ཤུལ་དུ་ཕྱིན་ནས་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་རྒྱུ་ཡིན་ཟེར་བཞིན་དུ། རྒྱ་བོད་གཉིས་ཀྱི་འབྲེལ་བ་བེད་སྤྱོད་པའི་རེ་ངན་བཅངས་ཡོད་ཅིང་། གནོད་ཐེབས་མང་ཚོགས་ཤི་རྨས་ཀྱི་དཀའ་སྡུག་ལ་འཕྲད་པའི་གོ་སྐབས་སྤྱད་དེ་མི་རྣམས་ཀྱི་ཡིད་སེམས་འགུག་བསམ་པ་རེད།
གསལ་བཤད།
འཛམ་གླིང་འདིར་མི་སུ་འདྲ་ཞིག་ཡིན་ཀྱང་། གནས་སྟངས་དེ་འདྲའི་འོག་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་པ་ནི་མི་ཆོས་དང་ མཐུན་པ་ཞིག་ཡིན་ན། ཏཱ་ལའི་བླ་མ་ནི་དེ་ལས་ཀྱང་ཨ་ཅང་ཅང༌། ད་རེས་ཏཱ་ལའི་བླ་མ་གནོད་འཚེ་ཕོག་ཡུལ་ལ་དངོས་སུ་ཕེབས་ནས་སེམས་གསོ་དང་ཐུགས་སྨོན་གནང་རྒྱུ་ནི། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཡིན་ཀྱང་ལུགས་དང་མཐུན་པ་ཞིག་ཡིན་པར་ཧོང་ཀོང་གི་གསར་ལམ་ཁག་ནང་ཡང་བྲིས་འདུག །རང་གི་ནང་མི་སྤུན་མཆེད་འདས་གྲོངས་སོང་བའི་ཕྱི་སྡོད་ཡུལ་ཤུལ་བ་ཡོངས་ཀྱིས་༧གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་ཡོང་བའི་གསོལ་བ་བཏབ་པ་དང། གནོད་ཐེབས་མི་མང་ཚོའི་ངོས་ནས་ཀྱང་སྐྱབས་དང་རེ་ས་༧གོང་ས་མཆོག་ལས་གཞན་སུ་ཡང་མེད་པ་ནི་གཤམ་གྱི་བརྙན་འཕྲིན་འདི་དག་ལས་ཤེས་ཐུབ།
http://www.youtube.com/watch?v=Oir5CTCg-8s
ནུབ་ཕྱོགས་མཚམས་སྦྱོར་ཚན་པ་དང་ངན་པ་མཉམ་རུབ་བྱེད་པ་ཟེར་བ་ནི། རང་དཔེ་གཞན་ལ་འགེལ་བ་རང་རེད། རྒྱ་ནག་གཞུང་རང་གིས་ལས་དོན་ག་རེ་ཡིན་ན་ཡང་མཚམས་སྦྱོར་ཚན་པ་དང་མཉམ་རུབ་བྱེད་དེ་མི་རྣམས་མགོ་སྐོར་གཏོང་ཐབས་བྱེད་པ་འདྲ་བ་ནུབ་ཕྱོགས་སུ་ཨེ་ཡོད་ན། ས་ཡོམ་བརྒྱབ་པའི་ཉིན་མོ་དེ་ག་རང་ལ་མཚོ་སྔོན་དུ་གཉུག་མ་གནས་པ་དང་གསར་དུ་སླེབས་པའི་གསར་འགྱུར་ལས་རིགས་སོ་སོའི་འགན་ཁུར་བ་ཞུགས་པའི་གསར་འགྱུར་མཐུན་སྦྱོར་གྱི་ཁྱབ་སྒྲོག་ཚོགས་འདུ་ཟེར་བ་ཚོགས་པ་དང༌། དེར་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན་ཅི་ཏིས་མཱ་ཅཱ་ཡིས། གསར་འགྱུར་དྲིལ་སྒྲོག་བྱེད་པར་ས་འགུལ་ གནོད་སེལ་རྒུད་སྐྱོབ་དཀྱིལ་སྙིང་དུ་འཛིན་པ་དང་། མི་དམངས་ལ་འགན་ཆེན་པོ་འཁུར་བའི་རྣམ་འགྱུར་གྱིས་གླེང་ཕྱོགས་སྣེ་ཁྲིད་ལ་ཤུགས་སྣོན་དང་གནོད་ཐེབས་ས་ཁུལ་གྱི་གནས་ཚུལ་ལ་དོ་སྣང་བྱས་ཏེ། དྲིལ་སྒྲོག་བྱ་བའི་ཆབ་སྲིད་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། ཆེ་ཕྱོགས་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཆེན་ས་འགུལ་གནོད་སེལ་རྒུད་སྐྱོབ་བཀོད་འདོམ་པུའུ་ཡི་གཅིག་གྱུར་བཀོད་ འདོམ་ལྟར། དུས་ལྟར་ས་འགུལ་གྱི་གནས་ཚུལ་དང་གནོད་སེལ་རྒུད་སྐྱོབ་སོགས་འབྲེལ་ཡོད་གནས་ ཚུལ་གྱི་དྲིལ་སྒྲོག་བྱ་བ་བཟང་བོར་སྒྲུབ་དགོས། ཞེས་བཤད་ཡོད།
དྲངས་མ་ཐག་པའི་ལུངས་དེ་ལས་ཤེས་ཐུབ་པ་ནི། ས་ཡོམ་ཁྲོད་ཀྱི་མི་སྲོག་སྐྱོབ་རྒྱུ་ལས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་བའི་ཐོག་ནས་གླེང་ཕྱོགས་སྣེ་ཁྲིད་ལ་ཤུགས་སྣོན་ཐེབས་པའི་དྲིལ་བསྒྲགས་གཙོ་བོར་འཛིན་ ཡོད་པ་དེ་རེད། དེ་བཞིན་མི་དམངས་ལ་འགན་ཆེན་པོ་འཁུར་བའི་རྣམ་འགྱུར་གྱིས་གླེང་ཕྱོགས་སྣེ་ཁྲིད་ལ་ཤུགས་སྣོན་ཐེབས་ཐུབ་པའི་གསར་འགྱུར་སྤེལ་དགོས་པར་བཤད་པ་དེས། མི་མང་གི་ཡིད་སེམས་འགུག་བསམ་པ་ཟེར་བ་དེ་ཡང་རང་དཔེ་གཞན་འགེལ་ཡིན་པ་ལྷང་ལ་ བུད་མི་འདུག་གམ། པེ་ཅན་གཞུང་རང་ནས་ས་ཡོམ་སྐོར་གྱི་ཚོགས་འདུ་ཐེངས་དང་པོ་དེ་ཡང་དྲིལ་བསྒྲགས་བྱེད་སྟངས་སྐོར་རེད་འདུག །དེས་ག་རེ་མཚོན་གྱི་ཡོད་རེད།
ང་རང་ནུབ་ཕྱོགས་ཀྱི་གསར་འགྱུར་འགོད་སྟངས་ཐད་ཀྱི་ཟབ་སྦྱོང་མང་པོའི་ནང་ཞུགས་མྱོང༌། འགྲོ་བ་མི་ཞིག་ཡིན་ན་རང་ཉིད་ལ་བདེན་རྫུན་ཤེས་ཆོག་པའི་རང་དབང་དང་ཐོབ་ཐང་ཡོད་པ་བཞིན། གསར་འགོད་པ་ཞིག་གིས་གཙོ་བོར་དོན་དངོས་གང་ཡིན་པ་དེ་དྲང་བདེན་གྱི་ལམ་ནས་འགོད་དགོས་ཟེར་བ་ལས། ཆབ་སྲིད་ཀྱི་འདུ་ཤེས་དང་། རྣམ་འགྱུར་སྟོན་ཐབས། གླེང་ཕྱོགས་ཀྱི་སྣེ་ཁྲིད་ཐུབ་ཐབས་བྱེད་དགོས་ལུགས་བཤད་པ་གཏན་ནས་གོ་མ་མྱོང་ལ། འདུ་ཤེས་དང་བསམ་ཚུལ་དེ་རིགས་ནི་ནུབ་ཕྱོགས་པའི་ལྟ་ཚུལ་ལྟར་བྱས་ན་གསར་འགོད་པས་སྤང་བྱ་གཙོ་བོ་རྣམས་རེད།
ཆེད་རྩོམ།
ཟླ་༤ ཚེས་༢༠ ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཅང་ཡུས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཏཱ་ལའི་ཡིས་ཡུལ་ཤུལ་གྱི་གནོད་ཐེབས་ས་ཁུལ་དུ་འགྲོ་རྒྱུ་ཡིན་ཞེས་བཤད་པའི་སྐོར་གྱི་བཤད་ཚུལ་ལ་ལན་བཏབས་པ་རེད།
གསལ་བཤད།
འདི་རྫུན་རེད། སྐབས་དེར་གསར་འགོད་པས་དྲི་བ་ག་ཚོད་བྲིས་ཀྱང་ཅང་ཡུས་ཀྱིས་གཡོལ་ཐབས་ཁོ་ན་བྱས་པ་ལས་ལན་བཏབ་མེད་པ་ཡོངས་གྲགས་ རེད། ང་ཚོས་ཀྱང་བརྙན་འཕྲིན་ལས་མཐོང་ཐུབ། གསར་འགོད་པ་ཁ་ཤས་ནས་སྐབས་དེར་ཅང་ཡུས་ལ་དེའི་སྐོར་ལན་འདེབས་ཐལ་མི་ཆོག་པའི་བཀའ་རྒྱ་ཕབ་ཡོད་པའི་ཚོར་སྣང་བྱུང་འདུག །འོན་ཀྱང་ལན་མ་བཏབ་པ་དེ་ག་རང་ལན་ཡིན་པས་གོ་རྒྱུ་དེ་གོ་ཡོད་པ་རེད།
ཆེད་རྩོམ།
ཅང་ཡུས་ཀྱིས་འདི་སྐད། དེང་སྐབས་ཀྲུང་གོ་སྲིད་གཞུང་དང་། རྒྱལ་ཡོངས་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་གནོད་འགོག་རྒུད་སྐྱོབ་བྱ་བ་ལེགས་པོར་སྒྲུབ་བཞིན་ཡོད་དེ། ཕྱིར་སྡོད་བོད་མི་སྤུན་ཟླ་ཚུད་པའི་རྒྱལ་ཕྱིའི་ཀྲུང་གོ་བ་རྣམས་ཀྱི་སེམས་པ་གནོད་ཁུལ་དུ་ཕྱོགས་ཤིང་། ཁོ་ཚོས་རྣམ་པ་མི་འདྲ་བའི་སྒོ་ནས་དོ་ཁུར་དང་མཚམས་འདྲི་བྱེད་ཀྱི་ཡོད། ད་ལྟའི་གནས་ཚུལ་ལ་གཞིགས་ན་རྒུད་སྐྱོབ་བྱེད་པའི་མི་ཤུགས་གིས་འདང་ཡོད་པ་དང་། རྒུད་སྐྱོབ་དངོས་རྫས་ཡང་རྒྱུན་ཆད་མེད་པར་ས་ཡོམ་བྱུང་ཁུལ་དུ་བསྐྱལ་དང་སྐྱེལ་བཞིན་ཡོད།
གསལ་བཤད།
འདི་ཕྱེད་ཀ་བདེན་པ་དང་ཕྱེད་ཀ་རྫུན་མ་རེད། ༢༠༠༨།༥།༡༢ ཉིན་གྱི་སི་ཁྲོན་ཡོམ་འགོག་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད། སི་ཁྲོན་དུ་ས་ཡོམ་བྱུང་བའི་ཉིན་དེ་གར་ཐད་འཕུར་གནམ་གྲུ་༢༠ བཏང་སྟེ་མྱུར་སྐྱོབ་བྱས་ཤིང༌། ཚེས་༡༥ ཉིན་ཡང་བསྐྱར་ཐད་འཕུར་གནམ་གྲུ་འཕར་མ་༩༠ མངགས་ཏེ་(སྲིད་བློན་ཝུན་གྱི་བཀའ་རྒྱ་ནང་ཐད་འཕུར་གནམ་གྲུ་༩༠ ལས་མང་བ་གཏོང་ཞེས་འཁོད་འདུག)མཐའ་ཁུལ་ཁག་ཏུ་མྱུར་སྐྱོབ་དངོས་རྫས་གཡུགས་པ་ དང་། རྨས་མ་སྨན་ཁང་དུ་དབོར་བ་སོགས་བྱས་ཡོད། དེ་བཞིན་དམག་མི་མང་པོ་གནམ་ཐོག་ནས་གཡུག་སྟེ་མྱུར་སྐྱོབ་ལས་འགུལ་ཛ་དྲག་ངང་སྤེལ་ཡོད་ཀྱང༌། སྐྱེ་དགུ་ལ་ཐང་ཆེན་དེ་ག་འདྲ་པོ་ཡོད་ཀྱང་གནམ་ནས་མི་གཅིག་འབབ་མཁན་བྱུང་མེད་ལ། ཐད་འཕུར་གནམ་གྲུའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད། དེས་ན་རྒྱལ་ཡོངས་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་གནོད་འགོག་རྒུད་སྐྱོབ་བྱ་ བ་ལེགས་པོར་སྒྲུབ་བཞིན་ཡོད་ཟེར་ན་ཐལ་དྲགས་པ་མ་རེད་དམ། དེ་ལ་གསལ་བཤད་ཅི་ཞིག་ཡོད་དམ། ཡང་ན་མི་རིགས་མི་འདྲ་བས་རྐྱེན་གྱིས་རྣམ་པ་མི་འདྲ་བའི་སྒོ་ནས་འཚམས་འདྲི་བྱས་ ཟེར་བ་དེ་ཡིན་ནམ། ཟི་ཁྲོན་ལ་གནམ་ཐོག་ནས་མྱུར་སྐྱོབ་བྱས་པ་གཤམ་གསལ་དྲ་ཐག་འདི་ནས་གཟིགས།
ཆེད་རྩོམ།
གནོད་ཐེབས་མང་ཚོགས་རྣམས་ལ་སྨན་བཅོས་སྲོག་སྐྱོབ་དང་གནས་སྐབས་ཀྱི་ སྡོད་གནས་ཡོད་པ་དང་། དུས་མཚུངས་སུ་སྲིད་གཞུང་གིས་ཡུལ་དེའི་མང་ཚོགས་ཀྱི་ཆོས་ལུགས་དད་མོས་དང་ཡུལ་ སྲོལ་གོམས་འདྲིས་ལ་བརྩི་བཀུར་བྱས་ཡོད་པ་མ་ཟད། གནོད་པ་ཐེབས་པའི་མང་ཚོགས་ཀྱི་སེམས་ཁ་གསོ་བའི་ལས་དག་གོ་རིམ་ལྡན་པར་སྒྲུབ་བཞིན་ཡོད་ལ། ཆོས་ལུགས་ལས་རིགས་ཁག་གི་གསོལ་འདེབས་དང་སྨོན་ལམ་གསུང་བའི་འབྲེལ་ཡོད་བྱེད་སྒོ་དག་ཀྱང་གཅིག་འཕྲོར་གཅིག་མཐུད་དུ་སྤེལ་བཞིན་ཡོད།
གསལ་བཤད།
འདི་ཡང་ཕལ་ཆེ་བ་རྫུན་མ་རེད། དེ་རིང་ས་ཡོམ་བརྒྱབ་ནས་ཉིན་མ་བཅུ་བཞི་སོང་ཡང་ད་དུང་སྨན་བཅོས་ཀྱི་དཀའ་ངལ་ཆེན་པོ་འདུག །སྨན་པ་སྡོད་སའི་གུར་ཞིག་ཀྱང་མེད་པ་འདྲ། སྨན་པ་རེ་གཉིས་ཕྱི་ལོགས་ན་ཉལ་ཆས་ཀྱིས་གཡོགས་ནས་འདུག་པ་དང༌། ནད་པ་ཧ་ཅང་མང་པོ་ཞིག་བང་རིང་པོ་བསྒྲིགས་ནས་གནམ་གཤིས་གྲང་ངར་ཆེན་པོ་དེའི་ནང་སྒུག་ནས་བསྡད་ཡོད་པའི་འདྲ་པར་དེ་འདྲ་མཐོང་རྒྱུ་འདུག །གཟིགས་འདོད་ན་གཤམ་གྱི་དྲ་ཐག་འདི་ལ་གཟིགས། འདི་ནི་མཚོ་སྔོན་བོད་སྐད་དྲ་བ་ནས་དྲངས་པ་ཡིན། པར་དེའི་གཤམ་དུ་གནོད་ཐེབས་མང་ཚོགས་སྨན་བཅོས་བྱེད་སར་ཡོང་ནས་སྨན་ལེན་བཞིན་པ། ཞེས་བྲིས་འདུག
བོད་པ་སྤྱི་དང་གནོད་ཐེབས་མི་མང་ཚོའི་གོམས་སྲོལ་ལྟར་ན། མི་ཤི་ནས་ཞགས་ཞེ་དགུ་བར་རང་ཁྱིམ་དུ་དགེ་འདུན་པ་རྣམས་གདན་དྲངས་ནས་ཞལ་འདོན་གནང་བཅུག་པ་དང༌། ལྷག་པར་བདུན་ཚིགས་རེ་རེ་བཞིན་བདག་འཇུག་དང་སྦྱང་ཆོག་སོགས་ཆོས་ཕྱོགས་ཀྱི་ཆོ་ ག་རྒྱས་པར་བསྒྲུབས་ནས་སྲུང་བརྩི་བྱེད་སྲོལ་ཡོད་ན། གནོད་ཐེབས་ས་ཁུལ་ནས་གྲྭ་བཙུན་ཕྱིར་འབུད་བཏང་བ་དང༌། རང་གི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་གདན་ཞུ་མ་བཅུག་པ་སོགས་ཀྱིས། ཆོས་ལུགས་དང་གོམས་སྲོལ་ལ་བརྩི་བཀུར་དང༌། གནོད་ཐེབས་མང་ཚོགས་ཀྱི་སེམས་ཁ་གསོ་བའི་གསོལ་འདེབས་སྨོན་ལམ་རྣམས་དུས་ཐོག་སྒྲུབ་བཞིན་ཡོད་ཟེར་བ་ཡང་རྫུན་དུ་མི་འགྱུར་རམ།
གོང་གི་བརྙན་འཕྲིན་དེ་དག་ལ་གཟིགས་དང༌། རང་རང་གི་ཕ་མ་སྤུན་མཆེད་ཀྱི་ཕུང་པོ་མེར་སྲེག་བཞིན་པའི་སྐབས་ཤུལ་ལུས་ཚོས་སྨོན་ལན་ག་རེ་འདེབས་ཀྱིན་འདུག །གསོལ་བ་སུ་ཞིག་ལ་འདེབས་ཀྱི་འདུག །འཕགས་པ་སྤྱས་རས་གཟིགས་ཀྱིས་ལམ་སྣ་དྲོངས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོས་ལམ་སྣ་དྲོངས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་་་་༧རྒྱལ་བ་བསྟན་ འཛིན་རྒྱ་མཚོ་་་་་༧རྒྱལ་བ་ཐམས་ཅད་མཁྱེན་པ་་་་་་་་༧རྒྱལ་བ་ཐམས་ཅད་མཁྱེན་པ་་་་་་་ཟེར། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་དང༌། རྒྱལ་བ་ཐམས་ཅད་མཁྱེན་པ་སུ་ཡིན་མ་ཤེས་ན་ཁོང་ནི་ཏཱ་ལའི་བླ་མ་ཞུ་བ་དེ་རེད། དེར་བརྟེན་སྐུ་ཉིད་དང་རྒྱ་ནག་གི་དཔོན་རིགས་ཚོས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་ངན་སྨྲས་དང་སྐྱོན་བརྗོད་བྱེད་པ་དེས་གནོད་ཐེབས་མང་ཚོགས་ཀྱི་སེམས་ཁ་གསོ་བ་རེད་དམ། ཡང་ན་སེམས་ཁ་བསད་པ་རེད།
༼དུམ་བུ་གཉིས་པ། ༽
ཆེད་རྩོམ།
ཅང་ཡུས་ཀྱིས་དྲང་ཐད་ནས་ཏཱ་ལའི་རེ་བ་ལྟར་ལན་མ་བཏབ་མོད། ཡིན་ནའང་དངོས་དོན་ལ་བརྟེན་ནས་ཏཱ་ལའི་རུ་ཚོགས་ལ་དོགས་འདྲི་ཞིག་བྱས་ཡོད་དེ། གནོད་ཐེབས་བསླེབ་ལ་ཉེ་བའི་སྐབས་སུ་ཁ་ཡག་ངོ་དགའི་གཏམ་ཁོ་ནར་ཟད་པའི་ཏཱ་ལའི་རུ་ཚོགས་ཀྱིས་གནོད་ཐེབས་མང་ཚོགས་དང་བོད་རིགས་སྤུན་ཟླ་རྣམས་ཀྱི་ཕྱིར་དུ་ཅི་ཞིག་བསྒྲུབ་སོང་ངམ།
གསལ་བཤད།
ལན་བཏབ་མ་བཏབ་ཀྱི་སྐོར་གོང་དུ་བཤད་ཟིན་ཅིང༌། ཏཱ་ལའི་རུ་ཚོགས་ཀྱིས་གནོད་ཐེབས་མང་ཚོགས་དང་བོད་རིགས་སྤུན་ཟླ་རྣམས་ཀྱི་ཕྱིར་དུ་ཅི་ཞིག་བསྒྲུབ་སོང་ངམ། ཞེས་བཤད་པ་ནི་ངོ་མ་ཧང་སང་དགོས་པ་ཞིག་རེད། སུ་ཞིག་ལ་སྐྱོན་བརྗོད་བྱེད་དགོས་ཀྱང་དང་པོ་དེའི་སྐོར་ཞིབ་འཇུག་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ༧གོང་ས་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་མི་རྣམས་ཀྱིས་ཉིན་མཚན་དུ་འདས་པོ་རྣམས་ཀྱི་ཆེད་བསྔོ་སྨོན་གནང་བ་དང༌། གསོན་ལུས་རྣམས་ཀྱི་ཆེད་ཞལ་འདེབས་བསྡུས་པའི་གྲངས་འབོར་ཡང་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་ཡོང་དང་ཡོང་བཞིན་པ་རེད། ད་རེས་བོད་པ་ཚོས་གཏོང་ཕོད་ཆེན་པོས་ཞལ་འདེབས་འབུལ་སྟངས་ལ་མི་རྣམས་ཧང་སང་བཅུག་ཡོད།
དེ་མིན་བཙན་བྱོལ་བ་རྣམས་བོད་ནང་འགྲོ་ནས་རོགས་སྐྱོར་བྱེད་འདོད་ཡོད་ཀྱང་རྒྱ་ནག་གཞུང་གིས་བཀག་བཞིན་ཡོད། ཨ་རི་དང་བལ་ཡུལ་ནས་རང་གི་ནང་མི་སྤུན་མཆེད་ཀྱི་རྗེས་མཇུག་འདས་མཆོད་ཆེད་དུ་བོད་ནང་འགྲོ་སྐྱོད་ཆོག་པའི་ཐོན་མཆན་ལམ་ཡིག་ཞུས་པ་རྒྱ་ནག་གཞུང་ཚབ་ཁང་གིས་ཁས་ལེན་བྱས་མེད། དེས་ན་ཕྱིར་སྡོད་བོད་མི་ཚོས་དེ་ལས་ལྷག་པའི་གནོད་ཐེབས་བོད་རིགས་སྤུན་ཟླ་རྣམས་ཀྱི་ཕྱིར་དུ་ཅི་ཞིག་བསྒྲུབ་ནུས་སམ། སྒྲུབ་པའི་ལམ་ཁ་དེ་སུ་ཞིག་གིས་བཀག་ཡོད་དམ། ཕྲུ་གུ་ཕ་མའི་དུར་འཇུག་བྱེད་པར་མ་བཏང་བ་ཡིན་ན། རྒྱ་རིགས་ཞིག་གི་ངོས་ནས་བཤད་ན་དེ་ནི་ཅི་འདྲའི་ཡ་ང་སྙིང་རྗེ་མེད་པའི་བྱེད་སྟངས་ཞིག་རེད་ཨང༌། རྒྱ་ཡི་རིག་གཞུང་གི་ངོས་ནས་བཤད་ན་མི་ཆོས་ཀྱི་དྲི་མ་ཙམ་ཡང་མེད་པ་དེ། ངས་མ་བཤད་ཀྱང་ཉིད་ཀྱིས་མཁྱེན་གསལ་རེད།
ཆེད་རྩོམ།
ཡང་ཏཱ་ལའི་རུ་ཚོགས་ལ་རྒོལ་ལན་དྲག་པོ་ཞིག་སྤྲད་ཡོད་དེ། མཐུན་སྒྲིལ་བརྟན་བརླིང་གི་མེས་རྒྱལ་ནི་ད་གཟོད་བོད་རིགས་སྤུན་ཟླ་བདེ་ཞིང་སྐྱིད་པའི་འགན་ལེན་ནུས་ལྡན་ཞིག་ཡིན། ཡུལ་ཤུལ་ས་ཁུལ་དུ་རང་བྱུང་གནོད་འཚེ་ཆེན་པོ་ཐེབས་པའི་སྐབས་སུ། རྒྱལ་ཡོངས་མི་དམངས་ཀྱིས་མི་རིགས་ཀྱི་དབྱེ་བ་མི་དགར་བར་ནུས་ཤུགས་ཡོད་རྒུ་བཏོན་ནས་ཡུལ་དེའི་བོད་རིགས་སྤུན་ཟླ་རྣམས་ལ་རྒྱབ་རོགས་གནང་ཞིང་། ནུས་ཤུགས་ཡོད་རྒུས་ཡུལ་ཤུལ་གྱི་གནོད་ཤུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། གནོད་ཐེབས་བོད་རིགས་མང་ཚོགས་རྣམས་ཀྱི་བདེ་འཇགས་དང་འཚོ་བར་ཁྱོན་ཡོངས་ནས་ཁག་ཐེག་བྱས་ཡོད།
གསལ་བཤད།
བརྗོད་དུམ་དེའི་དོན་ནི། མེས་རྒྱལ་དེ་མཐུན་སྒྲིལ་བརྟན་བརླིང་ཡིན་པ་དང་གཅིག །མི་རིགས་ཀྱི་དབྱེ་བ་མེད་པར་ནུས་ཤུགས་ཡོད་དགུས་ཡོམ་འགོག་བྱས་པ་དང༌གཉིས། སླད་མར་ཡང་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་བཅས་ལས། དོན་གྱིས་ཏཱ་ལའི་རུ་ཚོགས་ལ་རྒོལ་ལན་དྲག་པོ་ཞིག་སྤྲོད་ཡོད་ཅེས་བཤད་པ་ཡིན་ནམ་སྙམ་སྟེ། སྤྱིར་རྩོམ་ཡིག་དེའི་ནང༌། གོ་མ་བདེ་བ་དང༌རྡོག་མ་འདྲིལ་བ། གོ་རིམ་ཡག་པོ་མེད་པར་། བརྗོད་དོན་གཅིག་ཉིད་ཁྱི་ཡིས་གཅིན་པ་གཏོང་བ་ལྟར་གང་སར་གཏོར་འདུག་པས། ལན་ཁ་ཤས་བསྐྱར་བཤད་བྱེད་དགོས་པའམ་སྔོན་མ་དེས་འཐུས་པར་བྱེད་དགོས་ཆ་མ་འཚལ་བའི་དཀའ་ངལ་ཞིག་འདུག
དེས་ན། མེས་རྒྱལ་དེ་མཐུན་སྒྲིལ་བརྟན་བརླིང་ཡིན་མིན་དེ་༢༠༠༨ ལོའི་༣།༡༤ དང་༧།༥ ཡི་དོན་རྐྱེན་ལས་ཇེ་གསལ་གྱུར་པ་དང༌། ལྷག་པར་རྒྱ་ནག་གཞུང་གིས་མི་རིགས་ཀྱི་ལྟ་བ་རྒྱ་ཆེར་སྤེལ་བའི་རྐྱེན་གྱིས། ད་ཆ་མེས་རྒྱལ་དེ་དཀྱིལ་ཤར་ཡུལ་གྲུའི་ནང་གི་མི་རིགས་བར་གྱི་དཀའ་རྙོག་ལྟར་གྱུར་ཡོད་པ་མི་མང་པོས་རྗོད་བཞིན་ཡོད། དེའི་སྐོར་མང་པོ་ཤོད་ཀྱི་མིན། སྐབས་དོན་ལས་གཞན་དུ་གྱུར་འགྲོ་ཡི་རེད། དོན་དག་དེ་ཁོ་ནའི་ཐོག་ལེ་ཚན་ཅིག་ཟུར་དུ་བཤད་ན་མ་གཏོགས་དེིའི་སྐོར་དེ་དཔྱིས་ཕྱིན་པ་ཞིག་ཡོང་ཐུབ་ཀྱི་མ་རེད།
གཞན་ཡང༌། རྒྱལ་ཡོངས་མི་དམངས་ཀྱིས་མི་རིགས་ཀྱི་དབྱེ་བ་མི་དགར་བར་ནུས་ཤུགས་ཡོད་རྒུ་བཏོན་ནས་ཡུལ་དེའི་བོད་རིགས་སྤུན་ཟླ་རྣམས་ལ་རྒྱབ་རོགས་གནང་ཡོད་ཟེར། འོ་ན། གོང་དུ་བཤད་པ་ལྟར། ཟི་ཁྲོན་དུ་ཡོམ་འགོག་བྱས་པ་ལྟར་བོད་ལ་མ་བྱས་པའི་རྒྱུ་མཚན་གང་ཡིན་ནམ། སྐྱེ་དགུ་རྟ་རྒྱུག་ཐང་ལ་གནམ་ཐོག་ནས་མྱུར་སྐྱོབ་དམག་མི་མཆོང་འབབ་མི་ལོ་བ་གང་ཡིན་ནམ། ཐད་འབུར་གནམ་གྲུ་མ་གཤོང་བ་ཡིན་ནམ། མང་པོ་བཤད་དགོས་དོན་མེད། གོ་ཐོས་ཤིག་ལ། སྲིད་བློན་ཝུན་གྱིས་གནམ་གྲུ་གཏོང་དགོས་པའི་བཀའ་བཏང་ཡང༌། སྲིད་འཛིན་ཧུ་ཡི་བཀའ་མེད་སྟབས་གནམ་གྲུ་གཏོང་མ་ཐུབ་པ་རེད་ཟེར། དེ་བདེན་པ་ཡིན་མིན་ངས་མི་ཤེས། གང་ལྟར་གནམ་ཐོག་ནས་མྱུར་སྐྱོབ་མ་བྱས་པ་དེར་བོད་མི་རྣམས་བློ་ཕམ་བཅུག་ཡོད།
དེ་བཞིན། གནོད་ཐེབས་བོད་རིགས་མང་ཚོགས་རྣམས་ཀྱི་བདེ་འཇགས་དང་འཚོ་བར་ཁྱོན་ཡོངས་ནས་ཁག་ཐེག་བྱས་ཡོད་ཟེར་བ་ཡང་རྣམ་པར་ཕྱེ་དགོས། ས་ཡོམ་བྱུང་ནས་ཉིན་ཤས་རྗེས་ཟ་གྱོན་ཀྱི་རོགས་རམ་ཤུགས་ཆེན་པོ་སླེབས་ཡོད་པ་བདེན་པ་རེད། འོན་ཀྱང་དངོས་ཟོག་དེ་དག་མང་ཆེ་བ་ཇ་དང་རྩམ་པ། ཕྱུར་བ་དང་བག་ལེབ་སོགས་བོད་ཟས་ཡིན་པ་དང༌། དངོས་ཟོག་དོ་པོ་དེ་དག་གི་སྟེང་ཅིག་ཅིག་དགོན་པ་དང༌། གཉིས་གཉིས་སྡེ་པ་ཞེས་བྲིས་པ་ལས། ཀྲུང་དབྱང་ཏང་ཨུད་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བྲིས་པ་མཐོང་མ་བྱུང༌། དེ་རིང་གཞི་ནས་རྒྱ་ནག་ནས་ཁུར་ཡོང་བ་ཡིན་ན་སྙམ་པ་འགའ་མཐོང་རྒྱུ་འདུག་མོད། གང་ལྟར་དེ་རིང་ཉིན་མ་བཅོ་ལྔ་སོང་ཟིན་ཡང་། ད་དུང་གནོད་ཐེབས་གྲོང་གསེབ་ཁག་ཏུ་རོགས་རམ་སླེབས་མི་འདུག་ཅེས། ས་གནས་རང་གི་མི་ཡིས་རྗོད་བཞིན་པ་རེད།
ཆེད་རྩོམ།
དེའི་ནང་དུ་ཡུལ་དེའི་དགེ་འདུན་པ་རྣམས་ཀྱིས་འདས་པོ་རྣམས་ལ་སྦྱིན་སྲེག་བཏང་ནས་བསྔོ་སྨོན་ཞུས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་པེ་ཅིང་དགོན་སེར་ནུབ་མར་སྤེལ་བའི་ཆོས་ཚོགས་སོགས་འདུས་ཡོད་ལ། རྒྱལ་ནང་ནས་ཆོས་ལུགས་ལས་རིགས་ཀྱིས་འདས་བསྔོ་དང་སྨོན་ལམ་འདེབས་པའི་འབྲེལ་ཡོད་བྱེད་སྒོ་སྤེལ་བ་མཐའ་དག་གིས་བོད་རིགས་སྤུན་ཟླ་རྣམས་ལ་བསམ་པའི་རྒྱགས་ཕྱེ་ཡག་པོ་ཅིག་བསྩལ་ཡོད་པ་རེད།
གསལ་བཤད།
ཡུལ་དེའི་དགེ་འདུན་པ་རྣམས་ཀྱིས་འདས་པོ་རྣམས་ལ་སྦྱིན་སྲེག་བཏང་ནས་བསྔོ་སྨོན་ཞུས་པ་དང་རྒྱ་ནག་གཞུང་བར་འབྲེལ་བ་ཅི་ཞིག་ཡོད་དམ། གལ་སྲིད་དེ་ལྟར་བྱེད་པར་རྒྱ་ནག་གཞུང་གི་ངོས་ནས་བཀག་སྡོམ་བྱས་མེད་ཅེས་ངོ་སོ་བཏོད་པ་ཡིན་ན་ནི། དེ་ཙམ་ཞིག་གིས་གཞན་ལ་ངོ་སོ་བྱེད་པའི་དུས་ཤར་བར་ཁས་བླངས་པས། ཡུལ་དེར་ནམ་རྒྱུན་ཆོས་ལུགས་ཐོག་དམ་དྲག་ཇི་ཙམ་ཡོད་པ་དེ་དོན་གྱིས་དཔོག་ཐུབ་པ་མ་ཡིན་ནམ།
པཎ་ཆེན་རྒྱལ་མཚན་ནོར་བུས་རྒྱ་ནག་ནས་འདས་བསྔོ་གནང་བ་དེས་བོད་རིགས་སྤུན་ཟླ་རྣམས་ལ་བསམ་པའི་རྒྱགས་ཕྱེ་ཡག་པོ་ཆགས་ཀྱི་ཡོད་ན། བོད་གངས་ཅན་པ་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང༌། དཔལ་རྒྱལ་བའི་དབང་པོ་ཀརྨ་པ་མཆོག །ས་སྐྱ་གོང་མ་རིན་པོ་ཆེ་ལ་སོགས་པ་བོད་ཕྱི་ནང་གཉིས་ན་རྩོད་མེད་ཡོངས་གྲགས་ཀྱི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་བོད་ཀྱི་བླ་ཆེན་རྣམ་པ་དབུ་བཞུགས་ཀྱིས། རྒྱ་གར་འཕགས་པའི་ཡུལ་ནས་བསྔོ་སྨོན་གནང་བ་དེས་བོད་རིགས་སྤུན་ཟླར་བསམ་པའི་རྒྱགས་ཕྱེ་མི་འགྱུར་དོན་ཅི་ཡིན་ནམ། ཡང་ན། ཏཱ་ལའི་རུ་ཚོགས་ཀྱིས་གནོད་ཐེབས་མང་ཚོགས་དང་བོད་རིགས་སྤུན་ཟླ་རྣམས་ཀྱི་ཕྱིར་དུ་ཅི་ཞིག་བསྒྲུབ་སོང་ངམ་ཞེས་པའི་དྲི་བ་དེ། པེ་ཅིན་ན་བཞུགས་བཞིན་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་ཡང་དྲིས་ཤིག
བཙན་བྱོལ་ནང་ནས་བོད་རིགས་སྤུན་ཟླར་བསམ་པའི་རྒྱགས་ཕྱེ་སྩལ་སྟངས་དྲ་ཐག་འདི་དག་ལས་རོབ་ཙམ་མཐོང་ཐུབ།
http://www.youtube.com/user/VOAKunleng#p/u/2/c6PzkktPSy0
༼དུམ་བུ་གསུམ་པ། ༽
ཆེད་རྩོམ།
དེ་མ་ཟད། ང་ཚོས་ངེས་དོན་ངོ་མས་བཤད་ན་ཏཱ་ལའི་དྲི་བར་དྲང་ཐད་ནས་ལན་འདེབས་དགོས་དོན་མེད་ལ། ཁོ་བོར་ང་ཚོས་ལན་འདེབས་རིན་ཡང་མི་འདུག ཏཱ་ལའི་ཡིས་ཐབས་མཁས་མདོག་གི་གཡོ་འཕྲུལ་སྣ་ཚོགས་འཁྲབ་སྟོན་བྱེད་པ་དེར་ང་ཚོས་ཚུལ་ཇི་ལྟར་འགྱུར་སྟངས་ལ་རྟོག་དགོས་འདུག རྒྱུ་མཚན་ནི་བློ་གྲོས་ཅུང་ཙམ་ལྡན་པའི་མི་ཞིག་ཡིན་ཕྱིན་རྟོགས་དཀའ་བ་མ་ཡིན་དེ། ཏཱ་ལའི་ཡིས་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་འདོད་ཡེ་ནས་མེད་པ་རེད། ཁོ་བོས་སེམས་གསོར་ཁ་གཡར་ཏེ། གནོད་ཐེབས་མང་ཚོགས་རྣམས་བེད་སྤྱད་ནས་ཆབ་སྲིད་ཀྱི་བཟོ་ཉམས་སྟོན་པའི་བྱེད་སྟངས་དེ་འདྲ་སྔོན་ཆད་ཀྱང་བྱུང་མྱོང་ཡོད་པ་རེད།
གསལ་བཤད།
དོན་དུ། ཟླ་༤ ཚེས་༡༧ ཉིན་༧གོང་ས་མཆོག་གནོད་ཐེབས་ཁུལ་དུ་ཕེབས་འདོད་ཡོད་པར་གསུངས་ཤིང༌། དེ་ལ་རྒྱ་ནག་གཞུང་གི་ངོས་ནས་བསམ་ཚུལ་ག་རེ་ཡོད་ཅེས་ཚེས་༢༠ ཉིན་གསར་འགོད་པ་རྣམས་ཀྱིས་ཅང་ཡུས་ལ་སྐད་ཅ་དྲིས་པ་ཞིག་ལས། ༧གོས་ས་མཆོག་གི་ངོས་ནས་རྒྱ་ནག་གཞུང་དང་ཅང་ཡུས་གཉིས་ཀ་ལ་བཀའ་འདྲི་གང་ཡང་གནང་མེད་པས། ཅང་ཡུས་ནས་ཏཱ་ལའི་དྲི་བར་དྲང་ཐད་ནས་ལན་འདེབས་དགོས་དོན་མེད་ལ་འདེབས་རིན་ཡང་མི་འདུག་ཅེས་པ་ནི། ཏཱ་ལའི་བླ་མའི་གསལ་བསྒྲགས་དང་། གསལ་བསྒྲགས་དེའི་སྐོར་གསར་འགོད་པའི་དྲི་བ་སྐུལ་བ་གཉིས་ཀྱི་ཁྱད་པར་ཡང་མ་ཤེས་པ་སྟེ། དཔྱད་རྩོམ་དེ་འདྲ་ཞིག་གཞུང་འབྲེལ་གསར་ལམ་མིང་རྫིག་པོ་དེའི་ཐོག་བཀོད་པ་ནི་ངོ་ཚ་དགོས་པ་ཞིག་མ་རེད་དམ།
ཡང་ན། ཆེད་རྩོམ་དེའི་མགོར། ཅང་ཡུས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཏཱ་ལའི་ཡིས་ཡུལ་ཤུལ་གྱི་གནོད་ཐེབས་ས་ཁུལ་དུ་འགྲོ་རྒྱུ་ཡིན་ཞེས་བཤད་པའི་སྐོར་གྱི་བཤད་ཚུལ་ལ་ལན་བཏབས་པ། ཞེས་ཐོག་མར་འགོ་བཙུགས་པའི་སྐབས་གསར་འགོད་པའི་དྲི་བ་ལས་འཕྲོས་ནས་བཤད་འདུག་མོད། དེ་ནས། ནུབ་ཕྱོགས་ཀྱི་བསམ་ངན་བཅངས་པའི་མཚམས་སྦྱོར་ཚན་པ་འགའ་དང་ངན་པ་མཉམ་རུབ་ཀྱིས། ཞེས་བཤད་འདུག་པར་བལྟས་ན། ནུབ་ཕྱོགས་ཀྱི་གསར་འགོད་པའི་དྲི་བ་དེས་ཁོང་ཉིད་ཁོང་ཁྲོ་ཆེན་པོ་བསླངས་པ་དང༌། ཁོང་ཁྲོ་ཤུགས་ཆེན་པོ་ལངས་སྐབས་མིག་ར་བི་རི་བི་འགྱུར་འགྲོ་བ་ལྟར། ཁོང་གི་མིག་ལ་ཡང་གསར་འགོད་པ་དེ་དག་དང་ཏཱ་ལའི་བླ་མ་གཉིས་གཅིག་ཏུ་སྣང་ཞིང༌། སྐབས་དེར་ཁོང་ཁྲོའི་ཚོར་བ་མནོན་མ་ཐུབ་པར་རྩོམ་ཡིག་འདི་བྲིས་པ་ཡིན་ནམ་ཡང་སྙམ།
གང་ལྟར། གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་འདོད་ཡེ་ནས་མེད་པ། ཞེས་དང་། སེམས་གསོར་ཁ་གཡར་ཏེ། ཞེས་དངོས་གཙོ་སྨྲ་བ་ལས་ལྡོག་སྟེ་གཞན་གྱི་བསམ་བློའི་འཆར་སྒོ་ལ་ཚོད་དཔག་བྱས་པ་ལས། ཕྱི་རོལ་གྱི་གཟུགས་སུ་གྲུབ་པའམ་ཀུན་གྱི་མཐོང་སྣང་དུ་གྲུབ་པ་གང་ཡང་མེད་ཅིང༌། ཁྲིམས་ལུགས་ཀྱི་ཐོག་ནས་བཤད་ཀྱང་ཁུངས་སྐྱེལ་མི་ཐུབ་ལ། གཏན་ཚིགས་རིག་པས་ཀྱང་སྒྲུབ་མི་ཐུབ་པར་རང་ཉིད་ཀྱི་ཚོར་བ་འབའ་ཞིག་ལ་གཞི་འཛིན་ནས་བྲིས་འདུག་པས་སོ།
དེས་ན་གོང་དུ། ཅང་ཡུས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཏཱ་ལའི་ཡིས་ཡུལ་ཤུལ་གྱི་གནོད་ཐེབས་ས་ཁུལ་དུ་འགྲོ་རྒྱུ་ཡིན་ཞེས་བཤད་པའི་སྐོར་གྱི་བཤད་ཚུལ་ལ་ལན་བཏབས་པ་རེད། ཅེས་དང༌། ཡང་ཏཱ་ལའི་རུ་ཚོགས་ལ་རྒོལ་ལན་དྲག་པོ་ཞིག་སྤྲད་ཡོད། ཅེས་དང༌། ཡང་འདིར། ང་ཚོས་ངེས་དོན་ངོ་མས་བཤད་ན་ཏཱ་ལའི་དྲི་བར་དྲང་ཐད་ནས་ལན་འདེབས་དགོས་དོན་མེད་ལ། ཁོ་བོར་ང་ཚོས་ལན་འདེབས་རིན་ཡང་མི་འདུག །ཅེས་སྔ་ཕྱི་འགལ་བ་ལ་ལྟོས་མེད་ཀྱིས་དོན་གནད་དེ་བསྐྱར་བཤད་ཡང་བཤད་བྱེད་སྟངས་ལ་བལྟས་ན། ཅང་ཡུས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་དྲི་བ་ལ་ལན་མ་ཐེབས་པ་མ་ཟད། ཐ་ན་དེ་ལ་ལན་འདེབས་ཀྱི་མིན་ཞེས་ཀྱང་ལབ་མ་ཐུབ་པར་ཚ་གེ་ཚིག་གེ་ཆགས་པ་དེའི་གནོངས་འགེབས་ཆེད་རྩོམ་ཡིག་འདི་བྲིས་ཡོད་པའི་ཚོར་སྣང་ཞིག་ཀྱང་སྟེར་ཡོང༌།
ཟླ་༤ ཚེས་༡༧ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་གནོད་ཐེབས་ས་ཁུལ་དུ་ཕེབས་འདོད་ཡོད་པར་གསུངས་པའི་སྐོར་དང༌། ཚེས་༢༠ ཉིན་ཅང་ཡུས་ལ་དེའི་སྐོར་གསར་འགོད་པས་ཐེངས་གཉིས་དྲིས་ཀྱང་ལན་བཏབ་མེད་པའི་སྐོར་གཤམ་གསལ་དྲ་ཐག་ཁག་ལ་གཟིགས་ན་ཤེས་ཐུབ་ཅིང༌། ལན་ལྷག་མ་རྣམས་གཤམ་དུ་དཀྱུས་གཅིག་ཏུ་མཐུད་པར་བྱའོ།
http://www.gyalwarinpoche.com/castsDetail.php?id=23
http://www.terradaily.com/reports/China_mourns_its_earthquake_victims_999.html
ཆེད་རྩོམ།
༢༠༠༩ ལོར་ཐའེ་ཝན་ས་ཁུལ་དུ་རིམ་པ་༩།༢༡ ཅན་གྱི་ས་ཡོམ་བརྒྱབ་རྗེས། ཏཱ་ལའི་ཐའེ་ཝན་རང་བཙན་པས་ཁ་ལོ་བསྒྱུར་བའི་འོག་ཏུ། གནོད་ཐེབས་མང་ཚོགས་ལ་བསྔོ་བ་སྨོན་ལམ་འདེབས་པ་རྒྱུ་མཚན་དུ་བྱས་ནས་ཐའེ་ཝན་ས་ཁུལ་དུ་དཀྲུག་ཤིང་འཕེན་པར་སོང་ཤིང་། གོ་སྐབས་ལེགས་པོ་དེ་དང་བསྟུན་ནས་མཚམས་སྦྱོར་ཚན་པ་༡༥༠ ལྷག་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ཞིང་། མཚམས་སྦྱོར་ཚན་པས་གནོད་ཐེབས་མང་ཚོགས་ལ་སེམས་ཁུར་བྱེད་པའི་ཁ་ཕྱོགས་ཐབས་མཁས་ཀྱིས་གཞན་དུ་བསྒྱུར་བ་དང་། མི་རྣམས་ཀྱི་གནོད་སྐྱོབ་བྱེད་འདོད་ཀྱི་བློ་རྩེ་གཉིས་སུ་གཏོད་པར་བྱེད་པའི་ལས་འདུ་བགྱིས་པ་རེད།
གསལ་བཤད།
ཐའེ་ཝན་རང་བཙན་པས་ཁ་ལོ་བསྒྱུར་བའི་འོག་ཕེབས་པ་ཞིག་མ་ཡིན་པར། ཐའེ་ཝན་གོ་མིན་ཏང་གཞུང་གིས་ཁ་ལོ་བསྒྱུར་བའི་འོག་ཕེབས་པ་ཞིག་ཡིན་ཅིང༌། དེ་ཡང་ནང་པ་སངས་རྒྱས་པའི་ལུགས་ལ། མི་ཤི་གོད་ཆག་སྐབས་གང་ལ་དད་མོས་ཆེ་བའི་བླ་མ་གདན་དྲངས་ནས་གསོལ་འདེབས་སྨོན་ལམ་བྱེད་སྲོལ་ཡོད་པ་ལྟར། སྐབས་དེར་གནོད་ཐེབས་མང་ཚོགས་ཀྱི་འདོད་པ་དང་མཐུན་པར་ཐའེ་ཝན་གཞུང་ནས་ཀྱང་༧གོང་ས་མཆོག་གི་གདན་ཞུ་ཁས་བླངས་ཤིང༌། དེ་ནི་སྲིད་གཞུང་ཞིག་གིས་སྤྱི་དམངས་ཀྱི་མངོན་འདོད་ལ་བརྩི་འཇོག་བྱས་པ་ཞིག་དང་བྱེད་འོས་པ་ཞིག་ཀྱང་རེད། ཕྱོགས་གཞན་ཞིག་ནས་བཤད་ན་འཇིག་རྟེན་མི་ཆོས་ཀྱི་ཐོག་ནས་ཐའེ་ཝན་གོ་མིན་ཏང་དེ་རྒྱ་ནག་གུང་ཁྲན་ཏང་ལས་ལྷག་པ་ཡོད་པ་དེ་མཚོན་གྱི་ཡོད་པ་རེད།
སྐབས་དེར་མཚམས་སྦྱོར་ཚན་པ་༡༥༠ ལྷག་གི་བཅར་འདྲི་དང་ལེན་གནང་བ་དེ་བདེན་པ་ཡིན་ཅིང༌། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་གསར་འགོད་པ་རྣམས་ཀྱི་བཅར་དྲི་ལ་ལན་འདེབས་གནང་རྒྱུར་སྤྲོ་པོ་ཡོད་པ་རེད། དེ་ཡང་ཁོང་ནས་ད་ལོ་གནས་མཆོག་རྡོ་རྗེ་གདན་དུ་འདི་འདྲ་ཞིག་གསུངས་ཡོད། ངོས་ལ་ཚགས་པར་རྒྱག་མཁན་འདྲ་བོ་སུ་ཞིག་ཐུག་པ་ཡིན་ན་ཡང༌། ཕྱི་གསལ་ནང་གསལ། དྲང་པོ་དྲང་བཞག །ལྷག་བསམ་རྣམ་དག་གིས་བཤད་པ་ཡིན་དུས་མ་བདེ་བ་དང་ཟོན་བྱེད་དགོས་པ་གང་ཡང་ཡོང་གི་མེད་ཅེས་དང༌། ཁ་སང་ཨ་རིའི་སྲིད་འཛིན་རྒྱ་ནག་ཕེབས་སྐབས་རྒྱ་ནག་གི་སྲིད་འཛིན་ཧུ་ཇན་ཐོ་ནས་གསར་འགོད་ལྷན་ཚོགས་བསྐོངས་ཡོད་ཀྱང༌། མར་གསུང་དགོས་པ་དེ་མ་གཏོགས་ཡར་སྐད་ཆ་དྲི་ས་གཅིག་ཀྱང་མི་འདུག །དེ་ནི་བདེན་དོན་མེད་སྟབས་ལན་འདེབས་རྒྱུའི་སྤོབས་པ་མེད་པ་རེད་ཅེས་གསུངས་ཡོད།
དེ་ནས། མཚམས་སྦྱོར་ཚན་པས་་་་་་ཁ་ཕྱོགས་ཐབས་མཁས་ཀྱིས་གཞན་དུ་བསྒྱུར་བ་དང་། མི་རྣམས་ཀྱི་གནོད་སྐྱོབ་བྱེད་འདོད་ཀྱི་བློ་་་་་་འདུ་བགྱིས་པ་རེད། ཟེར། འདི་ཡང་གོང་དུ་བཤད་པ་ལྟར་༧གོང་ས་མཆོག་དང་གསར་འགོད་པ་གཉིས་མཉམ་བསྲེས་བྱས་འདུག །མཚམས་སྦྱོར་ཚན་པས་གནོད་ཐེབས་མང་ཚོགས་ལ་སེམས་ཁུར་བྱེད་པའི་ཁ་ཕྱོགས་གཞན་དུ་བསྒྱུར་ཐབས་བྱས་པ་ཡིིན་ན། དེ་ནི་མཚམས་སྦྱོར་ཚན་པ་དེ་དག་གི་བྱས་ཉེས་ཡིན་པས། དེ་ལྟར་གནོད་ཐེབས་མང་ཚོགས་ལ་གནོད་པ་སྐྱེལ་དགོས་པའི་རྒྱུ་མཚན་གང་ཡིན་མཚམས་སྦྱོར་ཚན་པ་དེ་དག་ལ་འདྲི་དགོས་པ་ཞིག་རེད། མི་གཞན་དག་གིས་ངོས་འཛིན་བྱེད་པ་ལྟར་ན། ༧གོང་ས་མཆོག་ཁུལ་དེར་ཕེབས་པ་ནི་གནོད་ཐེབས་མང་ཚོགས་ཀྱི་སེམས་ཀྱི་སྡུག་བསྔལ་སེལ་ཐབས་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད་པ་མ་ཟད། གནོད་ཐེབས་མང་ཚོགས་ཀྱི་གནས་སྟངས་དྲིལ་བསྒྲགས་རྒྱ་ཆེར་བྱུང་ནས། དེར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་མཁན་མང་དུ་ཕྱིན་ཡོད་པ་རེད།
ཆེད་རྩོམ།
ཐའེ་ཝན་གྱི་དངུལ་སྒོར་གསར་པ་ཁྲི་༧༠ ལ་ཉེ་བའི་མཐོ་རིམ་ཆེད་སྤྱོད་མེ་འཁོར་ལ་བསྡད་དེ། སྐུ་སྲུང་དམག་བརྒྱ་ལ་ཉེ་བའི་དཔུང་གིས་སྲུང་སྐྱོབ་བྱས་པ་སོགས་མི་ཤུགས་དང་དངོས་ཤུགས། ནོར་ཤུགས་མཐའ་དག་གང་བྱུང་དུ་ཆུད་འཛའ་བར་བྱས་ཡོད་པ་རེད།
གསལ་བཤད།
རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་པོ་ན་ནིང་ཟི་ཁྲོན་དང༌། ད་ལོ་སྐྱེ་དགུ་མདོའི་ས་ཡོམ་ཕོག་ཁུལ་དུ་སྐྱོད་སྐབས་འགྲོ་སོང་གང་ཡང་མེད་པ་ཡིན་ནམ། འདི་ལ་ལན་འདེབས་རིན་གང་ཡང་མི་འདུག །སྤྱིར་བཏང་ཏཱ་ལའི་བླ་མ་ནི་རྒྱལ་སྤྱིའི་ཐོག་གི་གྲགས་ཅན་མི་སྣ་གཞན་དང་བསྡུར་ན། རྒྱས་སྤྲོས་གྱི་རིགས་ལ་མི་དགྱེས་པར་དགེ་སློང་ཕལ་པ་ཞིག་གི་བརྟུལ་ཞུགས་གནང་གི་ཡོད་པ་རེད།
ཆེད་རྩོམ།
གནོད་ཐེབས་མང་ཚོགས་ལ་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ནས་ཁོ་བོའི་བསྔོ་སྨོན་དང་ལེན་བྱེད་དུ་བཅུག་པ་དང་། ཁོ་བོའི་བྱམས་སྙིང་རྗེ་རྫུན་མ་དེས་གནོད་སྐྱོབ་ལ་གཏོར་བརླག་ཆེན་པོ་བཟོས་ཤིང་། ཁ་ནས་གནོད་ཐེབས་མང་ཚོགས་ལ་བདེ་འདྲི་ཞུ་བ་ཡིན་ཁུལ་བརྗོད་མོད། འོན་ཀྱང་གནོད་ཐེབས་མང་ཚོགས་དཀྱུས་མ་ཞིག་ཁོ་བོའི་གམ་ལ་ཡེ་ནས་བཅར་ཐབས་མེད་པ་རེད།
གསལ་བཤད།
བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ནས་ཁོ་བོའི་བསྔོ་སྨོན་དང་ལེན་བྱེད་དུ་བཅུག་པ་སུ་ཞིག་གི་རྣ་བར་འགྲོ་སྟེ། རྒྱ་ནག་གཞུང་གིས་བོད་པ་རྣམས་ལ་བཙན་ཤེད་ཀྱིས་༧གོང་ས་མཆོག་ལ་དད་མོས་མི་བྱེད་པའི་ཁག་ཐེག་ས་ཡིག་བསྡུ་བ་དང༌། ཐ་ན་སྐུ་པར་ཡན་འཇོག་མི་ཆོག་པའི་བཙན་ཤེད་བྱེད་པ་ནང་བཞིན་དམར་པོའི་རྒྱལ་ཁབ་གཞན་གང་ན་ཡང་མེད་ན། ཐའེ་ཝན་ནི་ད་ཆ་རང་དབང་མང་གཙོ་ལྡན་པའི་ཡུལ་གྲུ་ཞིག་ཏུ་གྱུར་ཟིན་པས་དེ་བས་ཀྱང་ག་ལ་ཡོད། དེ་བཞིན་གནོད་སྐྱོབ་ལ་གཏོར་བརླག་ཇི་ལྟར་བཟོས་པ་ཡང་ཁྱེད་ཀྱིས་གསུང་མ་ཐུབ་ན་གཞན་གྱིས་དེ་བས་གོ་ག་ལ་ཐུབ་སྟེ་མི་ཐུབ་ལ། གནོད་ཐེབས་མང་ཚོགས་རྣམས་ཁོང་གི་སྐུ་གམ་ལ་བཅར་ཐབས་བྱུང་ཡོད་མེད་ཀྱང་གཤམ་གསལ་དྲ་ཐག་འདི་ལས་ཤེས་ཐུབ།


http://tibetreport.wordpress.com/2009/09/01/a-human-approach-to-the-dalai-lama%E2%80%99s-taiwan-visit/
ཆེད་རྩོམ།
ཏཱ་ལའི་ཡིས་རང་རྒྱལ་གྱི་གེགས་སེལ་བྱེད་སྒོ་མཐའ་དག་ལ་གདེང་འཇོག་ལེགས་པོ་གནང་ཞིང་། ཁོ་རང་ཡུལ་ཤུལ་དུ་སླེབས་པའི་གོ་སྐབས་ནི་དཔེ་མི་སྲིད་པ་ཞིག་ཡིན་པ་ཁོ་རང་གི་སེམས་ནའང་གསལ་བོ་ཡིན་པ་དང་། གལ་ཏེ་ཁོ་རང་ཡོང་ནའང་སྐྱོ་གར་ཅིག་བསྐྱར་འཁྲབ་བྱེད་ཁོ་ཐག་ཡིན་ལ། ཡོམ་འགོག་གེགས་སེལ་ལས་དོན་ལ་གཏོར་བརླག་གཏོང་བ་ཁོ་ན་ཡིན་པའང་ཁོ་རང་གིས་རྟོགས་ཡོད་པ་རེད།
གསལ་བཤད།
ཏཱ་ལའི་བླ་མས་རྒྱ་ནག་གཞུང་གི་གེགས་སེལ་བྱེད་སྒོ་ཁག་ལ་བསྔགས་བརྗོད་རིམ་པ་ཞིག་གནང་ཡོད་པ་བདེན་པ་ཡིན་པ་དང༌། ཁོང་ཉིད་གནོད་ཐེབས་ས་ཁུལ་དུ་ཕེབས་ཐུབ་པ་ཁག་པོ་ཞིག་ཡིན་པ་ཡང་གསུངས་ཡོད་པ་རེད། གལ་སྲིད་ཡོང་བ་ཡིན་ན་ཞེས་པ་སོགས་ནི་མ་འོངས་ལུང་བསྟན་ཡིན་པས་རྒྱུ་མཚན་ལྡན་པའི་དཔྱད་བརྗོད་བྱེད་ཁག་པོ་ཡིན་ཅིང༌། ཏཱ་ལའི་བླ་མ་ཁུལ་དེར་ཕེབས་ན་གནོད་སེལ་ལས་དོན་ལ་གཏོར་བརླག་ཐེབས་རྒྱུ་ཡིན་པ་དང༌། ཧུ་ཇན་ཐའོ་ཁུལ་དེར་ཕེབས་ན་གཏོར་སྐྱོན་མི་ཐེབས་པའི་རྒྱུ་མཚན་ག་རེ་ཡིན་པ་འགྲེལ་བཤད་ཁ་གསལ་ཞིག་དགོས་པར་སྙམ། གལ་སྲིད་ཏཱ་ལའི་བླ་མ་ཕེབས་པ་ཡིན་ན་དེར་བོད་མི་མང་པོ་ཞིག་འཛོམས་རྒྱུ་ཡིན་པས་གནོད་སེལ་ལས་དོན་ལ་འགོག་རྐྱེན་བཟོ་ངེས་རེད་ཅེས་ན། དེ་ལ་རྒྱུ་མཚན་ཕྲན་བུ་ཡོད་ཀྱང༌། དེ་ལྟར་བོད་མི་མང་པོ་ཞིག་ཅི་ཕྱིར་ཡོང་རྒྱུ་ཡིན་པ་དེ་ཤེས་རྟོགས་ཐུབ་དགོས་པ་གལ་ཆེན་པོ་རེད་སྙམ།
ཆེད་རྩོམ།
ཡིན་ནའང་ཁོས་ཤེས་བཞིན་དུ་དེ་ལྟར་དུ་སྒྲུབ་འདོད་ཅིང་། རང་ཉིད་དྲིལ་བསྒྲགས་དང་མི་གཞན་པའི་བློ་ཁ་བསྒྱུར་བའི་གོ་སྐབས་དེ་འདྲ་ཤོར་དུ་འཇུག་མི་འདོད་ལ། ས་ཡོམ་ཁྲོད་ཀྱི་གནོད་ཐེབས་མང་ཚོགས་ཁྲི་བཅུ་ལ་ཉེ་བ་ཞིག་གི་སྡུག་བསྔལ་གྱི་རྨང་གཞིའི་སྟེང་རྙེད་པའི་གོ་སྐབས་དེ་འདྲའང་ཤོར་དུ་མི་འཇུག་པ་རེད། ཡུལ་ཤུལ་ས་ཁུལ་དུ་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་འདོད་ཀྱི་རེ་བ་དེར་བྱམས་སྙིང་རྗེའི་ཚུལ་ཙམ་ལྡན་པའི་རེ་བ་ལྟར་དུ་སྣང་མོད། འོན་ཀྱང་དེའི་ཤུགས་སུ་རྟོགས་དཀའ་བ་མ་ཡིན་པའི་གསང་བ་ཆེན་པོ་ཞིག་སྦས་ཡོད་པ་རེད། ཡུལ་ཤུལ་དུ་སླེབས་ན། ཏཱ་ལའི་ཡིས་དོན་ངོ་མས་གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་དམ་ཡང་ན་སྐྱོ་གར་ཆེན་པོ་ཞིག་བསྐྱར་དུ་འཁྲབ་བབ། དེ་ནི་རྟོགས་དཀའ་བ་མ་ཡིན་ནོ།
གསལ་བཤད།
ཏཱ་ལའི་བླ་མ་མཆོག་གནོད་ཐེབས་ས་ཁུལ་ཕེབས་ཐུབ་རྒྱུ་ཁག་པོ་ཡིན་པར་མཁྱེན་ན་ཡང་དེར་ཕེབས་འདོད་ཡོད་ཅེས་གསུངས་པ་བདེན་པ་ཡིན་ཅིང༌། གནོད་ཐེབས་མང་ཚོགས་ཁྲི་བཅུ་ལ་ཉེ་བ་ཞིག་གི་སྡུག་བསྔལ་གྱི་རྨང་གཞིའི་སྟེང་ནས་འདས་པོ་རྣམས་ལ་བསྔོ་སྨོན་དང༌། གསོན་ལུས་ཚོའི་སེམས་ཀྱི་སྡུག་བསྔལ་སེལ་ཐབས་བྱེད་པའི་འགན་འཁྲི་འོས་བབ་ཡོད་པ་དེ་ཡང་མཁྱེན་བཞིན་ཡོད་པ་རེད། འོན་ཀྱང༌། དེ་རང་ཉིད་དྲིལ་བསྒྲགས་ཡོང་ཐབས་གསུངས་པ་རེད་ཟེར་ན་བསམ་ཡོད་སུས་ཀྱང་ཁས་ལེན་བྱེད་མི་སྲིད། ཏཱ་ལའི་བླ་མ་མཆོག་དང་ཨོ་བྷག་མ་གཉིས་ནི་དེང་སང་འཛམ་གླིང་འདིར་དབུ་ཁྲིད་མཚན་སྙན་གྲགས་ཆེ་ཤོས་ཡིན་པར་ཡོངས་གྲགས་གྱུར་ཡོད་པས། ད་དུང་རང་ཉིད་དྲིལ་བསྒྲགས་བྱེད་དགོས་དོན་གཏན་ནས་མེད་ལ། གལ་སྲིད་སྐུ་ཉིད་ཀྱིས་བཤད་པ་ལྟར་ཏཱ་ལའི་བླ་མ་ནི་རང་འདོད་ཅན་དང་རང་ཉིད་དྲིལ་བསྒྲགས་བྱེད་པར་དགའ་མཁན་ཞིག་ཡིན་ན། རྒྱལ་སྤྱིའི་ནང་དེ་ལྟའི་མཚན་སྙན་དང་གུས་བརྩི་གཏན་ནས་ཐོབ་མི་སྲིད།
དེ་མིན། རྟོགས་དཀའ་བ་མ་ཡིན་པའི་གསང་བ་ཆེན་པོ་ཞིག་སྦས་ཡོད་པ་རེད་ཟེར་བ་དང༌། ཡུལ་ཤུལ་དུ་སླེབས་ན། སྐྱོ་གར་ཆེན་པོ་ཞིག་འཁྲབ་རྒྱུ་རེད་ཟེར་བ་དང༌། དེ་ཡང་བསྐྱར་དུ་འཁྲབ་རྒྱུ་རེད་ཅེས་སྔོན་མ་ཐེངས་གཅིག་འཁྲབ་ཟིན་པ་འདྲ་བ་འདི་ག་རེ་ལབ་ཀྱི་ཡོད་པ་གཏན་ནས་གོ་མི་ཐུབ་འདུག་པས། རྟོགས་དཀའ་བ་མ་ཡིན་པར་མངོན་སུམ་དུ་གཟིགས་བཞིན་པའི་སྐུ་ཉིད་ནས། རྒྱབ་ལོག་ལ་གསང་བ་ག་རེ་སྦས་པ་ཡོད་པ་དང༌། སྐྱོ་གར་ཟེར་བ་ཅི་ཞིག་ལ་གོ་དགོས་པ། སྐྱོ་གར་དེ་སྔོན་མ་གང་དུ་འཁྲབ་པ། ད་རེས་ཚུལ་ཇི་ལྟར་འཁྲབ་རྒྱུ་ཡིན་པ་སོགས་གསལ་པོ་ཞིག་མ་བཤད་ཕྱིན། བདག་ལྟ་བུ་ལ་སྐུ་ཉིད་ཀྱིས་འདི་ལབ་ཀྱིན་འདུག་བསམ་པ་ཞིག་བློ་ཡུལ་དུ་འཆར་རྒྱུ་མེད་པ་ལ། ཚོད་ཚོད་དང་ཟ་ཟིར་གྱི་ལན་བཏབ་པས་ག་ལ་འགྲིགས། ད་དུང་གོང་དུ། རྒྱ་བོད་གཉིས་ཀྱི་འབྲེལ་བ་བེད་སྤྱོད་པའི་རེ་ངན་བཅངས་ཡོད་ཅིང་། ཞེས་པ་འདིས་ཀྱང་ཅི་ཞིག་བརྗོད་པར་ཤེས་ཐུབ་ཀྱི་མི་འདུག
དེ་ལྟར་ཆེད་རྩོམ་དེའི་དོན་གནད་རེ་རེ་བཞིན་ཐད་ཀར་ལན་འདེབས་གསལ་བཤད་ཐུང་ངུ་རེ་བྱས་ནས། ད་ནི་དེ་འབྲེལ་གྱི་གནད་དོན་གཞན་འགའ་གླེང་ཙམ་བྱས་ན། ཐོག་མར་ངས་གསལ་བཤད་འདི་བྲིས་པའི་བརྒྱུད་རིམ་ནང༌ཚོར་སྣང་འདི་འདྲ་ཞིག་བྱུང་སྟེ། ཆེད་རྩོམ་འདི་ནི། ཅང་ཡུས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་མ་ཐུབ་པའི་གནོངས་འགེབས་ཆེད་བྲིས་པ་དང༌། རྩོམ་ཡིག་འདི་འབྲི་བའི་སྐབས། གསར་འགོད་པའི་དྲི་བ་དེ་འདྲ་ཞིག་ཡོང་དགོས་པའི་རྒྱུ་རྐྱེན་ནི་ཏཱ་ལའི་བླ་མར་ཐུག་འདུག་སྙམ་པའི་ཁོང་ཁྲོ་ལངས་ཤིང༌། ཁོང་ཁྲོ་དེའི་དབང་གིས་དོན་དངོས་ལ་གཞི་མ་བཅོལ་བར་ཚོར་སྣང་ལ་གཞི་བཞག་ནས་བྲིས་འདུག་ཅེས་བརྗོད་འདོད་བྱུང༌། རྒྱུ་མཚན་དེས་རྩོམ་ཡིག་དེ་མཇུག་ཏུ་མར་མར་སླེབས་སྐབས་ཡ་ལན་བྱེད་རིན་མེད་པ་ཞིག་ཏུ་མཐོང་ནས་མཚམས་འཇོག་བྱེད་འདོད་ཐེངས་ཁ་ཤས་བྱུང༌ཡང་འགོ་འཛུགས་ཟིན་པས་མཇུག་སྐྱོང་བ་ཡིན།
ཡང་འདིར་ཤེས་དགོས་པ་ཞིག་ལ། ངས་ས་ཡོམ་གྱི་སྐོར་རྒྱ་ནག་གཞུང་གིས་བཤད་པ་ཚང་མ་རྫུན་པ་དང༌། བོད་པས་བཤད་པ་ཚང་མ་བདེན་པ་རེད་ཅེས་ཤོད་ཀྱིན་མེད། བོད་མི་འགའ་ཞིག་ནས། རྒྱ་ནག་གི་དམག་མིས་རོགས་སྐྱོར་གང་ཡང་བྱེད་ཀྱི་མི་འདུག་ཟེར་བ་དེ་བདེན་པ་མ་རེད། གྲྭ་བཙུན་རྣམས་ཀྱིས་མི་ས་འོག་ཏུ་མནན་བཞག་པ་མཐོང་བ་ན་རང་ནུས་གང་ཡོད་ཀྱིས་ཡར་འདོན་ཐབས་བྱེད་པ་དང༌། རྨས་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་དང་སེམས་གསོ་བྱས་ཡོད་པ་བདེན་པ་ཡིན་ཀྱང༌། ཕྱོགས་ཡོངས་ཀྱི་བྱ་བ་སྒྲུབ་པ་ལ་གཞུང་གིས་བཏང་བའི་མྱུར་སྐྱོབ་དམག་མི་རྣམས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཤད་མི་དགོས་པ་རེད། དམག་མི་དེ་དག་ལ་གཅིག་ནས་ལག་ཆ་དང་ཉམས་མྱོང་ཡོད་པ་དང༌། གཉིས་ནས་ཆེད་ལས་ཀྱི་སྦྱོང་རྡར་ཡོད་པ་བཅས་ཏན་ཏན་ཁྱད་པར་ཆེན་པོ་ཡོད་པ་རེད།
མི་ཞིག་ས་འོག་ནས་ཡར་འདོན་པ་དེ་གལ་ཆེན་པོ་ལོས་ཡིན། འགྲོ་བ་མི་ཞིག་གི་ཚེ་སྲོག་དང་འབྲེལ་བ་ཡོད་པ་རེད། འོན་ཀྱང་རྒྱབ་ཕྱོགས་ཀྱི་བྱ་བ་སྒྲུབ་མཁན་མེད་པར་ཚང་མ་ཁང་པ་ལོག་ཤུལ་དུ་རོབ་བསྡད་པ་ཡིན་ན་ག་ལ་འགྲིག །དཔེར་ན། མོ་ཊའི་གཞུང་ལམ་ཆད་ཡོད་ན་དེ་མ་བཟོས་པ་ཡིན་ཚེ། ཁང་ཆེན་སྔོག་བྱེད་ཀྱི་འཕྲུལ་ཆས་སོགས་དབོར་འདྲེན་བྱེད་མི་ཐུབ་ལ། ད་དུང་སྨན་དང་ཟ་ཆས་སོགས་སྐྱེལ་འདྲེན་བྱེད་མི་ཐུབ་པས་མི་དེ་ལས་མང་བ་འཆི་སྐྱོན་འགྲོ་རྒྱུ་ཡིན་པ་རེད། དེས་ན། ལམ་བཤང་པ་དང༌། ཆུ་འདྲེན་པ། རྨས་མ་དབོར་འདྲེན་བྱེད་པ། དེ་ལ་སོགས་པ་རྒྱབ་ཕྱོགས་ཀྱི་བྱ་བ་མཁོ་སྒྲུབ་བྱེད་པའི་ཐད་དགོས་ངེས་ཅན་གྱི་ནུས་པ་ཐོན་ཡོད་ཅིང༌། དེ་ལས་གལ་ཆེ་བ་སླད་མར་འཛུགས་སྐྲུན་དེ་ཡང་རྒྱ་ནག་གཞུང་གི་ལག་པར་ཡོད་པ་ལས། གྲྭ་བཙུན་རྣམས་ཀྱིས་གང་ཡང་བྱེད་མི་ཐུབ་པ་ནི་ཀུན་གྱི་ཤེས་གསལ་རེད།
ཡང་བོད་མི་འགའ་ཞིག་ནས། རྒྱ་ནག་གཞུང་གིས་ད་རེས་ཀྱི་ས་ཡོམ་ནང་མི་ཤི་བའི་གྲངས་འབོར་རྫུན་མ་བཤད་པ་ལས། དངོས་གནས་ཀྱི་མི་ཤི་བའི་གྲངས་འབོར་དེ་ཁྲི་གཅིག་ཡས་མས་རེད་ཟེར། ངས་བལྟས་ན་སུས་ཀྱང་ད་དུང་གྲངས་འབོར་ཏག་ཏག་ཅིག་ཤོད་ཐུབ་ཀྱི་མེད་མོད། དེ་གཉིས་ལས་རྒྱ་ནག་གི་ཤོད་སྟངས་དེ་ལུགས་དང་མཐུན་ཆེ་བ་ཡོད་པ་རེད། རྒྱ་ནག་གཞུང་གིས་གཞི་ག་རེ་ལ་འཛིན་ཡོད་པའི་གསལ་ཁ་ཞིག་མེད་ཀྱང༌། དང་པོ་མི་ཤི་བའི་ཁ་གྲངས་དེ་༦༠ རེ་གྲངས་ནས་༢༣༠༠ མ་ཟིན་ཙམ་བར་འཕར་ཞིང༌། དེ་དག་ཚང་མ་དུས་གཅིག་ཏུ་ཤི་བ་དང་ཕུང་པོ་ལྡེབ་གཅིག་ཏུ་རྙེད་པ་མ་ཡིན་སྟབས། མི་ཤི་བའི་ཕུང་པོ་རྙེད་རིམ་བཞིན་གྲངས་ཁ་འཕར་བ་ནི་ལུགས་དང་མཐུན་པ་ཞིག་ཡིན་པ་རེད།
དེ་མིན་ཁྲི་གཅིག་ཡས་མས་ཟེར་བ་དེས་ཀྱང་ཏག་ཏག་ཅིག་ཡོང་གི་མེད་ཅིང༌། ད་དུང་བོད་མི་ཁ་ཤས་ཀྱིས་ཟེར་ན། ཁྲི་གཅིག་ལས་བརྒལ་བ་དང༌། ཁྲི་ཁ་ཤས་དང༌། ཁྲི་གཅིག་ནས་གཉིས་བར་རེད་སོགས་ཟེར། ཁྲི་གཅིག་ལས་བརྒལ་བའི་གྲངས་ལ་ས་ཡ་དང་དུང་ཕྱུར་སོགས་མང་མཐའ་བཀག་མེད་ཅིང༌། ཁྲི་ཁ་ཤས་དང་ཁྲི་གཅིག་ནས་གཉིས་བར་ཟེར་བ་ཡང་། ཁྲི་གཅིག་ནས་གཉིས་བར་གྲངས་འབོར་ཁྲི་གཅིག་ཏག་ཏག་ཡོད་པས་ན། འདིར་འགྲོ་བ་མི་ཡི་ཚེ་སྲོག་ཤོར་བའི་གྲངས་ཁ་བཤད་པའི་སྐབས། ཕྲུ་གུས་ཕོར་པ་ནང་གི་ཡུས་དང་སྲན་མའི་གྲངས་ལ་ཚོད་རྩིས་བྱེད་པ་ལྟར་སྣང་ཆུང་རོབ་ཚོད་བྱས་ན་ག་ནས་འགྲིག །དེ་ལ་སོགས་པ་མང་དུ་སྣང་ཡང་འདིར་མཚོན་པ་ཙམ་མོ༎

No comments:

Post a Comment