Saturday 27 August 2011

ཡུལ་ཤུལ། ཆེས་གཅེས་པར་འོས་པའི་ཕ་ཡུལ། གཟུངས་ཕྱུག་སྐྱིད།

 
གནམ་རྒན་མ་དགོད་ཀྱིན་འདུག སོ་ཕྲེང་མི་མངོན་པའི་སྐྱི་པགས་ཀྱི་བར་ན་དགོད་ཀྱིན་འདུག ན་ཟུག་མེད་པའི་འཁུན་སྒྲ་ཡི་ཀློང་ན་དགོད་ཀྱིན་འདུག འདི་ནི་མིག་ཟུང་ཁྲག་གིས་སྐམ་ཟིན་པའི་ཞོགས་པ་ཞིག་ཡིན་ནམ། ཡང་ན་དབྱངས་རྟ་ཐག་པས་བཀག་ཟིན་པའི་ས་སྲོད་ཅིག་ཡིན།
ཆེས་རང་བྱུང་དང་འཇིགས་སྣང་ཞིག་གི་གཡོ་འགུལ་ཁྲོད། མཛེས་སྡུག་གི་ཚེ་སྲོག་རེ་རེ་ནི་ཇི་འདྲའི་སྙིང་ཉེ་བའི་ཤ་རུས་ཀྱི་ན་ཟུག་ཞིག་རེད་ཨང་། ཆེས་དྭངས་གཙང་དང་དྲོད་སྣང་གིས་འཁྱིལ་བའི་ཁྱིམ་གཞི་དེ་ནས། གློ་བུར་དུ་མུན་ནག་གི་མྱ་ངན་ཞིག་གནམ་སའི་བར་དུ་མཆེད་ཅིང་། ཆག་འཇིག་གི་ལོ་རྒྱུས་ཤིག་རི་ཆུའི་གཏིང་བར་འཐིམ་སོང་།

འདི་ལྟར སང་ཉིན་གྱི་རྨི་ལམ་ན་སྦྲུམ་པའི་ཁྱིམ་གཞི་ཞིག་རང་བྱུང་གིས་རྨག་མེད་དུ་བཅོམ་ཡང་།འདི་ལྟར་ཟོལ་མེད་དྭངས་གཙང་གིས་འཁྱིལ་བའི་འཛུམ་མདངས་ཤིག་འོ་དོད་ཀྱིས་ཧྲུག་ཧྲུག་འཆས་ཀྱང་། མི་ཡུལ་འདིར་ཁྱེད་རང་དུས་གཏན་དུ་ཁེར་རྐྱང་ཡིན་མི་སྲིད།
རྩིས་སུ་མེད་པའི་མིག་ཟུང་དུ་མ་ཞིག་གི་དུང་སྣང་གིས་ཁྱེད་རང་འཚོལ་གྱིན་ཡོད་ལ།
འཇགས་སུ་མེད་པའི་སེམས་མ་གྲངས་མེད་ཅིག་གི་ན་ཟུག་གིས་ཁྱེད་ཚོ་མཐོ་རུ་བསྒྲེངས་ཡོད། བདག་གི་བཞུད་སོང་བའི་གཉེན་ཉེ་ལགས།
རྨི་ལམ་ལྟ་བུའི་གས་ཆག་དམར་པོ་དེའི་སྲུབས་ཀ་རེ་རེ་ན། མིག་ཆུ་བཞུར་མ་ཚར་བའི་སེམས་པ་ག་ཚོད་སྦས་ཡོད། འཇིགས་རུང་ལྟ་བུའི་འུར་ཟིང་ནག་པོ་དེའི་སྟེང་རིམ་ན།
མིག་ཟུང་དྲུས་ཚར་བའི་བརྩེ་འདང་ཅི་ཙམ་ལུས་ཡོད་ཨང་།
བདག་གི་སྤུན་ཟླ བདག་གི་གཉེན་ཉེ བདག་གི་ཕ་ཡུལ་ཨ།
ཆེས་རྒྱང་ཐག་རིང་བའི་མི་ཡུལ་གྱི་ཡུལ་མཐའ་ཞིག་ནས། མར་མེ་རྐང་གཅིག་གི་སེམས་འདུན་མཐོ་རུ་བསྒྲེངས་བཞིན། བདག་གིས་འདི་ལྟར་འཇིག་རྟེན་ལ་འཁང་ར་བྱེད་ཀྱིན་ཡོད།
ཆེས་སྐྱོ་གདུང་དང་མྱ་ངན་ལྕི་བའི་ས་སྲོད་ཅིག་ལ། མ་ཎི་ཚར་གཅིག་གི་དབུགས་དབྱུང་ཁྲོད་ནས། བདག་གིས་འདི་ལྟར་རང་ཉིད་ལ་ངེས་ཤེས་བཙལ་གྱིན་ཡོད།
ཡུལ་ཤུལ། ཆེས་གཅེས་པར་འོས་པའི་བདག་གི་ཕ་ཡུལ་ལགས
༢༠༡༠ལོའི་ཟླ་༤ཚེས་༡༤ཉིན་ཡུལ་ཤུལ་སྐྱེ་རྒུ་གྲོང་རྡལ་དུ་བྱུང་བའི་ས་འགུལ་ཐོས་རྗེས་སུ་བྲིས།

No comments:

Post a Comment