Tuesday 30 August 2011

ཡུལ་ཤུལ་གནོད་ཐེབས་ལ་ཕུལ་བའི་རོགས་སྐྱོར་གྱི་སྒོར་མོ་གང་དུ་འདུག ཆུ་ཐིག་སྔོན་མོ།


ཡུལ་ཤུལ་གནོད་ཐེབས་ལ་ཕུལ་བའི་རོགས་སྐྱོར་གྱི་སྒོར་མོ་གང་དུ་འདུག
འདས་སོང་ལ་ཕྱིར་དྲན་བྱས་ན་དགོས་པ་མེད་ཅེས་སྨྲ་སྲིད་ཀྱང་འདི་ནི་རང་འགར་འཇོག་མི་ནུས་པའི་གནད་དོན་ཞིག་ཏུ་བཟུང་ནས་འདིར་ཅུང་ཙམ་འགོད་རྒྱུ་ཡིན།
   

           ལོ་ཤས་གོང་གཞིས་བཞུགས་བོད་མིས་རང་སྲོག་བློས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་མཐར་བོད་མི་བརྒྱ་ཕྲག་དུ་མ་རྐྱེན་ལམ་དུ་བཏང་བས་འཛམ་གླིང་གང་ས་ནས་ཕྱི་སྡོད་བོད་མི་ཚོས་རང་ནུས་གང་ཡོད་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་འདས་པོ་ཚོར་གདུང་སེམས་མཉམ་བསྐྱེད་བྱས་པ་རེད། དེ་དུས་བོད་མི་ཚོའི་སེམས་ཤུགས་མེ་ལྟར་འབར་བའི་སྐབས་ཡིན། སྐབས་དེར་གློ་བུར་དུ་ཡུལ་ཤུལ་ཕྱོགས་སུ་བསམ་ཡུལ་ལས་འདས་པའི་ས་ཡོམ་གྱི་འཇིག་པ་ཞིག་བྱུང་བ་དེས་བོད་མི་ཚོར་མིག་སྐྲང་ཐོག་ཏུ་ཁུ་ཚུར་ཞེས་པའི་དཔེ་ལྟར་གྱུར་པ་རེད། སྐབས་དེར་འཛམ་གླིང་གང་ས་ནས་རྒྱལ་ཁབ་སོ་སོ་དང་མི་སྒེར་སོ་སོས་རོགས་རམ་འདྲ་མིན་བྱས་པ་མ་ཟད་ཕྱི་སྡོད་བོད་མི་ཚོས་ཀྱང་རང་ངོས་ནས་འབྱོར་ཚོད་ཀྱིས་ཞལ་འདེབས་བསྡུ་རུབ་ས་གནས་གང་ས་ནས་བྱས་ཡོད། དེ་ནི་སྐབས་དེའི་ཡུལ་ཤུལ་བའི་ཤུལ་ལུས་ཚོ་སེམས་ཀྱིས་མ་བཟོད་པས་རེད། དེ་མིན་སྐབས་དེར་འདིར་བཞུགས་ཡུལ་ཤུལ་བ་ཚོས་ཀྱང་སྐྱོ་གདུང་དང་ལྷན་དུ་ཞལ་འདེབས་རེ་གནང་རོགས་ཞེས་སྐད་ངག་གཉོམ་པོས་སྤུན་ཟླ་ཚོར་ཞུ་འབོད་འཐེན་གྱི་འདུག་པ་ད་དུང་ང་ཚོའི་དྲན་ངོགས་ནས་ཡལ་དུ་མེད་པ་ཞིག་ཡིན། ང་ཚོས་ངོས་ནས་ཀྱང་ཡོད་ཚོད་ཀྱིས་ཞལ་འདེབས་སུ་ཉུང་ཤོས་སྒོར་ལྔ་བཅུ་དང་བརྒྱ་ཡར་མར་དང་མང་མཐའ་ཁྲི་འབུམ་བྱས་ནས་ཡུལ་ཤུལ་སྤུན་ཟླ་ཚོར་རོགས་སྐྱོར་བྱེད་ཁུལ་བྱས་པ་རེད། ཁོང་ཚོས་བཤད་རྒྱུར་རིང་མིན་ཁོང་ཚོའི་ཕ་ཡུལ་གྱི་དཀའ་ངལ་ལ་རོགས་རམ་འདི་འབྱོར་ཐབས་བྱེད་ངེས་ཡིན་ཞེས་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱིན་འདུག་པ་མ་ཟད་དུས་ཚོད་འདི་འདྲ་ཞིག་གི་ནང་དུ་འགྲོ་ཐུབ་ས་རེད་ཅེས་བཤད་ཀྱི་འདུག ཡིན་ནའང་ཉིན་ཞག་ཟླ་བས་བསྐྱལ་ནས་དུས་ཡུན་གང་འཚམ་སོང་རྗེས་གནོད་ཐེབས་ཡུལ་ཤུལ་སྤུན་ཟླ་ཚོའི་ལག་ཏུ་ཇི་ལྟར་འབྱོར་མིན་གྲག་འགུལ་ཅི་ཡང་མེད་པར་ཇེ་འཇམ་ནས་ཇེ་འཇམ་དུ་གྱུར། ང་ཚོས་འདི་ནས་ཕུལ་བའི་སྒོར་མོ་དེ་གནོད་ཐེབས་སྤུན་ཟླ་ཚོའི་ལག་ཏུ་འབྱོར་ནས་ཁོང་ཚོར་ཕན་ཐོགས་ཤིག་ཡོང་རྒྱུའི་རེ་བ་བཟུང་ནས་བསྡད་པ་རེད། ང་ཚོར་འབྱོར་ལན་ཞིག་ཡོང་རྒྱུར་བསྒུགས་ནས་ལོ་ཤས་ཕྱིན་སོང་ཡང་ཁོང་ཚོ་ད་དུང་སླེབས་མི་འདུག སྐབས་དེའི་སློང་མོ་གནང་མཁན་གྱི་འདིར་བཞུགས་ཡུལ་ཤུལ་བ་ཚོའང་འཇམ་ལྷིང་ངེར། དོན་དངོས་ཡུལ་ཤུལ་གྱི་གནོད་ཐེབས་ས་ཁུལ་གྱི་བོད་མི་ཚོར་ཕན་ཐོགས་བྱུང་ཡོད་དམ་མེད། ངས་བཤད་འདོད་པ་དེ་འདི་ཡིན།
ཞལ་འདེབས་འདི་སུས་བསྡུས་པ་རེད་སུའི་ལག་ཏུ་ཡོད་པ་རེད་སུ་ལ་སྤྲད་པ་རེད་སུ་ལ་ཕན་ཐོགས་པ་རེད་ཅི་ཙམ་སྤྲད་པ་རེད་གསལ་ཆ་ཅི་ཡང་མེད་པར་སྒོར་མོ་འབུམ་ཕྲག་མང་པོ་ཞིག་སུ་ལ་ཞལ་འདེབས་བྱས་པ་རེད། སྐབས་དེར་ཞལ་འདེབས་བསྡུ་བཞིན་ཡོད་ཅེས་དྲ་ཐོག་དང་ངག་ཐོག་ནས་སྐད་འབོད་བྱས་ནས་སྒོར་གཅིག་ལས་མ་རེག་ཀྱང་ཤུགས་བརྒྱབས་ནས་རྒྱུགས་པ་རེད། བསྡུས་ཚར་རྗེས་གོ་ཐོས་ཅི་ཡང་མེད་པར་འཇམ་ཐང་ངེར་ཅིའི་ཕྱིར་སོང་བ་རེད། གསལ་བྱེད་ཅི་ཡང་མེད་པ་རེད་དམ། ཡུལ་ཤུལ་མི་མང་ཉམ་ཐག་ཚོའི་ལག་ཏུ་འབྱོར་ཡོད་པ་ཨེ་རེད། ཡོད་ན་དེས་ཆོག་པ་རེད། འདིའི་སྐོར་བཤད་ཀྱི་ཤེས་ཀྱི་མི་འདུག དྲ་གྲོགས་ཚོར་དགོངས་ཚུལ་དང་ཁ་གསལ་གྱི་ལན་རེ་ཡོད་ན་འདིར་འགོད་རོགས།


དྲ་གྲོགས་ཚོར་དགོངས་དག་ཞུ་བ་ཞིག་ལ་ངས་བསམ་ཚུལ་འདི་ཐད་ཀར་དྲ་ཐོག་ནས་བྲིས་པ་ཡིན་པས་ཆད་ལྷག་དང་ནོར་འཁྲུལ་ཡོད་ན་དགོངས་དག་ཞུས་པ་ཡིན།

No comments:

Post a Comment