Saturday 27 August 2011

༸གོང་ས་མཆོག་དང་། ཆོས་ཀྱི་སྙིང་པོ་ཅན་གྱི་ཆབ་སྲིད།


༡༽
ཆོས་ལྡན་གངས་རིས་བསྐོར་བའི་གདོང་དམར་བ།། ཆོས་འབྱོར་དཔལ་གྱི་རོ་ལ་སྤྱོད་འདོད་ན།། ཆོས་ཀྱི་སྙིང་པོ་ཅན་གྱི་རྒྱལ་ཐབས་ཆེ།། ཆོས་ཀྱི་རྒྱལ་པོའི་བཀའ་བཞིན་ཉམས་སུ་ལོངས།།
དེ་ཡང་སྤྱིར་ན་ཆབ་སྲིད་ཅེས་པའི་མིང་ཚིག་འདི་ཉིད་ཆེས་སྔ་མོ་ཞིག་བོད་གངས་ཅན་གྱི་ལྗོངས་སུ་བེད་སྤྱོད་བྱེད་གཞིན་པའི་གདོད་མའི་མིང་ཚིག་རྙིང་པ་ཞིག་གི་ངོ་བོ་ཡོད་པ་རེད། མིང་ཚིག་འདི་ཉིད་ཀྱིས་ཅི་ཞིག་བསྟན་པ་རེད་ཅེ་ན། མིང་ཚིག་འདི་ནི་རྒྱལ་པོ་རྣམས་ཀྱི་མངའ་ཐང་ཇི་ལྟར་བསྐྱོང་ཚུལ་དཔེའི་སྒོ་ནས་བསྟན་པའི་ཐ་སྙད་ཅིག་སྟེ། དཔེའི་སྒོ་ནས་བསྟན་སྟངས་ནི། ཆབ་ཅེས་པ་ནི་ཆུ་དང་། སྲིད་ཅེས་པ་ནི་རིང་ཚད་ཀྱི་གོ་དོན་ཡོད་པ་བཞིན་རྒྱལ་པོ་རྣམས་ཀྱི་རང་གི་མངའ་འབངས་ཀྱི་བདེ་སྐྱིད་དང་། མཐའ་བཞི་རྒྱ་བསྐྱེད། འབངས་མི་སེར་བྱམས་སྐྱོང་བྱེད་སྟངས་སོགས་ཡུན་ནས་ཡུན་དུ་དང་། རྒྱང་ནས་རྒྱང་དུ་རྒྱ་སྐྱེད་བྱེད་པའི་ཐབས་ཚུལ་ཞིག་ལ་ཆབ་སྲིད་ཅེས་མིང་གིས་བསྙད་པ་ཡིན་ནོ། དེའི་འདྲ་བའི་ཆབ་སྲིད་དེ་འཛམ་གླིང་ཤར་ནུབ་གཉིས་སུ་གོ་བ་ལེན་སྟངས་མི་འདྲ་བ་གཉིས་ཡོད་པ་རེད་བསམ། ཤར་ཕྱོགས་པ་སྤྱི་དང་། ལྷག་པར་དུ་བོད་གངས་ཅན་པས་ཆབ་སྲིད་ལ་གོ་ལེན་སྟངས་གཅིག་དང་། དེ་བཞིན་དུ་ནུབ་ཕྱོགས་པ་རྣམས་ཀྱིས་གོ་བ་ལེན་སྟངས་གཅིག་སྟེ་མིང་ཚིག་གཅིག་ལ་ཁོར་ཡུག་དང་སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་དབང་གིས་གོ་བ་ལེན་སྟངས་མི་འདྲ་བ་གཉིས་ཡོད་པ་རེད། དེ་ཡང་ནུབ་ཕྱོགས་པས་གོ་བ་ཇི་ལྟར་ལེན་པ་ནི། རང་ཉིད་རྣམ་པ་ཀུན་དུ་རྒྱལ་ཐབས་དང་། ཕ་རོལ་པོ་དེ་ཉིད་གཏན་དུ་འཇོམས་ཐབས། རབ་ན་རྩ་མེད་དུ་བཟོ་ཐབས། གལ་སྲིད་དེ་ལྟར་མ་ཡོང་ནའང་རང་གི་གོང་དུ་རྩ་བ་ནས་སླེབས་མི་ཐུབ་པ་བཟོ་རྒྱུ་དེ་རེད། དཔེར་ན་ང་ཚོའི་མིག་སྔར་གནས་ཚུལ་མཐོང་བཞིན་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཨ་མེ་རི་ཁ་ལྟ་བུ་ཡིན་ན། འཇིག་རྟེན་འདི་ཨ་མེ་རི་ཁས་སྣེ་ཁྲིད་དགོས་པ་དང་། ཨ་མེ་རི་ཁའི་བཀོད་འདོམས་འོག་ཏུ་འགྲོ་དགོས་པ། གཞན་རྒྱལ་ཁབ་མཐའ་དག་རང་ཉིད་ཀྱི་རྗེས་སུ་ཡོང་དགོས་པ་དང་། རང་གི་བཀོད་འདོམས་ལ་ཉན་འཇོག་བྱེད་དགོས་པ་རེད། གལ་སྲིད་དེ་ལྟར་མིན་པར་རང་གི་སྔོན་ནས་སྐད་ཆ་བཤད་པ་སོགས་རང་དང་མཉམ་པར་རྒྱལ་སྤྱི་ལྡིང་ཆའི་ཐོག་ཏུ་བྱུང་བ་ཡིན་ན་རང་ཉིད་ཀྱི་ཕྲག་པར་སླེབས་དོགས་ཀྱིས་ཡང་ན་མགོ་བོར་ཐོ་བ་ཞིག་བཞུས་ཡོང་བ་དང་། ཡང་ན་རྐང་པ་ལ་ཐག་པ་ཞིག་བཏགས་ནས་གྱེན་དུ་གཏན་ནས་འགྲོ་རྒྱུ་མེད་པར་བཟོ་རྒྱུ་རེད།
བྱེད་ཐབས་འདི་དང་ཀུན་སློང་འདི་འདྲ་བའི་རིགས་ཅན་ལ་རང་ཁེ་གཞན་ཕམ་གཙོ་བོ་ལྷུར་བླངས་པ་ཡིན་པས་ཆབ་སྲིད་ནག་པོ་ཞེས་བཏགས་ན་འགྲིག་རྒྱུ་རེད་བསམ། ད་འོ་ན་ནག་པོ་དེས་ཟླས་དྲངས་པའི་ཆབ་སྲིད་དཀར་པོ་ཞིག་ཇི་འདྲ་བ་ཞིག་ཡོད་དམ་ཞེ་ན། དེ་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་སྟེ་བོད་ཀྱི་རྒྱལ་རབས་རིམ་བྱོན་དང་། ལྷག་པར་བོད་བླ་མའི་རྒྱལ་རབས་ཀྱི་ནང་ཚུན་གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་བསྐྱངས་སྟངས་དེ་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་བསྐྱངས་སྟངས་དེ་ཡིན་པ་རེད། ཆོས་སྲིད་ཟུང་འབྲེལ་བྱེད་སྟངས་ཡང་ཡུལ་གྱི་རྒྱལ་པོ་གཅིག་གིས་ཆོས་དང་ཆབ་སྲིད་གཉིས་ཀའི་མགོ་ཁྲིད་བྱེད་སྟངས་དེ་མ་ཡིན་པར་ཆབ་སྲིད་རང་གི་ངོ་བོ་ཆོས་དང་མི་འགལ་བར་བསྐྱངས་པ་དེ་ལ་གོ་དགོས་པ་ཡིན། སྤྱིར་ན་ཆོས་དང་ཆབ་སྲིད་གཉིས་མཉམ་དུ་སྦྲེལ་རྒྱུ་ཡོད་མེད་ཀྱི་འདོད་ཚུལ་གཉིས་སུ་ཡོད་ནའང་། ཤེས་རབ་སྡོང་བུ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན།། ལྷ་ཡུལ་བགྲོད་པ་ཐག་མི་རིང་།། ལྷ་དང་མི་ཡི་ཐེམ་སྐས་ལ།། འཛེགས་ན་ཐར་པ་གམ་ན་འདུག། ཅེས་དང་། དེ་བཞིན་དུ་ས་པཎ་གྱིས། ལེགས་པར་བརྟགས་ན་ཆོས་ལུགས་མི་འགལ་ཞིང་།། འཇིག་རྟེན་བྱ་བ་རྣམས་ཀྱང་ལེགས་འགྲུབ་པ།། དམ་པ་རྣམས་ཀྱིས་སྤྱོད་ཚུལ་འདི་འདྲ་ཞེས།། བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར།། ཞེས་སོགས་སྔོན་བྱོན་མཁས་པ་མང་པོ་ཞིག་གིས་ཆོས་དང་ཆབ་སྲིད་གཉིས་མི་འགལ་བར་ཞལ་གྱིས་བཞེས་ཤིང་། ལག་ལེན་དུ་བཀལ་ཡོད་པ་རེད། ལོ་རྒྱུས་ཀྱི་ཐོག་ཏུ་ཆབ་སྲིད་ཀྱི་འགྲོ་སྟངས་འདིའི་འོག་ཏུ་གནས་པའི་འབངས་མི་རྣམས་ཀྱང་རྒྱལ་ཁབ་གཞན་པའི་ནང་དུ་བྱུང་མྱོང་བའི་བྲན་གཡོགས་ཀྱི་ལམ་ལུགས་འཇིགས་སུ་རུང་བ་དང་། སྐྱི་གཡའ་བ་དེ་དག་དེ་མཐོང་རྒྱུ་དཀོན་པ་ཡིན། དེ་ནི་རྒྱུ་མཚན་གཞན་གང་ཡང་མ་ཡིན་པར་གོང་དུ་མང་པོ་བཤད་པ་བཞིན་ཆོས་སྲིད་ཟུང་འབྲེལ་བྱས་པའི་ཕན་ནུས་དང་། ཆབ་སྲིད་དེའི་ནང་དུ་བྱམས་པ་སྙིང་རྗེ་ཅན་གྱི་ཆོས་ཀྱི་ལྟ་སྤྱོད་དེ་དག་ཡོད་པའི་བཀའ་དྲིན་ཡིན། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཡུན་རིང་ལག་ལེན་དུ་བྱས་པ་ཡིན་ནའང་སྐབས་འགར་མི་བུ་བྱེ་བྲག་པས་བསམ་བློ་གཏོང་སྟངས་དང་། ལག་ལེན་བྱེད་སྟངས་ཀྱི་ཐོག་ནས་མི་མང་དང་སྤྱི་ཚོགས་ལ་བརྡབ་བསིག་ཚབས་ཆེན་དེ་འདྲ་བྱུང་མྱོང་བ་ཡིན། དེ་ནི་ཆོས་སྲིད་ཟུང་འབྲེལ་བྱས་པའི་ཉེས་པ་མ་ཡིན་པར་མགོ་སྡོད་ཀྱི་མི་སྣ་དེ་དག་གིས་ཆོས་སྲིད་ཟུང་འབྲེལ་གྱི་འགྲོ་སྟངས་རྣལ་མ་གཏོར་བཤིག་གཏོང་བའི་མཚན་གཞི་རེད། དཔེར་ན། སངས་རྒྱས་ཀྱི་ཆོས་ཚུལ་དེ་ཉིད་མཐའ་ཡས་པའི་འགྲོ་བ་ཐམས་ཅད་ཀྱི་བདེ་སྐྱིད་བསྐྲུན་བྱེད་དང་། དཀའ་ངལ་སེལ་བའི་ཐབས་ཤེས་ཤིག་ཡིན་ནའང་། མཚམས་རེར་ཆོས་བྱེད་མི་སྣ་རེ་ཟུང་གི་ནོར་འཁྲུལ་གྱིས་མི་མང་དང་། འགྲོ་བ་ལ་གནོད་ཚབས་ཚད་མེད་བཟོ་མྱོང་བ་རེད། དེ་ནི་ཆོས་ཀྱི་གནད་དོན་མ་ཡིན་པར་ཆོས་བྱེད་མི་སྣའི་གནད་དོན་ཡིན་པ་སོགས་བསམ་བློ་གཏན་གཏན་དང་ཏིག་ཏིག་དུ་གཏོང་དགོས་པ་ཡིན།
༢༽
༸གོང་ས་མཆོག་དང་། ཆོས་ཀྱི་སྙིང་པོ་ཅན་གྱི་ཆབ་སྲིད།
སྤྱིར་ན་༸གོང་ས་རྒྱལ་བ་རིན་པོ་ཆེ་ནས་ཕྱི་ལོ་༡༩༥༠ལོར་ནས་བོད་ཀྱི་ལས་དབང་ཧ་ཅང་ཉག་ཕྲ་བའི་སྐབས་དེར་སྲིད་དབང་བཞེས་འདུག དེ་ཡང་དགའ་སྐྱིད་ཀྱི་དགོད་སྒྲས་ཁེངས་པའི་དུས་སུ་དགའ་སྟོན་བྱས་ནས་ཕུལ་བཞག་པ་ཞིག་མ་ཡིན་པར་བོད་ཀྱི་སྲིད་དབང་དེ་ཉིད་སུས་ཀྱང་འགན་ལེན་མི་ཐུབ་པའི་སྒང་དེར་ལྷ་ཡི་ལུང་བསྟན་བྱུང་བའམ། མི་ཡི་གྲོས་ཁ་མཐུན་པ་གང་ཞིག་གིས་དགུང་ལོ་བཅུ་དྲུག་ལས་མ་སོན་པའི་རྒྱལ་བ་རིན་པོ་ཆེའི་ཕྲག་པར་བཀལ་ཡོད་པ་རེད། དེ་ནས་བཟུང་སྟེ་གོང་ས་མཆོག་གིས་ཆོས་ཕྱོགས་ཀྱི་སློབ་གཉེར་ལས་ཀྱང་སྲིད་ཕྱོགས་བོད་འབངས་ཀྱི་བདེ་སྐྱིད་ཀྱི་འགན་ཁུར་ཆེད་དུ་འདུར་དགོས་པ་བྱུང་བ་དང་། སྐབས་དེ་དུས་ཆབ་མདོར་རྒྱ་བོད་དམག་དཔུང་གདོང་ཐུག་ཤོར་ནས་བོད་དམག་རྣམས་གང་ཅིའི་དམག་ལས་ཞན་པས་ཡོངས་སུ་ཕམ་སྟེ་ཆབ་མདོར་རྒྱ་དམག་གིས་བཟུང་ཟིན་ཅིང་། དེ་ནས་རྒྱ་དམག་རྣམས་ལྷ་ས་རུ་ཡོང་བའི་སྦིར་གྲགས་དང་། ལྷ་སའི་སྣོད་བཅུད་གཉིས་ཀྱང་འབྲས་བུ་ཅི་ཞིག་འབྱུང་བ་ཆབ་མདོའི་དམག་འཁྲུག་དེ་ཡིས་གསལ་གསལ་ཐིང་ཐིང་དུ་བཟོས་ཡོད། དེ་ནས་རེ་ཞིག་རྒྱལ་བ་རིན་པོ་ཆེ་སྐུ་འཁོར་ཧྲག་བསྡུས་ཤིག་གནས་སྐབས་སུ་ཉེན་གཡོལ་དུ་གྲོ་མོའི་ཕྱོགས་སུ་ཕེབས་དགོས་བྱུང་འདུག་ཅིང་འདི་ནི་རྒྱལ་སྲིད་ཆོས་སྲིད་ཀྱི་གསེར་ཁྲི་མངའ་གསོལ་ནས་ཟླ་ཤས་ལས་སོང་མེད་པའི་སྐབས་དེར་ཡིན་པས་སྲིད་དོན་པ་གཡེར་པོ་ཆེ་ཐམས་ཅད་ཀྱིས་རྒྱལ་སྲིད་འདི་ཉིད་གཡོལ་དགོས་དོན་ཀྱང་གང་ཡིན་གསལ་ལྷང་ངེར་གྱུར་ཡོད་པ་རེད། ཕ་རོལ་རྒྱ་ཕྱོགས་ནས་དེང་རབས་མཚོན་ཆ་བཀོལ་ཏེ་ཤི་རྨས་བྱས་དང་བྱེད་བཞིན་ཡོད་ནའང་། སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།། སྐྱེས་པ་དེའི་སྐུ་ལ་ཕྱག་འཚལ་ཞིང་།། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ།། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།། ཞེས་ཇི་སྐད་གསུངས་པ་བཞིན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་དག་ཐུགས་ཉམས་བཞེས་སུ་གནང་ནས་བོད་རྒྱ་གཉིས་མཉམ་གནས་དང་། གཉིས་ཕན་གྱི་ཐབས་ལམ་དང་། གྲོས་མོལ་ཞི་འགྲིག་ཅིག་གི་འོག་ནས་ཐག་གཅོད་ཡོང་རེ་གནང་ཏེ་རྒྱ་ཕྱོགས་ལ་བསྟུན་མཁས་མཛད། དེ་ནས་བཟུང་དེ་རིང་སྤྱི་ནོར་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བོད་མི་མང་ལ་གནང་བ་དང་། གཞུང་ས་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་མཛད་པའི་བར་དེར་ལོ་ངོ་དྲུག་ཅུ་ལས་བརྒལ་བའི་དུས་རིང་ཞིག་སོང་ཟིན་ནའང་རྒྱལ་བ་རིན་པོ་ཆེའི་རྩ་བའི་དགོངས་པ་ལ་འགྱུར་བ་ཅི་ཡང་སོང་མེད་པར་གཉིས་ཕན་གྱི་ལམ་དུ་བསྐྱོད་རྒྱུ་དང་། ལྷག་བསམ་ཟོལ་མེད་ཀྱིས་གྲོས་ཁ་བསྡུར་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་གནང་བཞིན་པ་རེད།
༣༽
དེ་ལྟར་ལོ་ངོ་དྲུག་ཅུ་ལས་བརྒལ་བ་ཞིག་ཏུ་རྒྱལ་བ་རིན་པོ་ཆེས་དཀྱེལ་ཆེའི་ཐུགས་དགོངས་དང་། ཞིབ་ཅིང་ཕྲ་བའི་བརྟག་དཔྱད་མང་པོ་གནང་མཐར་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་ལམ་བུ་དེ་ནི་གཉིས་ཕན་དབུ་མའི་ལམ་འདི་ཉིད་ཡིན་ནོ།
གཉིས་ཕན་དབུ་མའི་ལམ་གྱི་འབྱུང་ཁུངས་ནི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། དེའང་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཆོས་ཚུལ་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པའི་འདི་ཉིད་ལས་བྱུང་བ་རེད། དེ་ཡང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག ཅེས་སོགས་ཀྱི་ནང་པའི་ཆོས་སྐད་དང་། ལྷག་པར་ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆོས་སྐད་དེ་དག་ལས་བསྟན་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་དང་ལྡན་འདོད་ཀྱི་རྨང་གཞི་ཅན་གྱི་ཆབ་སྲིད་ཅིག་རེད། ཆོས་སྲིད་ཟུང་འབྲེལ་དང་། ནང་པའི་ཆོས་ཀྱི་སྙིང་པོ་ཅན་གྱི་ཆབ་སྲིད་ཟེར་ནའང་གོ་བདེ་བ་རེད། ཕྱི་མི་འགའ་ཞིག་གིས་༸གོང་ས་མཆོག་གི་འཚེ་བ་མེད་པའི་ལྟ་གྲུབ་འདི་ཉིད་རྒྱ་གར་གྱི་མེས་པོ་དམ་པ་མ་ཧཱ་ཏ་མ་གྷན་དྷེའི་དགོངས་པ་དང་། རྒྱལ་བ་རིན་པོ་ཆེའི་དེའི་རྗེས་འབྲང་དང་། རྒྱུན་འཛིན་ཡིན་པར་བསམ་ནས་དཔྱད་རྩོམ་དང་། འདྲ་རིས་མང་པོ་ཡོད་པ་རེད། རླབས་ཆེན་གྱི་སྐྱེས་བུ་དམ་པ་མ་ཧཱ་གྷན་དྷི་མཆོག་འཚེ་མེད་ཞི་བའི་ལྟ་བ་ལྷུར་ལེན་མཁན་ཡིན་ནའང་། གཙོ་བོ་ནི་བདེན་པའི་ཨུ་ཚུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ལྟ་བུ་རེད་བསམ།
འཚེ་མེད་ཞི་བའི་ལྟ་བ་འདི་ཉེ་ཆར་གསར་དུ་བྱུང་བ་མ་ཡིན་པར་ལོ་ངོ་ཉིས་སྟོང་གི་སྔོན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐ་ན་སྲོག་ཆགས་གྲོག་སྦུར་ཚུན་ཆད་མཉམ་པར་ཉིད་དུ་གཟིགས་པའི་བྱམས་བརྩེ་རང་བཞིན་ཅན་གྱི་ཆོས་ཀྱི་ཉམས་ལེན་གྱི་སྙིང་པོ་ཡིན་པ་མ་ཟད་སྒོ་གསུམ་གྱི་སྤྱོད་པ་མཐའ་དག་ཕྱག་རྒྱ་འདི་ལས་མི་གཡོལ་བ་རེད། དེས་ན་འཇིག་རྟེན་འདིའི་ཐོག་ཏུ་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་མཁན་པོ་ཞིག་འདེམས་དགོས་ན་དེ་ནི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་ཡིན་ངེས་པ་དང་། ད་ལྟ་འཚོ་ཞིང་བཞུགས་པའི་འཚེ་མེད་ཞི་བའི་མཁན་པོ་ནི་སྟོན་པ་ཏཱ་ལའི་བླ་མ་ཡིན་པ་རེད། དེ་དག་ནི་དབུ་མའི་ལམ་གྱི་འབྱུང་ཁུངས་དེ་ཡིན་ནོ།
དབུ་མའི་ལམ་གྱི་ངོ་བོ་འདྲ་བ་ནི་མཁས་པ་སོ་སོ་ནས་འབྲེལ་བཤད་མང་པོ་གནང་ཡོད་ཅིང་རིགས་སྟོབས་ཅན་དེ་དག་གིས་མཐའ་བརྒྱད་དང་། མཐའ་བཞི་སོགས་ཀྱིས་སྤྲོས་བཤད་གནང་ཡོད། དེ་དག་བསྡུས་ན་ཕར་མཐའ་དང་། ཚུར་མཐའ་ཟེར་ནའང་འགྲིག་ངེས་ཀྱང་། གནད་དུ་སྨིན་ཤོས་འདྲ་བ་ནི་རྒྱ་མཐའ་དང་། བོད་མཐའ་ཟེར་ན་ཡིན་རྒྱུ་རེད། ད་འོ་ན་རྒྱ་མཐའ་དེ་གང་ཞེ་ན། རྒྱ་ནག་དབུས་གཞུང་གིས་ད་ལྟ་བར་དུ་བོད་ཐོག་འཛིན་པའི་སྲིད་ཇུས་བོད་ཀྱི་སྣོད་བཅུད་རིགས་གཞུང་དང་བཅས་པ་རྩ་བརླག་གཏོང་སྟེ། བོད་མི་རིགས་དེ་ཉིད་རྒྱའི་ནང་དུ་ཐིམས་སུ་འཇུག་རྒྱུའི་སྲིད་ཇུས་དེ། རྒྱ་མཐའ་དང་། བོད་ཀྱི་སེམས་ཁམས་སུ་ཡོད་པའི་བོད་རང་བཙན་དང་། བོད་སྒེར་ཚུགས་ཅན། བོད་དེ་གཞན་ལ་ལྟོས་མེད་ཟུར་དུ་སྡོད་རྒྱུ་དེ་བོད་མཐའ་རེད། མཐའ་དེ་གཉིས་ཀ་མ་ཡིན་པར་བོད་ཀྱི་ཕྱི་སྲིད་དང་། བོད་ཀྱི་བདག་དབང་དེ་དག་རྒྱ་ནག་གཞུང་གིས་འཛིན་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་སོགས་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་སོགས་བོད་ཀྱི་ལས་ཀ་བོད་པས་བྱེད་རྒྱུ་ཡོད་པའི་ཐབས་ལམ་དང་། བརྒྱུད་ལམ་དེ་ནི་གཉིས་ཕན་དབུ་མའི་ལམ་གྱི་ངོ་བོ་རེད།
དབུ་མའི་ལམ་གྱི་འབྲས་བུ་ག་རེ་རེད་ཅེས་ན། དེ་ནི་ད་ལྟ་ཏོག་ཙམ་སྔ་སོང་བའི་དྲི་བ་ཞིག་རེད། འོན་ཀྱང་དེ་སྔའི་བར་དུ་གཉིས་ཕན་གྱི་དགོངས་པ་འདིས་འབྲས་བུ་གཡུར་དུ་ཟ་བ་མང་པོ་བླངས་ཡོད་པ་དཔེར་ན་འཛམ་གླིང་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ཡང་འཛམ་གླིང་རྒྱལ་སྤྱིའི་ཐོག་ཏུ་དྲང་བདེན་གྱི་ལྟ་བ་དང་། ལྷག་པར་བོད་རྒྱའི་བར་དུ་གཉིས་ཕན་གྱི་དགོངས་པ་དེ་དག་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་གྱི་ཚུལ་དུ་ཕུལ་ཡོད་པར་སྐབས་དེ་དུས་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བའིབསྒྲགས་གཏམ་དུ་གསལ་བ་ཡིན་ཏེ། དེ་ལས། "ཕྱི་ལོ་༡༩༨༩ ལོའི་ཞི་བདེའི་གཟེངས་རྟགས་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མར་འབུལ་གཏན་ཁེལ་བ་ཡིན། ཁོང་གིས་བོད་རྒྱའི་དཀའ་རྙོག་ཐད་ཕན་ཚུན་བཟོད་སྒོམ་དང་། གུས་བརྩི་ལྡན་པའི་མཛད་ཕྱོགས་ཁོ་ན་གནང་ཞིང་། བོད་མི་རིགས་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་ཤུལ་རྒྱུན་བཟང་པོ་རྣམས་གཅེས་སྲུང་དང་རྩ་མེད་དུ་མི་འགྲོ་བའི་བདག་གཅེས་གནང་བའི་ཐོག འཛམ་གླིང་སྟེང་དཀའ་རྙོག་ཡོད་བཞིན་པ་རྣམས་ལྷིང་འཇག་བག་ཕེབས་ཐུབ་ཐབས་དང་། འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ། ཐ་ན་སྲོག་ཆགས་ཡོངས་ལ་བདེ་བ་འབྱུང་ཐབས་ཀྱི་ཐུག་ཁུར་བཞེས་ཡོད།" ཅེས་གསལ་ཞིང་དེའི་སྐབས་སུ་དབུ་མའི་ལམ་ཟེར་ནས་གཏན་ལ་ཕབ་ཐུབ་མེད་ནའང་། རྒྱ་བོད་གཉིས་ཀྱི་གནད་དོན་དེའི་ཐད་དུ་སྔ་མོ་ནས་བཟོད་སྒོམ་དང་གཉིས་ཕན་གྱི་ལམ་དབུ་མ་ཞིག་དགོངས་པ་བཞེས་ཡོད་ཚུལ་སྔར་ཞུས་པ་བཞིན་རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་འཕྲིན་བསྐྱངས་པ་ནས་དགོངས་པ་དེ་དག་ཡོད་པ་རེད། དེ་བཞིན་དུ་ཨ་རིའི་གསེར་གྱི་རྟགས་མ་ཕུལ་བ་ཡང་དེ་བཞིན་དུ་འཛམ་གླིང་ཞི་བདེ་དང་། བོད་རྒྱ་གཉིས་ཕན་གྱི་ལམ་དབུ་མ་ལ་བསྔགས་བརྗོད་ཀྱིས་ཕུལ་ཡོད་པ་ཡིན་ཏེ། ༢༠༠༦་ཟླ་༩་པའི་ཚེས་༢༧ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་༸གོང་ས་མཆོག་ལ་གསེར་གྱི་རྟགས་མ་འབུལ་བའི་ཁྲིམས་གཞི་གྲོས་ཆོད་དུ་སྲིད་འཛིན་བྷུ་ཤུས་མཚན་རྟགས་གནང་བའི་རྩ་འཛིན་གྱི་བསྒྲགས་གཏམ་དོན་ཚན་བཞི་པའི་ཐད་དུ། "༸་གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་། ལྷག་པར་དབུ་མའི་ལམ་གྱི་མཛད་ཐབས་ལ་བརྟེན་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་འབད་བརྩོན་གནང་བཞིན་ཡོད་པར་བརྟེན། སྤྱི་ལོ་༡༩༨༩ ལོར་ནོར་བྷེལ་ཞི་བདེའི་གཟེངས་རྟགས་གྱི་བྱ་དགའ་འབུལ་བཞེས་གནང་ཡོད།  "ཅེས་གསལ་ཡོད། དེ་བཞིན་དུ་གྲངས་ཀྱིས་མི་ལངས་པའི་གཟེངས་རྟགས་ཕལ་མོ་ཆེར་ཆབ་སྲིད་ཀྱི་དགོངས་པ་བཞེས་སྟངས་དམིག་བསལ་བ་འདི་ལ་འབུལ་བཞིན་ཡོད་པ་རེད་མ་གཏོགས་ཆོས་ཕྱོགས་ཀྱི་ཉམས་ལེན་གཅིག་པུ་ལ་དེ་ཙམ་དོ་སྣང་བྱེད་ཀྱི་ཡོད་པ་མ་རེད་དོ།། ཆབ་སྲིད་ཀྱི་དགོངས་པ་དམིག་བསལ་བ་དེ་ནི་འཇིག་རྟེན་གྱི་རྙོག་འཛིང་མཐའ་དག་ཕན་ཚུན་བསམ་ཤེས་དང་། གུ་ཡངས་ཀྱི་སྒོ་ནས་སེལ་ཐབས་དང་། ལྷག་པར་བོད་རྒྱའི་དཀའ་རྙོགས་དེའང་གཉིས་ཕན་དབུ་མའི་ལམ་གྱིས་སེལ་དགོས་པའི་རླབས་ཆེན་གྱི་དགོངས་པ་དེ་དག་ཡིན་པར་ནི་གཟེངས་རྟགས་འདི་དག་ཕུལ་ཚུལ་ལ་བསམ་ན་ཆེས་གསལ་ལོ།། དེ་ནི་༸གོང་ས་མཆོག་གི་མཛད་འཕྲིན་ནུབ་ཕྱོགས་ཀྱི་ཡུལ་གྲུས་གཙོས་པའི་རང་དབང་གིས་འཚོ་བཞིན་པ་དག་གིས་སེམས་ཀྱི་རྒྱགས་ཕྱེ་དུ་འགྱུར་ཚུལ་ཡིན། ད་འོ་ན་རྒྱ་ནག་གི་ཡུལ་གྲུ་དག་ཏུ་མཛད་འཕྲིན་དེ་དག་གིས་གཡོ་འགུལ་ཅི་ཡང་མེད་ན་དགོས་ས་རུ་མེད་ལ་མི་དགོས་ས་རུ་ལྷག་པས་ཆབ་སྲིད་འདི་ཉིད་ཐབས་རེ་སྡུག་སྙམ་པ་འབྱུང་སྲིད་ནའང་། རྒྱ་ནག་གཞུང་གི་ཆབ་སྲིད་མི་སྣ་རྣམས་ནི་མིག་དང་། རྣ་བ་བཀབ་ནས་ཡོད་པས་མཛད་འཕྲིན་འདི་དག་རྒྱུ་ལམ་མེད་པ་རེད། མང་ཚོགས་རྣམས་ནི་ལོ་རེ་ནས་ལོ་རེར་རང་དབང་དང་མང་གཙོའི་ཕྱོགས་ལ་གོམས་ཁ་རིང་ནས་རིང་དུ་འདོར་བཞིན་ཡོད་པ་དང་། དེས་ན་ལྷག་པར་༸གོང་ས་མཆོག་གི་ཞི་བདེ་དང་། རང་དབང་སྙིང་པོ་ཅན་གྱི་ལྟ་སྤྱོད་འདི་དག་གིས་ཡིད་དབང་ཡོངས་སུ་བཀུག་ནས་ལོ་རེ་ནས་ལོ་རེ་མི་མངོན་པའི་གྲུ་ཟུར་ཞིག་ནས་མི་སེམས་ས་ཡ་མང་པོ་ཞིག་བཞུགས་སྒར་དྷ་རམ་ས་ལའི་ཕྱོགས་སུ་གཏད་བཞིན་ཡོད་ཅིང་། དེ་བཞིན་དུ་རང་དབང་ལུང་པར་འཚོ་བའི་རྒྱ་རིགས་ཤེས་ཡོན་པ་དག་གིས་རྒྱལ་བ་རིན་པོ་ཆེའི་ཞབས་རྡུལ་དང་བས་བླངས་ནས་བོད་རྒྱ་གཉིས་ཀྱི་དཀའ་ཁག་དེ་དག་ལྷག་བསམ་རྣམ་པར་དག་པས་སེལ་ཐབས་སུ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། རང་དབང་གནས་པའི་རྒྱ་རིགས་དེ་དག་གི་རྒྱུད་ནས་རྒྱ་ནང་དུ་ཡོད་པའི་དད་ལྡན་དང་། དོགས་པ་ཅན་མང་པོ་ཞིག་གིས་གློག་ཀླད་རྒྱུད་ནས་དྲི་གཞི་ལ་ལན་འདེབས་དང་། དོགས་པ་ལ་གསལ་བཤད། བྱིན་རློབས་ཞལ་མཇལ་གསུངས་ཐོས་བྱེད་པའི་ལས་འགུལ་ཞིག་དཀྱིལ་ནས་བརྡོལ་བཞིན་ཡོད་པ་འདི་དག་ནི་ཕྱོགས་གཉིས་ཀ་ལ་བསམ་བློ་གཏོང་ས་ཡོད་པའི་རྨང་གཞིའི་ཐོག་ནས་ཡོང་གི་ཡོད་པ་དང་། གཉིས་ཕན་གྱི་རླབས་ཆེན་གྱི་དགོངས་པ་འདིའི་འབྲས་བུ་ཡིན་པ་རེད། ད་དུང་ཡང་གཉིས་ཕན་དབུ་མའི་ལམ་དུ་ཞེ་འཁྲེག་དང་། དོགས་པ་སྤུ་ཙམ་མེད་པར་ཡིད་ཆེས་ཆེན་པོས་བོད་གཞིས་བྱེས་གཉིས་ཀས་ཤར་བསྐྱོད་བྱོས་དང་། བོད་རྒྱ་མཉམ་གནས་དང་། གཞིས་བྱེས་ལྷན་འཛོམས་ཀྱི་རྨི་ལམ་དེ་དག་མངོན་འགྱུར་དུ་ཡོང་བ་གདོན་མི་ཟའོ།། །།
༢༠༡༡ལོའི་ཟླ་ ༦ པའི་ཚེས་ ༧ ཉིན།
༸གོང་ས་རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་༧༦པའི་སྐབས་ཀྱི་གཏམ་བཤད་མ་ཟིན།

No comments:

Post a Comment