Saturday 25 June 2011

ཡུལ་ཤུལ་ལགས། ང་ཚོ་ནམ་ཡང་མཉམ་དུ་ཡོད། ཐོག་མདའ།


ཡུལ་ཤུལ་ལགས་བསྐལ་བ་འདི་མ་རྫོགས་བར་དུ
ང་ཚོ་ནམ་ཡང་ཁྱེད་དང་དྲང་ཐིག་གཅིག་ཏུ་ལངས་པའི
ཤི་གསོན་མཉམ་གནས་ཀྱི་སྤུན་ཟླ་ཡིན


༼དྲ་རྩོམ་སྙན་ངག་ཅིག་ལས་དྲངས།༽


ཀྱེ་མ ཁྲག་དམར་འཛར་འཛར་གྱི་དེ་རིང
རྒྱུ་འབྲས་ཀྱི་མིག་ཟུང་བོར་བའི་ས་ཆེན་པོས
བྲེལ་འཚུབ་ཀྱི་འགུལ་སྟངས་ཤིག་གིས
ངའི་ཕུ་ནུ་མིང་སྲིང་ཚོའི་ཚེ་སྲོག་བཅོམ་ནས་བུད་སོང
ངའི་ནང་མི་སྤུན་ཟླ་ཚོའི་གཞིས་ཁྱིམ་གཏོར་ནས་བུད་སོང

ཡུལ་ཤུལ་གྱི་ངའི་ཕུ་ནུ་མིང་སྲིང་ཚོ ནང་མི་སྤུན་ཟླ་ཚོ
ང་ཚོར་སེར་གས་ཀྱི་གོད་ཆག་ཇི་ལྟར་མང་སྲིད་ཀྱང་
ང་ཚོ་ནམ་ཡང་མཉམ་དུ་ཡོད
ང་དང་ཁྱེད་ལ་བཙན་པོ་མི་རབས་ཀྱི་ཁྲག་རྒྱུན་ཡོད་པས
ང་ཡི་བདེ་སྡུག་དེ་ཁྱེད་ཀྱི་བདེ་སྡུག་ཡིན་སྲིད་ལ
ཁྱེད་ཀྱི་བདེ་སྡུག་དེ་ང་ཡི་བདེ་སྡུག་ག་ལ་མིན་སྲིད་ཨང

མ་མེད་དྭ་ཕྲུག་ཏུ་གྱུར་བའི་ཨ་མའི་ལོ་ལོ་ཚོ
གྲོགས་མེད་ཁེར་རྐྱང་གི་སྟག་ཤར་སྨན་ཤར་ཚོ
ལག་རྟེན་ས་རྡུལ་ལ་འཐིམ་པའི་ཕ་ལོ་མ་ལོ་ཚོ
ཡོད་ཚད་ལོ་རྒྱུས་སུ་གྱུར་ཟིན་པའི་ཏག་ཏག
སེམས་མ་སྐྱོ་སེམས་མ་སྡུག་ང་ཡི་ཡུལ་ཤུལ་ལགས
ང་ཚོའི་ལག་པ་ནམ་ཡང་ཁྱེད་ཚོར་འཇུས་ནས་ཡོད
ང་ཚོའི་སེམས་པ་ནམ་ཡང་ཁྱེད་ཚོར་བརླན་ནས་ཡོད

ཡུལ་ཤུལ་ཡ ཁྲག་རྣག་གི་རྫིང་བུའི་གཡས་འགྲམ་གཡོན་འགྲམ་ན
ཕུ་ནུ་མིང་སྲིང་དང་ནང་མི་སྤུན་ཟླ ཕ་ལོ་མ་ལོ་སོགས
མགོ་བཅད་རྐང་གཏུབ་ཀྱི་སྐྱོ་གར་དེ་མིག་གིས་མཐོང་ཡང
བཙན་པོའི་རྒྱུད་ཀྱི་དཔའ་བོ་ཚོ ཤི་བོའི་རྗེས་ཀྱི་གསོན་པོ་ཚོ
ཡིད་མ་སྐྱོ་ཡིད་མ་སྡུག་དང་
དུས་ཚོད་ཀྱི་རྨུ་ཐག་རིང་བོས་ཁྱེད་ལ་འགྱོད་གཤགས་བྱེད་ངེས་ཡིན་ལ
གཡག་རོག་གི་རྭ་རྩེ་ནས་ཤི་བོ་ཚོར་འོད་ཐིགས་ཤིག་ཀྱང་མཆེད་ངེས་ཡིན

ཀྱེ་ཀྱེ་ཡུལ་ཤུལ་ལགས ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ངང་ནས
མིག་ཆུ་དང་ངུ་ངག ཁྲག་དམར་དང་སྐྱོ་གདུང་སོགས
མཐུན་སྒྲིལ་གྱི་དཔུང་སྟོབས་ཀྱིས་ཕར་ལ་དེད་ནས
ང་ཚོས་སླར་ཡང་འཚོ་བ་གསར་བ་ཞིག་འཛུགས་བསྐྲུན་བྱས་ཆོག་ལ
ང་ཚོ་སླར་ཡང་འཇིག་རྟེན་གྱི་མཐོ་ས་ནས་གཟི་བརྗིད་དང་བཅས་ཏེ་འགྲེང་ཆོག
ཀྱེ་ཀྱེ་ཡུལ་ཤུལ་ལགས སེམས་མ་སྐྱོ་སེམས་མ་སྡུག་དང་
ང་ཚོ་དེ་ དཀོན་མཆོག་གི་སྐྱོབ་སྲིད་པའི་མི་རབས་དེ་མ་ཡིན་ནམ
ང་ཚོ་དེ མ་ཎི་ཡིག་དྲུག་ལ་ཁེན་ཆོག་པའི་མི་རབས་དེ་མ་ཡིན་ནམ

ཡར་ལ་ལོངས་དང་བཙན་པོའི་གདུང་རྒྱུད་ཡུལ་ཤུལ་བ
མིའི་རིགས་ཀྱིས་ཁྱེད་ཚོར་སྐྱབས་འཇུག་ཞུ་གི་འདུག
མིའི་མིགས་ཀྱིས་ཁྱེད་ཚོར་སྨོན་ལམ་འདེབས་ཀྱིན་འདུག
ཤི་བོ་ཚོའི་ཆེད་དུ་ གསོན་པོ་ཚོའི་ཆེད་ད
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
2010 4 14ཉིན་བྲིས།

གསལ་བཤད།རྩོམ་ཡིག་འདི་ནས་ལོ་སྔོན་མའི་དེ་རིང་གི་ཉིན་མོ་ང་ཚོའི་སློབ་གྲྭའི་ནང་ནས་༼གདུང་སེམས་མཉམ་བསྐྱེད༽ཀྱི་མྱ་ངན་འཚོགས་སྐབས།གྱེར་འདོན་ཏུ་འབྲི་ཁུལ་བྱས་པ་ཞིག་ཡིན་ལ།དུས་དེ་རིང་རང་ཉིད་ཀྱི་སེམས་པ་མཚོན་བྱེད་ཅིག་ཏུ་བཟོ་བཅོས་ཅུང་ཙམ་བརྒྱབ་ཏེ་ཡུལ་ཤུལ་གྱི་ཤི་གསོན་གཉིས་ལ་ཕུལ་བའོ།།

No comments:

Post a Comment