Thursday 16 June 2011

གཙང་གསུམ་གྱི་ཕ་ཁྱིམ་ཡུལ་ཤུལ་གྱི་རྩྭ་ཐང་དུ་ཡི་མུག་པའི་གོད་ཆག རག་ཤུལ་དཔལ་ལྡན།


གཙང་གསུམ་གྱི་ཕ་ཡུལ།  རྩྭ་ཐང་གི་རྒྱལ་པོ།         ཡུལ་ཤུལ་གྱི་རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་ཡུལ་ཤུལ་གྱི་མི་མང་ནི་འབྲོག་ལས་དང་།  ཞིང་ལས།  ཚོང་ལས་དང་།  བཟོ་ལས་སོགས་རང་རང་གི་ལས་ལ་བརྩོན་པས་ལོངས་སྤྱོད་ཀྱི་མངའ་ཐང་རྒྱས་ཅིང་།  དབུལ་ཕྱུག་གི་ཁྱད་པར་ཆུང་ས་ཞིག་རེད། ཆེས་བརྟན་ལྷིང་དང་དུང་ཞེན་གྱི་ནུས་པ་ལ་བརྟེན་ནས་རང་གི་སྐད་ཡིག་དང་།  རིག་གཞུང་གི་རང་ཚུགས་གཟུང་།  དུས་ནས་དུས་སུ་འབྲོག་ལས་དང་། ཞིང་ལས་དོར་ནས་གྲོང་ཁྱེར་དུ་གནས་སྤོ་བྱེད་དགོས་པའི་བསླུ་བྲིད་དང་དབང་ཡོད།  བཙན་བཀའ་དང་སུན་་བཙིར་ཡང་ཡང་བྱས་ན་ཡང་དཀའ་ངལ་ལ་གདོང་ལན་བྱེད་པའི་བཟོད་བསྲན་གྱི་ནུས་པ་ལ་བརྟེན་ནས་ཞིང་འབྲོག་རང་རང་གི་ས་ཁྱོན་བདག་ཏུ་བཟུང་བའི་ཡུལ་ཤུལ་མི་མང་གི་འཚོ་བའི་གནས་སྟངས་དེ་ནི་ཕྱི་ཁང་བཟང་གི་བཀོད་པ་མ་ཉམས།  ནང་ལོངས་སྤྱོད་ལ་གས་ཆག་མ་ཤོར།  བར་ཀུན་སྤྱོད་ལ་སྤྱོད་ངན་གྱིས་མ་གོས་པའི་རྒྱུན་སྤྱོད་ཀྱི་འཚོ་བ་དེ་ནི་ཅི་འདྲའི་ཡིད་སྨོན་ཤོར་ས་ཞིག་རེད།  ཅི་འདྲའི་སྐྱོ་གདུང་དང་ཡི་མུག་སྐྱེ་དགོས་པ་ཞིག་ལ།  རག་ཤུལ་གྱི་སའི་ཆར་རི་དམར་ནས་འགུལ།  གཞི་རྒྱ་ཆེ་རུ་བསྐྱེད།  དྲག་ཏུ་འགུལ།  སྐྱེ་རྒུ་དང་།  ཁྲ་འགུ  སྐར་མདའ་དང་།  འབྲོག་མདའ།  རོང་པོ་སོགས་སུ་ཡར་འདེགས།  མར་བརྡབས།  ཕར་གཡུག  ཚུར་གཡུག   རྩྭ་ཐང་ལགས།  ཁྱོད་སུ་དང་མ་འགྲིག་ནས་འཕགས།    ཁྱོད་སུ་དང་མ་མཐུན་ནས་འགུལ་བ་ཡིན།  ང་ཚོ་ནི་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་ཁྱོད་ལ་སླད་མེད་ཀྱི་དུང་ཞེན་དང་ བྱམས་བརྩེ་བཅངས་པའི་ཡུལ་ཤུལ་གྱི་མི་མང་ལས་གཞན་སུ་ཡང་མིན།  རྩྭ་ཐང་ལགས།  ཁྱོད་ནི་ཅི་འདྲའི་ཕྱི་ཐག་ཐུང་བ་ཞིག་རེད།  ཁྱོད་ཀྱིས་ང་ཚོ་ལ་སྤྲད་པའི་ཡི་མུག་པའི་གོད་ཆག་འདི་ལ་ལྟོས་དང་།  ཁྱོད་ནི་ཅི་འདྲའི་ངོ་ཚ་ཁྲེལ་མེད་ཅིག་རེད།  རྩྭ་ཐང་ལགས།  ཡང་ན་ཁྱོད་ལ་གཏན་ནས་མི་བཟོད་པའི་ན་ཟུག་འཕར་མ་ཞིག་གམ།   དེ་ནི་ཡིན་རྒྱུ་མ་རེད།  ཁྱོད་ནི་ལོ་ངོ་སྟོང་ ཕྲག་དུ་མའི་སྔོན་ནས་རྩྭ་ཐང་གི་རྒྱལ་པོ་རེད་ལ།   དར་རྒུད་དང་ནད་གཞི་ཡོད་པ་ལོ་རྒྱུས་ནང་གཏན་ནས་མེད།  རྩྭ་ཐང་ལགས།   ཡང་ན་ཁྱོད་ཀྱི་བང་མཛོད་ནང་གི་རིན་ཐང་བྲལ་བའི་རིན་ཆེན་དེ་དག་རྐུན་པོས་བརྐུས།   ཇག་པས་ཁྱེར།   ཁྱོད་ཀྱི་མཛེས་རྒྱན་དུ་གྱུར་པའི་རི་སྐྱེས་ཀྱི་ཕ་ཟོག་དེ་དག་རྔོན་པས་བསད།   ཁྲམ་པས་དེད་ སོང་བས་ཡིན་ནམ།  དེ་ལྟར་ན་ཡང་།  ང་ཚོས་ནི་ཁྱོད་ཀྱི་བང་མཛོད་དང་ཕ་ཟོག་དེ་དག་བསྲུང་བསྐྱོབ་ཆེད་དུ་འཐབ་རྩོད་ཀྱི་འཁོར་ལོ་བསྐོར་བཞིན་ཡོད་ན་ཁྱོད་ཀྱིས་ང་ཚོ་ལ་ཡི་མུག་པའི་གོད་ཆག་འདི་འདྲ་བཟོ་དགོས་དོན་ཅི།  ཀྱེ་་མ།  ཁྱོད་ནི་བཟང་ངན་གྱི་དབྱེ་འབྱེད་མི་ཤེས་པའི་ཅི་འདྲའི་རྨོངས་པ་གཏུམ་དྲག་ཅན་ཞིག་རེད་འདུག  རྩྭ་ཐང་ལགས།  ཁྱོད་ནི་ཅི་འདྲམང་པོ་ཞིག་འགུལ་སོང་ལ།  ཁྱོད་ནི་ཅི་འདྲའི་ནང་པོ་ཞིག་འཕགས་སོང་།  ད་ནི་ཁྱོད་འགུལ་མཚམས་གྱིས་དང་།  ད་ནི་ཁྱོད་འཕགས་མཚམས་གྱིས་དང་།  ང་ཚོ་ནི་ནམ་ཡང་ཁྱོད་དང་ཁ་བྲལ་འདོད་མེད་ལ།  འཁོན་དུ་འཛིན་པ་ནི་དེ་བས་ཀྱང་མེད།  སྔར་བཞིན་སླད་མེད་ཀྱི་དུང་ཞེན་དང་བརྩེ་སེམས་བཅངས་བཞིན་ཡོད།  མི་ལོ་སྟོང་ཕྲག་དུ་མའི་རིང་ཡུལ་ཤུལ་གྱི་རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་ང་ཚོའི་ལོ་རྒྱུས་ནང་དུ་ཞོགས་པའི་ཉི་གཞོན་འཛུམ་པ་དང་ལྷན་དུ་ཆེས་མུན་ནག་གི་ཁྲོད་དུ་ལྷུང་བའི་དུས་ཚོད་དེ་ནི་ཕྱི་ལོ་ཉེས་སྟོང་བཅུ་ཟླ་བ་བཞི་པའི་ཚེས་བཅུ་བཞི་རེས་གཟའ་ལྷག་པ་རེད།  དེ་ནི་ང་ཚོ་ལ་མཚོན་ན་དུས་ཚོད་ཐུང་ཐུང་ནང་ད་སྔོན་བྱུང་མ་མྱོང་བའི་གོད་ཆག་དང་།   ཕམ་ཁ།  སྐྱོ་གདུང་།  འཇིགས་སྐྲག་དང་བཅས་པའི་ཆེས་མུན་ནག་གི་དུས་ཚོད་ནག་པོ་ཞིག་ཀྱང་རེད།  དེ་ནི་ཡུལ་ཤུལ་གྱི་རྩྭ་ཐང་དྲག་ཏུ་གཡོས་པའི་ཚེ་མཛེས་པའི་ཁང་བཟང།  བསགས་པའི་ནོར་རྫས།  གཅེས་པའི་མི་མང་རྣམས་མཉམ་དུ་གྲོ་ཡོས་རྔོད་རྔོད་བྱས་མཐར།  ཅི་འདྲའི་ཡིད་སྨོན་ཤོར་བའི་འཇིག་རྟེན་གྱི་མི་ཡུལ་དེ།  ས་རྡོ་ཤིང་གསུམ།  གས་ཆག་འཐོར་གསུམ།  ཤ་ཁྲག་རུས་གསུམ་གྱི་གད་སྙིག་གི་ཕུང་པོ་ཞིག་ཏུ་གྱུར་པ་རེད།   དེ་སྐབས་ཤུལ་ལུས་ཡུལ་ཤུལ་མི་མང་གི་གནས་སྟངས་ནི་གཉེན་ཕུ་ནུས་མཐོང་ན་སྙིང་རླུང་ལང་ཞིང་།   མི་དོན་མེད་ཀྱིས་མཐོང་ན་མཆི་མ་ཤོར་ངེས།  སྡང་དགྲ་བོས་མཐོང་ཀྱང་ཡི་མུག་སྐྱེ་བ་ཞིག་ཆགས་ཡོད་པ་རེད།   དེ་ཡང་ཡར་ལྟས་ན་ཐལ་སྨག་གི་མུན་པ་འཁྲིགས་ཤིང་།  མར་ལྟས་ན་གཅེས་སྲོག་ཤོར་བའི་སྤུན་གྲོགས་ཚོའི་བེམ་རོ་དང་རྒྱུ་ནོར་ལོངས་སྤྱོད་ཡོད་ཚད་གད་སྙིག་དུ་གྱུར་པའི་ཕུང་པོ་ཡིས་ཁེངས་འདུག   ཕར་ལྟས་ན་གད་སྙིག་དེ་དག་གི་བར་གསེང་ཡོད་ཚད་དང་ཡོད་ཚད་ནས་ཉམ་ཐག་པའི་རྨས་མ་མགོ་ཆག་དང་རྐང་ཆག་རྣམས་ཀྱི་སྨྲེ་སྔགས་དང་།  སྡུག་སྐད།  ངུ་འབོད།  ང་བསྐྱོབ་རོགས་དང་ཁོ་བསྐྱོབ་རོགས་སོགས་ཀྱི་སྐད་ངན་གྱིས་རི་ལུང་གང་བར་གྱུར།   དེའི་སྐབས་སུ་ཤུལ་ལུས་ཀྱི་སྤུན་གྲོགས་ཚོས་འཇིགས་སྐྲག་དང་།  ཡི་མུག  བཟོད་ཐབས་མེད་པའི་སྡུག་བསྔལ་གྱིས་མནར་བཞིན།  ཞིག་རལ་དུ་གྱུར་པའི་ས་རྡོ་ཤིང་ཆག་གསེང་ནས་བཞུད་ཟིན་པའི་བེམ་རོ་བསྒྲུག་རྒྱུ་དང་།  སྨྲེ་སྔགས་དང་། སྡུག་སྐད།  ངུ་འབོད་བྱེད་བཞིན་པའི་ཉམ་ཐག་རྨས་མ་རྣམས་ཀྱི་ཚེ་སྲོག་བསྐྱབ་ཕྱིར་ བྲེལ་བའི་ངང་ལས་རིམ་ལ་ཞུགས་བཞིན་སྐབས།  མཚན་མ་ངན་པ་་སུ་ཞིག་གི་ཐན་སྐད།  བྲོས་བྲོས་གློག་ཆུ་ཤོར་སོང་ཞེས་པའི་སྟོང་འུར་ཞིག་སྒྲོག་པ་དེས།  ས་རྡོ་འོག་ལ་མནན་ནས་སྐད་ངན་སྒྲོག་པ་དང་ལྷན་དུ་གཅེས་སྲོག་ཤོར་ལ་ཉེ་བའི་སྤུན་ཟླ་རྣམས་སྐྱུར་ནས་ལ་བྲོས་ལུང་བྲོས་མི་བྱེད་ཁག་མེད་བྱུང་འདུག  རྐྱེན་ངན་དེའི་དབང་གིས་མྱུར་སྐྱོབ་མ་ཐུབ་པས་སྤུན་གྲོགས་བརྒྱ་ཕྲག་མང་པོའི་གཅེས་སྲོག་ཤོར་བ་དེ་ནི་ང་ཚོའི་ལག་ཏུ་ཡོད་བཞིན་དུ་ཤོར་བ་ཡིན་པས་དེ་ནི་ང་ཚོ་ལ་མཚོན་ན་མི་བཟོད་པའི་སྡུག་བསྔལ་ཆེན་པོ་འདིའི་སྟེང་དུ་སྡུག་བསྔལ་གྱི་སྣོན་མ་ཞིག་དང་།   ང་ཚོའི་མི་ཚེའི་ནང་དུ་བརྗེད་མི་ཐུབ་པའི་འགྱོད་གདུང་ཆེན་པོ་ཞིག་ཀྱང་ཡིན།  ང་ཚོའི་མིག་ནས་ལྷུང་བཞིན་པ་འདི་ནི།  འགྱོད་གདུང་གི་མིག་ཆུ།  ང་ཚོའི་མིག་གིས་མཐོང་བཞིན་པ་འདི་ནི།  ཆར་སྤྲིན་བཞིན་འཁྲིགས་པའི་བམ་སྲེག་གི་དུ་སྨག་དང་།  ཡོད་ཚད་གད་སྙིག་དུ་གྱུར་པའི་ཕུང་པོ།  ང་ཚོའི་ཡིད་ལ་འཁོར་བཞིན་པ་དེ་ནི།  བཞུད་ཟིན་པའི་སྤུན་གྲོགས་ཚོ།   ང་ཚོས་མྱོང་བཞིན་པ་འདི་ནི།  མྱ་ངན་དང་།  འཇིགས་སྐྲག  ང་ཚོས་ཐོས་བཞིན་པ་འདི་ནི།  སྨན་བཅོས་དང་།  ཟས་གོས།  སྡོད་ཁང་གི་གནས་སྟངས་ཤིན་ཏུ་སྐྱོ་བའི་མགོ་ཆག་དང་།  རྐང་ཆག་གི་སྨས་མ་ཁྲི་ཕྲག་མང་པོ་ཐང་སྟོང་དུ་ལྷག་ཡོད་པའི་སྤུན་གྲོགས་ཚོའི་སྨྲེ་སྔགས་དང་།  སྡུག་སྐད།             ད་དུང་ཡང་།  བུ་རྒྱུད་ཤི་བའི་རྒན་ཁོག  ཕ་མ་ཤི་བའི་དྭ་ཕྲུག   ཆུང་མ་ཤི་བའི་ཕོ་ཧྲེང་།  ཆོ་ག་ཤི་བའི་ཡུགས་མོ།  ཡོད་ཚད་ཤི་བའི་ཁེར་རྐྱང་གི་གདུང་འབོད་དང་།  སྨྲེ་སྔགས།   མཚམས་སྤྲིན་གཞོན་ནུའི་མདངས་དང་ལྡན་པའི་དམར་སེར་གྱི་ན་བཟའ་སྐུ་ལ་་གསོལ།  མ་འདྲིས་པའི་འགྲོ་བ་མཐའ་དག་གི་སྡུག་བསྔལ་གྱི་ཆ་ཕྲ་མོ་ཙམ་ལ་ཡང་མི་བཟོད་པའི་བརྩེ་བ་སྙིང་རྗེ་ཆེན་པོའི་རྟགས་དང་མཚན་མ་ཡོད་ཚད་བཞིན་ལ་འཛུམ་ཞིང་།  མཐོང་ན་མི་མཐུན་པ་མེད་པའི་ཞི་དུལ་བག་ཡོད་ཀྱི་འགྲོས་དང་བཅས།  འཇིགས་བསྐྱོབ་དང་།  གདུང་སེལ་གྱི་ཆེད་དུ་ཅི་ལ་ཡང་རག་མ་ལས་པར་ཆས་པ་དེ་དག་ནི།  ལན་དང་རེ་བ་ལ་མི་བལྟ་བར་མ་འདྲིས་པའི་འགྲོ་བ་མཐའ་དག་ལ་ཕན་བདེ་འབའ་ཞིག་བསྒྲུབ་པ་ལ་གཞོལ་བའི་རིང་ལུགས་པ།  གནས་སྐབས་དང་མཐར་ཐུག་གང་ལ་ཡང་བསླུ་བ་མི་མངའ་བ།  བོད་ས་ཡོངས་རྫོགས་ཀྱི་གཙུག་ལག་སློབ་གཉེར་ཁང་དེ་དག་ནས་ཕེབས་པའི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་འདུན་པ་རྣམས་རེད།  ཁོང་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་དང་དུ་བླངས་ཏེ་སྤུན་གྲོགས་སྟོང་ཕྲག་མང་པོ་ལ་མི་འཇིགས་པའི་སྲོག་གི་བསྐྱབས་སྦྱིན་མཛད།  བཀྲེས་པ་དང་།  སྐོམ་པ་དང་།  གྲང་བས་སྦྲིག་པ་རྣམས་ལ།  བཟའ་བ་དང་།  བཏུང་བ་དང།  གོན་པ་བཅས་ཅི་ཡོད་གང་ཡོད་ཀྱིས་གནད་སྨིན་གྱི་མཆོག་སྦྱིན་མཛད།  བཞུད་ཟིན་པའི་གཤིན་པོ་རྣམས་ལ་གནས་སྐབས་བར་དོའི་འཇིགས་སྐྲག་ཞི་བ་དང་།  བློ་ཁ་ལེགས་པའི་ལམ་དུ་བསྒྱུར་ནས་བདེ་འགྲོའི་རྟེན་བཟང་ཐོབ་པའི་བསྔོ་བ་དང་སྨོན་ལམ།  ཤུལ་ལུས་མི་མང་རྣམས་ཀྱི་མི་འདོད་པའི་རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་།  ཚུལ་མཐུན་གྱི་འདོད་དོན་མཐའ་དག་གེགས་མེད་བདེ་བླག་ཏུ་འགྲུབ་པའི་ཐུགས་སྨོན་དང་།  རྟེན་བཟང་རིམ་པར་བརྒྱུད་མཐར་ཐུག་གཏན་དུ་བདེ་བའི་གོ་འཕང་ཐོབ་པའི་ཐུགས་སྨོན་རྒྱ་ཆེར་མཛད།  ཁོང་རྣམས་ཀྱི་མཛད་བཟང་མངོན་པར་དཀར་བ་ནི།  ཀུན་སློང་གཞན་ཕན་བརྩེ་བ་ སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས་སྦྱོར་བ་ལ་ཞུགས་ཚེ་ལེ་ལོ་དང་ཞུམ་པའི་བསམ་པ་ཕྲ་མོ་ཙམ་ཡང་མི་མངའ་ཞིང་།  ཁྲལ་སོད་དང་ཟློས་གར་འཁྲབ་པ་ཙམ་མ་ཡིན་པར་གནད་སྨིན་གྱི་འཇིགས་བསྐྱབས་དང་གདུང་  སེལ་གྱི་བླ་ན་མེད་པའི་མཛད་རྗེས་བསྐྱངས།  ལེགས་བྱས་དེ་དག་ཀྱང་རང་ཉིད་ཀྱི་ཁེ་ཕན་དང་སྙན་གྲགས་ཀྱི་  ཆེད་དུ་མ་ཡིན་པར་མཐའ་ཡས་པའི་འགྲོ་བ་རྣམས་ཀྱི་ཕན་པ་དང་བདེ་བའི་ཆེད་དུ་བསྔོ་བ་དང་སྨོན་ལམ་རྣམ་  དག་མཛད་ཡོད་པ་རེད།  ཁོང་རྣམས་ཀྱི་བླ་ན་མེད་པའི་མཛད་རྗེས་ལ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས་ཡི་  རང་དང་སྔགས་བརྗོད་ཞུས་པ་དེ་ནི་ཡི་རང་འོས་པ་ལ་ཡི་རང་དང་སྔགས་བརྗོད་འོས་པ་ལ་སྔགས་བརྗོད་ཞུས་པ་ ཞིག་རེད། གཞུང་ལམ་གྱི་དར་སྐུད་བརྒྱུད་ནས་ཕྲེང་མ་བསྒྲིགས་པ་བཞིན་ལྗང་མདོག་གི་རླངས་འཁོར་མང་པོ་  ཞིག་སྙེག་འོང་བ་འདི་ནི་རྒྱ་ནག་སྲིད་གཞུང་གི་མྱུར་སྐྱོབ་དམག་མི་རེད།  ཁོང་རྣམ་པས་ཀྱང་ཆ་རྐྱེན་དང་སྒྲིག་  འཛུགས་ལྡན་པའི་ཐོག་ནས་མི་མང་བརྒྱ་ཕྲག་མང་པོའི་ཚེ་སྲོག་བསྐྱབས་ཡོད་པ་རེད།  དོས་བསྐྱེལ་གྱི་རླངས་འཁོར་ཆེ་ཆུང་གྲངས་ལས་འདས་པ་ཞིག་ཕྲེང་ཐག་ཆད་པ་བཞིན་ཡུལ་ཤུལ་ཕྱོགས་སུ་སྙེག་འོང་བ་འདི་ནི་ཨ་མདོའི་ས་ཁུལ་གཙོ་བོར་གྱུར་པའི་བོད་ས་སྟོད་སྨད་བར་གསུམ་དུ་གནས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཆེ་ཡོད་ཆུང་ཡོད་ཀྱི་རྩམ་པ་དང་།  མར་དང་།  གྲོ་དང་།  འབྲས་དང་།  བག་ལེབ་དང་  སྣུམ་ནག་དང་།  གྱོན་ཆས་འདྲ་མིན་དང་།  དངུལ་བཅས་ཁྱེར་ནས་གོད་ཆག་ཐེབས་ཡུལ་གྱི་རང་རིགས་སྤུན་ཟླ་རྣམས་དང་སྐྱིད་སྡུག་མཉམ་མྱོང་།  གདུང་སེམས་མཉམ་བསྐྱེད་བྱེད་དུ་འོང་བ་རྣམས་རེད།   ཡང་གཞུང་གི་ལས་རྟགས་ཅན་གྱི་དོས་བསྐྱེལ་རླངས་འཁོར་མང་པོ་ཞིག་སླེབ་འོང་བ་འདི་ཡང་གོདད་ཆག་ཐེབས་ཡུལ་ལ་གཞུང་གིས་རོགས་རམ་ཆེད་འབྲས་དང་གྲོ  སྣུམ་ནག་དང་བདེ་ཐུག  གྱོན་ཆས་འདྲ་མིན་ཁྱེར་ནས་འོང་བཞིན་པ་རྣམས་རེད།  མགོ་ལ་ཞྭ་མོ་དཀར་པོ་གྱོན་ཤིང་ལག་ཏུ་དངུལ་མང་ཉུང་ཅི་རིགས་ཁྱེར་ནས་བང་བསྒྲིགས་ནས་གཤར་བཞིན་པ་འདི་དག་ནི་ཁ་ཆེའི་མི་རིགས་རྣམས་ཀྱིས་ང་ཚོ་ལ་རོགས་རམ་ཆེད་དུ་ཞལ་འདེབས་བསྡུ་བཞིན་པ་རྣམས་རེད་འདུག  ད་དུང་། སློབ་གྲྭ་ཁག་དང་།  ཚོགས་པ་འདྲ་མིན་ཁག་མང་པོ་དང་།  གྲགས་ཅན་གྱི་མི་སྣ་མང་པོ་ཞིག་གིས་ཟང་ཟིང་གི་  སྦྱིན་པ་མང་པོ་ཞིག་གནང་ཡོད་པ་རེད།  རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོའོ་དང་སྲིད་བློན་ཝུན་ཅ་པོའོ་སོགས་དཔོན་རིགས་མང་པོ་དང་།  གྲགས་ཅན་གྱི་མི་སྣ་འགའ་ཞིག་ཡང་ཡུལ་ཤུལ་དུ་སེམས་གསོའི་ཆེད་སླེབས་ཡོད་པ་རེད།  སྐད་ཅིག་གཅིག་ལ་གོ་ལའི་ཁྱོན་དུ་ལྷང་ལྷང་དུ་གྲགས་པ་དེ་ནི།  ཞི་བདེའི་དད་དཔོན་མཆོག་གིས་ཤུལ་དུ་ལུས་པའི་ཡུལ་ཤུལ་མི་མང་ལ་སྩལ་བའི་སེམས་གསོའི་གསུང་འཕྲིན་དང་།  ཆོས་ཕྱོགས་ཁོ་ནའི་མཛད་བཟང་དང་འབྲེལ་སྐྱོ་གདུང་གིས་མནར་བའི་ཤུལ་ལུས་མི་མང་རྣམས་ལ་སེམས་གསོའི་ཆེད་གོད་ཆག་ཐེབས་ཡུལ་དུ་ཕེབས་འདུན་ཡོད་པའི་གསུང་འཕྲིན་རེད།  གཞིས་བྱེས་གང་དུའང་བཞུགས་པའི་བླ་ཆེན་མང་པོས་རླབས་ཆེན་གྱི་སྦྱིན་གཏོང་མཛད་པ་དང་།  གཞིས་བྱེས་གཉིས་ལ་དགོན་སྡེ་ཡོད་ཚད་ཀྱིས་དགོངས་ཞག་དང་བདུན་ཚིགས་ལ་བསྔོ་སྨོན་དང་མཆོད་འབུལ་རྒྱ་ཆེར་མཛད།  བྱེས་སོང་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་།  སྐྱིད་སྡུག་མཉམ་མྱོང་གི་འདུན་པས་ཆེ་ཡོད་ཆུང་ཡོད་ཀྱི་ཞལ་འདེབས་དང་།  བསྔོ་སྨོན་དང་མཆོད་འབུལ།  མགོ་བོ་སྒུར་ནས་མྱ་ངན་ཡང་ཞུ་བཞིན་འདུག    གཞིས་བྱེས་གཉིས་ཀྱི་སྨྱུག་ཐོགས་པ་དང་།  གཞེས་པ་དང་  གཞེས་མ་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་།  སྐྱིད་སྡུག་མཉམ་མྱོང་གི་རྩོམ་ཡིག་དང་།  སྐྱོ་གླུ་ནི་ཁ་བ་ འབབ་འབབ་དང་།  བུ་ཡུག་འཚུབ་འཚུབ་རེད།  བྱེས་སོང་ཡུལ་ཤུལ་མི་མང་རྣམས་ཀྱིས་ཡུལ་ཤུལ་གདུང་སེལ་ཚོགས་ཆུང་ཆེད་འཛུགས་ཐོག་ནུས་པ་གང་ཡོད་གཅིག་ཏུ་བསྡུས་ནས་རང་ཉིད་གང་དུ་གནས་པའི་ཕྱོགས་ནས་  ཞལ་འདེབས་བསྡུ་བ་དང་།  རང་ཡུལ་དུ་ས་འགུལ་གོད་ཆག་སྐབས་ཀྱི་གནས་ཚུལ་དངོས་གནས་རྣམས་དྲ་ཐོག་ཏུ་  འདྲ་པར་དང་གློག་བརྙན་དང་སྐད་ཡིག་གསུམ་གྱི་ཐོག་ནས་ངོ་སྤྲོད་དང་ཁྱབ་བསྒྲགས་གང་ཐུབ་ཐུབ་བྱས་པ་དང་།   གོང་ས་མཆོག་ལ་ཤི་གསོན་གཉིས་ཀྱི་ཆེད་དུ་ཞབས་རིམ་ཅི་དྲག་ཞུས་ནས་ཞབས་རིམ་ཡོད་ཚད་ལེགས་བསྒྲུབས་བྱས་ཡོད་པ་རེད།    ད་ནི་ང་ཚོས་ཁྱིམ་གཞི་དང་ཁོར་ཡུག་གསར་འཛུགས་བྱེད་དགོས་ལ།  དེ་ཡང་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཁང་བཟང་དང་ཁོར་ཡུག་གི་རང་མདངས་མ་ཉམས་པ་དང་།  ཕྱོགས་གཞན་ཞིག་ནས་ནང་ཁུལ་མི་མཐུན་པའི་རྒྱུ་རྐྱེན་དུ་འགྱུར་བའི་བྱ་སྤྱོད་ཀྱི་རིགས་ལ་དོགས་ཟོན་ནན་མོ་བྱེད་དགོས་གལ་ཆེ།  ང་ཚོས་ཁེ་ཕན་ཅུང་ཟད་ཀྱི་ཆེད་དུ་རང་ཚུགས་ཤོར་མི་རུང་ལ།  དཀའ་ངལ་ཕྲན་ཚེགས་ཀྱི་ཆེད་དུ་གཞན་སེམས་ཡང་དཀྲུག་མི་རུང་།  ང་ཚོ་ནི་དམིགས་ཡུལ་གཅིག་གི་ཆེད་དུ་ཐབས་ལམ་གཅིག་གི་འོག་ནས་གཡས་ཕྱོགས་དང་།  གཡོན་ལྷུང་དང་།    ཕྱིར་ལོག་གང་ཡང་མི་བྱེད་པར་དྲང་བདེན་གྱི་ཕྱོགས་སུ་སྤོབས་པ་ ་ཆེན་པོས་མདུན་བསྐྱོད་བྱེད་དགོས་པ་དང་།  འཇིགས་བསྐུལ་དང་དྲག་ཤུལ་གྱི་དྲི་མ་ཙམ་ཡང་མི་མངའ་ཞིང་ འཇིགས་པ་མེད་པའི་འཚེ་མེད་ཞི་བའི་གོམ་འགྲོས་བྱེད་དགོས་ལ།   ཁུ་སིམ་སིམ་གྱི་གོམ་འགྲོས་དེ་ནམ་ཡང་འདོར་མི་རུང་།  དགོས་མཁོའི་རིག་གནས་དེ་དག་སྦྱང་རྒྱུ་གལ་ཆེ་ཡང་མེད་དུ་མི་རུང་བ་དེ་ནི་ཕ་མེས་ནས་བརྒྱུད་པའིདྲང་བདེན་དང་བྱམས་བརྩེའི་བཟང་སྤྱོད་དེ་དག་ཉིན་རེའི་འཚོ་བའི་ནང་ལག་ལེན་བྱས་ནས་གོམས་གཤིས་སུ་འཇགས་པ་ཞིག་དགོས།  དེ་ནི་མི་ཚེའི་ནང་བདེ་སྐྱིད་ཀྱི་གཞི་རྩ་ངོ་མ་དེ་རེད་ལ།  ཤེས་ཡོན་ཀྱི་སྙིང་པོ་ཡང་དེ་ཡིན། 
བརྩོན་པའི་སྟོབས་ཀྱི་མཐར་སོན་ཤཀྱའི་སྲས། 
མཁའ་མཉམ་འགྲོ་བའི་ཕན་བདེ་འབྱུང་བའི་སྒོ 
གཅིག་ཏུ་དཀར་བའི་ལྟ་སྤྱོད་གདུགས་དཀར་ཁྱོན། 
འཇིག་རྟེན་ཀུན་ཏུ་ཁྱབ་པའི་ཤིས་པ་སྩོལ། 
རྩྭ་ཐང་དྲག་ཏུ་གཡོས་པའི་འདུ་བྱེད་ལས། 
ལྔ་པའི་ལམ་དུ་བདས་པའི་གཤིན་པོ་རྣམས། 
བར་དོའི་འཕྲང་ལས་བསྐྱོབས་པའི་ཐུགས་རྗེ་ཅན། 
མགོན་པོ་འོད་དཔག་མེད་ཀྱིས་ལམ་སྣ་དྲོངས། 

1 comment:

  1. རླངས་འདྲེ་བཀོལ20 June 2011 at 04:50

    རག་ཤུལ་དཔལ་ལྡན་གྱི་ཕ་ཡུལ་ས་འོག་ཏུ་ཤོར་བའི་གནས་སྟངས་དམར་དམར་རྗེན་རྗེན་དང་ཤུལ་ལུས་དག་གི་མ་འོང་པའི་འཚོ་ཐབས་དང་
    ཕ་མེས་དང་ཡང་མེས་དག་གི་སྲོལ་བཟང་རྒྱུན་འཛིན་བྱེད་ཕྱོགས་སོགས་ཀྱི་ཐད་གནད་ལ་ཕོག་པ་དང་རྣམ་དཔྱོད་ཅན་གྱི་རྩོམ་ཡིག་ཤིག་སྤེལ་འདུག་པས་ཁྱོད་ཀྱི་ཕུགས་འདུན་དང་རེ་བ་དེ་དག་ང་ཡི་ཡིད་ངོར་གཟུགས་བརྙན་བཞིན་བཀྲ་ལམ་ལམ་དུ་ཤར་བྱུང་།
    ཁོ་བོ་ཡང་ཤ་ཁྲག་རུས་གསུམ་རྩ་ཐང་ནས་རྒྱས་ཤིང་ལྟེ་ཁྲག་དངས་མ་གངས་རི་ཡི་ཞོལ་དུ་འཕོས་པའི་མི་བུ་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་བསྐྱེད་དང་ཡུལ་ཤུལ་བ་སྔར་ལས་ལྷག་པའི་བདེ་སྐྱིད་ལྡན་ལ་འབྱོར་ཕྱུག་ལྡན་པའི་སྣང་བརྙན་གྱི་བསྐྱར་འཛུགས་གསར་པ་ཞིག་མིག་ལམ་དུ་ཤར་བའི་སྨོན་འདུན་ཡོད།
    རང་ལ་མི་ལྟོས་གཞན་གྱི་ཆེད་དུ་མི་ལོ་ཐེར་འབུམ་དཀའ་སྡུག་སྤྱད།།
    གཞན་གྱི་ཆེད་དུ་མེ་མར་འོབས་ལ་འགྲེ་ལྡོག་དགོས་ཀྱང་ཡ་མི་ང་།།
    སེམས་ལྡན་གཞན་གྱི་ཕྲ་མོའི་སྡུག་བསྔལ་ཚེར་མ་ཟུགས་པའི་ན་ཟུག་ཙམ།།
    སེལ་བར་ནུས་ན་ཡ་ལས་ཧམ་སྤྱོད་ཅི་འདྲ་དགོས་ཀྱང་ཡི་མི་ཆད།།
    ཤལ་མ་ལི་ཡི་མཚོན་ཆ་རྣོན་པོས་རང་སྲོག་བཅད་ཀྱང་དཔའ་མི་ཞུམ།།
    བསྐལ་པ་དུ་མར་གཞན་ཕན་ཆེད་དུ་རང་ལ་སྡུག་ལས་སྣ་དགུ་བཏང་།།
    དོན་ལྡན་དཔའ་བོའི་ཡོན་ཏན་དེ་དག་མངོན་གྱུར་ཕྱུང་བའི་ནུས་ལྡན་ན།།
    དེ་རིང་རེ་དོན་སང་ཉིན་མ་བསྐྱུར་ཐུགས་རྗེའི་གློགས་ཞགས་ད་འཁྱུགས་ཤིག།

    ReplyDelete