Wednesday 18 May 2011

དཔལ་ཐང་གནམ་གྲུ་ཐང་། མི་རྐང་གླིང་བུ།




ཡུལ་ཤུལ། དཔལ་ཐང་གནམ་གྲུ་ཐང་། འདི་ནི་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ནས་ཆེད་དུ་དམིགས་ནས་བཟོས་པའི་དེང་རབས་ཀྱི་ལས་གཞི་གྲས་ཞིག་རེད། དེ་ཡང་ཕྱི་ལོ་༡༩༥༢ལོར་དཔལ་ཐང་གནམ་གྲུ་ཐང་འདི་རྒྱ་དམག་གི་བཀོད་འདོམས་འོག་ཉིན་རེ་རྒྱ་སྒོར་གསུམ་རེ་གླ་ཆ་སྤྲད་ནས་ཉེ་འཁོར་ཞིང་འབྲོག་ཕོ་མོ་ལས་ཀ་བཀོལ་ཏེ་ལོ་དེའི་སྟོན་མཇུག་ཏུ་གྲུབ། འདི་ལ་དམིགས་བསལ་དེང་རབས་ཀྱི་ཡར་ཐོན་གྱི་རྣམ་པ་གང་ཡང་མེད་ཅིང་། དམག་འཐབ་ཁོ་ན་དམིགས་པ་ལས་གཞན་མི་མང་འགྲིམ་འགྲུལ་དང་། དངོས་རྫས་དབོར་འདྲེན་སོགས་ཀྱི་ལས་ཀ་དམིགས་ཡུལ་མེད་པ་རེད། དེ་ལྟར་གྲུབ་རྗེས་སུ་དམག་འཐབ་གནམ་གྲུ་འགའ་ཞིག་འདིར་གནས་བཅས་ནས་བྱང་ཁ་སོགས་སུ་ཡོད་པའི་ཆུ་བཞི་སྒང་དྲུག་གི་ལས་དམག་དང་། གཞན་ཡང་བོད་ཀྱི་འཇབ་དམག་རྣམས་དུས་མིན་དུ་རྒོལ་བརྡུང་བྱེད་སྤྱད་ཀྱི་ལྟེ་བ་ཞིག་བཅས་ཡོད་འདུག གཙོ་བོ་གནམ་གྲུ་གཉིས་ཡོད་འདུག་ཅིང་དེ་གཉིས་རེས་མོས་ཀྱི་བྱང་ཁའི་ཕྱོགས་ལྷག་པར་རྫ་ཆུའི་མགོ་ཁུངས་ཕྱོགས་དེར་སྐོར་བསྐྱོད་ཡང་ཡང་བྱེད་ནས་ཡུལ་མི་ཉེས་མེད་དང་། འཇབ་དམག་སོགས་ལ་གནམ་ཐོག་ནས་རྒོལ་བརྡུང་ནན་པོ་བྱེད་བཞིན་ཡོད་འདུག
སྐབས་དེར་རྒྱ་དམག་གི་ཤིང་རྟའི་ཁ་ལོ་བ་ཀརྨ་རྡོ་རྗེ་ནས་ཕྱིར་དྲན་བྱས་དོན། "ང་སྐབས་དེར་དམག་སྒར་དུ་རླངས་འཁོར་རིགས་མང་པོ་མེད་པས་བཟའ་བཅའ་དང་། དངོས་རྫས་དབོར་འདྲེན་བྱེད་པའི་ཤིང་རྟའི་ཁ་ལོ་བ་ཡིན། ང་ཚོའི་དམག་སྒར་ལ་མདོག་མཐིང་ནག་ཅན་གྱི་གནམ་གྲུ་གཉིས་ཡོད་པ་རེད་ལ་དེ་གཉིས་རེས་མོས་ཀྱིས་ཞོགས་པའི་སྐབས་དེར་ས་ཕྱོགས་གང་ཞིག་ཏུ་བསྐོར་བསྐྱོད་བྱེད་ནས་དགོང་མོ་ཕྱིར་ཡོང་གིན་ཡོད་པ་རེད། ཉིན་ཞིག་གནམ་གྲུ་ཁ་ལོ་བས་བཤད་དོན། "སང་ཉིན་ངས་བྱང་ཁའི་ཕྱོགས་སུ་བསྐོར་བསྐྱོད་ཅིག་བྱེད་ནས་ཁོང་ཚོ་ལ་བྱ་སྒོང་(སྒྱོགས་འདེལ་)ཁ་ཤས་བརྔན་པ་སྤྲོད་རྒྱུ་ཡིན།" ཞེས་འུར་ཤོབ་བཤད་བཞིན་འདུག་ཟེར།  གང་ལྟར་ཕྱི་ཉིན་སྔ་མོ་ནས་གནམ་གྲུ་བར་སྣང་དུ་བཀྱག་ཟིན་རྗེས་དེ་ནས་ཕྱིར་གནམ་ཐང་འཁོར་ཡོད་པ་མ་རེད།  ཟེར། རྗེས་སུ་བོད་དམག་གིས་གཏོར་བ་ཡིན་པར་ཤེས་བྱུང་།" ཁོས་ང་ལ་བཤད་མྱོང་། ད་འོ་ན་གནམ་གྲུ་དེ་ཇི་ལྟར་དུ་ཕྱིར་གནམ་ཐང་འདིར་མ་འཁོར་བ་རེད་ཅེས་ཞུས་ན། དེའི་དགོང་མོ་འུར་ཤོབ་བཤད་པ་ལྟར་ཕྱི་ཉིན་སྔ་མོ་ནས་བར་སྣང་དུ་འཕུར་ཏེ་བྱང་ཁའི་ཕྱོགས་སུ་གཞུར། དེང་ཡུལ་ཤུལ་བོད་རིགས་སྐྱོངས་ཁུལ་གྱི་མངའ་ཁོངས་རྫ་སྟོད་རྫོང་དགོ་གཞུང་ཞེས་པའི་འབྲོག་ཐང་དེར་ཡིན་འདུག ཆུ་བཞི་སྒང་དྲུག་གི་དམག་དང་། གཞན་ཡང་བྲོས་བྱོལ་དུ་ཕྱིན་པའི་འཇབ་དམག་སོགས་ལ་ནམ་མཁའ་ནས་སྒྱོགས་མདེལ་གཡུགས་བཞིན་ཡང་དང་ཡང་དུ་རྒོལ་བརྡུང་བྱས་པའི་སྐབས་དེར། ཆུ་བཞི་སྒང་དྲུག་གི་གཙོས་པའི་ལས་དམག་རྣམས་ཀྱིས་མེ་མདའ་བརྒྱབས་ཏེ་ཀི་རིང་བཏབ། ཁོ་ཡང་ཁོང་ཁྲོ་ལངས་ནས་སླར་ཡང་བསྐོར་བསྐྱོད་བྱེད་ཅིང་རྒོལ་ལན་སློག་པའི་བར་དེར་བོད་དམག་རྣམས་ཀྱིས་མེ་མདའ་གང་བྱུང་དུ་བརྒྱབ་པས་ནམ་ཞིག་ནས་གནམ་གྲུའི་འོག་གི་ཕྱོགས་དེར་དུ་བ་ནག་ལོང་ལོང་ཞིག་འཕྱུར་ཞིང་གཡས་འདར་གཡོན་སྐྱོམ་བྱེད་བཞིན་ཆེས་རྒྱང་རིང་གི་ལུང་གཤོངས་ཤིག་ཏུ་ས་ལ་བརྡབས་འདུག་ཟེར། བོད་དམག་རྣམས་ཀི་རིང་འདེབས་བཞིན་རྟ་སུ་མགྱོགས་ཀྱིས་རྒྱུགས། འགྲམ་དུ་སླེབས་པའི་སྐབས་སུ་གནམ་གྲུ་ནང་ནས་མི་གསུམ་ཡོད་པའི་གཅིག་ཤི་ཟིན་ནའང་། གཉིས་ད་དུང་གསོན་པོར་གནས་ཡོད་པས་དེ་གཉིས་ཀྱིས་མེ་མདའ་སྦག་སྦག་དེ་འདྲ་བ་སྤྱད་ནས་བོད་དམག་རྣམས་འཁྲིས་སུ་བཅར་མ་བཅུག་པའི་སྐབས་དེར། དགེ་རྒྱས་ཕྱོགས་ནས་མི་གཉིས་དང་། རག་ཤུལ་ཕྱོགས་ནས་མི་གཅིག་བཅས་མི་གསུམ་གཡུལ་དུ་ཤི། བོད་དམག་སྐོར་ཅིག་མདུན་ཕྱོགས་ནས་ཁོ་ལ་གདོང་ལེན་བྱས་ཤིང་། འགའ་ཞིག་རྒྱབ་ཕྱོགས་ནས་གསང་སྟབས་ཀྱིས་སླེབས་ནས་ཁོ་པ་གཉིས་མཚོན་གྱིས་བསད། སྐྱབས་བཅོལ་ནང་དུ་དམིགས་ཡུལ་ཅི་རིགས་པའི་ཆེད་དུ་གནམ་གྲུ་ངས་གཏོར་བ་ཡིན་ཟེར་མཁན་ཡོད་ཚོད་འདུག་ཀྱང་ད་ནི་ཡིད་ཆེས་ཐབས་མེད་དེ། མི་མང་བརྒྱ་ཕྲག་མང་པོས་མེ་མདའ་གང་བྱུང་དུ་བརྒྱབ་པས་སུས་ཕོག་པ་ཤེས་མི་སྲིད་པའི་ཕྱིར་རོ། དེ་ནི་བོད་རྒྱ་གཉིས་དམག་འཐབ་ཁྲོད་དུ་བོད་དམག་གིས་རྒྱ་དམག་གི་གནམ་གྲུ་གཏོར་བ་ཆེས་ཐོག་མ་དེ་ཉིད་ཆགས་ཡོད་པ་རེད། དེ་ནས་བཟུང་སྟེ་རིམ་གྱིས་དཔལ་ཐང་གནམ་གྲུ་ཐང་འདིར་གནམ་གྲུ་འཕུར་འབབ་ཀྱི་མཚམས་ཀྱང་ཆད་འདུག

དེ་ནས་ཕྱི་ལོ་ ༢༠༠༧ ལོའི་ཟླ ༡ ཚེས་ ༢༩ ཉིན། རྒྱ་ནག་དབུས་གཞུང་ནས་ཡུལ་ཤུལ་གནམ་གྲུ་འབབ་ཐང་བསྐྱར་བཅོས་བྱེད་རྒྱུར་ཆོག་མཆན་སྤྲད།  ༢༠༠༧ ལོའི་ཟླ་ ༥ ཚེས་ ༡༦ ཉིན།  དངོས་སུ་ལས་མགོ་ཚུགས། ༢༠༡༥ ལོར་མགྲོན་པོ་འགྲོ་འོང་བྱེད་ཚད་དེ་མི་ཐེངས་ཁྲི་བརྒྱད་ལ་སླེབས་སུ་འཇུག་ཐུབ་པ་སོགས་ཀྱིས་ཚོད་དཔག་བྱས། ཕྱི་ལོ་ ༢༠༠༩ ལོར་ཟླ་ ༥ བའི་ཚེས་ ༢༩ ཉིན། རྒྱ་ནག་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཚོད་འཕུར་ཞིབ་བཤེར་ལྟེ་གནས་ནས་ཡོང་བའི་ཞུ་དག་ཞིབ་བཤེར་གནམ་གྲུ་གཉིས་སྔ་རྗེས་སུ་གསར་དུ་བཙུགས་པའི་དཔལ་ཐང་གནམ་གྲུ་ཐང་དུ་བབས། དེ་ནས་རིམ་བཞིན་གནམ་གཤིས་སོགས་རྒྱུན་ལྡན་གྱི་སྐབས་སུ་གནམ་གྲུ་ཐེངས་རེ་ཟི་ལིང་གི་བར་དུ་འབུད་འཇུག་བྱེད་ཀྱིན་ཡོད་པ་དང་། ད་ལོ་ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་ནས་བཟུང་། ཉིན་རེ་གནམ་གྲུ་གཉིས་རེ་འབུད་འཇུག་བྱེད་ཀྱི་ཡིན་པར་བསྒྲགས། རྗེས་སུ་སྐྱེ་རྒུ་ནས་ཟི་ཁྲོན་ཁྲི་འདུ་དང་། སྐྱེ་རྒུ་ནས་ལྷ་སའི་བར་དུའང་གནམ་གྲུ་བཀོད་སྒྲིག་བྱེད་པའི་འཆར་གཞི་འདིང་བཞིན་ཡོད་པར་བཤད།
གནམ་གྲུ་འབབ་ཐང་འདི་དེང་སང་གི་བཤད་སྟངས་བྱས་ན། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གཙང་པོ་གསུམ་གྱི་མགོ་ཁུངས་སྟེ། ཡུལ་ཤུལ་ཁུལ་ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་རྡལ་དཔལ་ཐང་ཞང་དུ་ཡོད་ལ།   དེ་ཡང་ཁུལ་སྲིད་གཞུང་གནས་སའི་སྐྱེ་རྒུ་གྲོང་རྡལ་དང་བར་ཐག་སྤྱི་ལེ་ ༢༦ གི་སར་ཡོད། གནམ་གྲུ་འབབ་ཐང་དེ་མཚོ་ངོས་ལས་སྨིས་ ༣༩༠༥ ཡོད་པས། དེ་ནི་ད་ཡོད་བོད་ཡུལ་གྱི་གནམ་ཐང་ལས་མཐོ་ཚད་ཀྱིས་ཨང་གསུམ་པ་ཟིན་སྐད།

གནམ་ཐང་འདི་ན་ནིང་ས་འགུལ་གྱི་སྐབས་སུ་རྨས་མ་མང་པོ་རྒྱ་གཏིང་དུ་དབོར་འདྲེན་བྱེད་སྐབས་ཚེ་སྲོག་གི་རྒྱུ་ལམ་ལྟ་བུ་ཆགས་ནས་ཡུལ་མི་རྣམས་ལ་ཕན་ཐོགས་ལེགས་པར་བྱུང་འདུག

No comments:

Post a Comment