Monday 16 May 2011

བསམ་ཞིང་བསམ་ན་སྐྱོ་བའི་མིག་ཆུ་ཞིག ཨ་ཀ་སྤེན་པ། འབྲས་བློ་གླིང་།



/༡༤ ཁམས་སྐྱེ་དགུ་མདོའི་ས་འགུལ་དང་། ས་འགུལ་གྱི་མཇུག་འབྲས་ལ།
ཐར༵་ལམ་རྩ་བ་སྟོན་མཛད་སང༵ས་རྒྱས༵་མཆོག །
ཐར༵་པའི་ལམ་བཟང་ལུང་རྟོགས་དམ་པའི་ཆོ༵ས། །
ཐར༵་འདོད་འདི་ཕྱིའི་གྲོགས་མཆོག་དགེ༵་འདུ༵ན་སྡེ། །
ཐར༵་འདོད་རྣམས་ཀྱི་སྐྱབས་ཡུལ་གསུམ་ལ་བསྔགས། །
སྤྱིར་ན་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ཆེར། །
མི་འདོད་གཉེར་མ་ངང་གིས་འཁོར་བ་འདིར། །
འཁོར་བའི་ཆོས་ཉིད་ཅིག་ཏུ་གྲུབ་པ་ལས། །
མི་འདོད་སྣ་གཉེར་གཟེད་པའི་གནས་མ་ཡིན། །
འོན་ཀྱང་གངས་ཅན་པ་ཡི་ལས་དབང་དང་། །
ལྷག་པར་སྐྱེ་དགུ་མདོ་ཡི་དེ་རིང་འདི། །
སྲིད་པའི་སྡུག་བསྔལ་འདི་ལས་བརྒལ་སོང་བས། །
ལས་འབྲས་ཅི་ཞིག་བསྣོགས་སམ་དཀོན་མཆོག་ཀྱེ། །
གོ་ལ་ཧྲིལ་པོ་འདི་ཡི་ཕྲག་གོང་སྟེང། །
མི་འབོར་འབུམ་ཐེར་དྲུག་ཅུའི་གནས་འཆའ་ཡང་། །
གདོང་དམར་བོད་པའི་སྡུག་ཐོག་སྡུག་རྩེག་འདི། །
འཁོན་ལན་ཅི་ཞིག་ཡོད་པ་ངས་མི་ཤེས། །

ཉི་མའི་དྲོད་ཁོལ་ཁྱིམ་དུ་མ་འཕོས་གོང། །
ས་གཞི་ཧད་ཀྱིས་འགུལ་བའི་རྐྱེན་ངན་དེས། །
སྐྱེ་དགུ་མདོ་ཡི་གནམ་ས་སློག་པ་དེར། །
བསམ་ཞིང་བསམ་ན་སྐྱོ་བའི་མིག་ཆུ་ཞིག །
ཁ༵་སང༵་གཙུག་ལག་སྨྲ་བའི་ཆོས་གྲྭ་ཆེར། །
དེ༵་རིང༵་བསྔོ་སྨོན་གསུང་པའི་དུར་ས་ཞིག །
སང༵་ཉིན༵་ཆོས་སྒྲ་དབེན་པའི་ཡུལ་ཤུལ་དེར། །
བསམ་ཞིང་བསམ་ན་སྐྱོ་བའི་མིག་ཆུ་ཞིག །
ཁ༵་སང༵་བོད་ཀྱི་སྲོལ་རྒྱུན་ཁང་དབྱིབས་ཅན། །
དེ༵་རིང༵་ཐལ་རྡུལ་འཚུབ་པའི་གྱང་རལ་ཞིག །
སང༵་ཉིན༵་རྒྱ་ཁང་སྟར་དུ་བསྒྲིག་པ་དེར། །
བསམ་ཞིང་བསམ་ན་སྐྱོ་བའི་མིག་ཆུ་ཞིག །
ཁ༵་སང༵་ཀ་ཁ་ཀློག་པའི་སློབ་གླིང་དེ། །
དེ༵་རིང༵་ངུ་འབོད་སྟོང་གིས་གནམ་ས་འགེང་། །
སང༵་ཉིན༵་རྒྱ་ཡིག་འདོན་པའི་འུར་སྒྲ་དེར། །
བསམ་ཞིང་བསམ་ན་སྐྱོ་བའི་མིག་ཆུ་ཞིག །
ཁ༵་སང༵་འབྲོག་ས་སྐྱིད་པའི་རྩྭ་ཐང་དེ། །
དེ༵་རིང༵་མི་རོ་སྟོང་གིས་བཅལ་དུ་བཀྲམ། །
སང༵་ཉིན༵་ས་བདག་རྒྱ་ཡིས་བྱེད་པ་དེར། །
བསམ་ཞིང་བསམ་ན་སྐྱོ་བའི་མིག་ཆུ་ཞིག །
ཁ༵་སང༵་བོད་གོས་གྱོན་པའི་ཕྲུ་གུ་དེ། །
དེ༵་རིང༵་ཕ་མ་མེད་པའི་དྭ་ཕྲུག་ཅིག །
སང༵་ཉིན༵་རྒྱ་ཡུལ་འགྲིམ་པའི་ཡ་མ་ཟུང་། །
བསམ་ཞིང་བསམ་ན་སྐྱོ་བའི་མིག་ཆུ་ཞིག །
ཁ༵་སང༵་མཛེས་སྡུག་ལྡན་པའི་སྐྱེ་དགུ་མདོ། །
དེ༵་རིང༵་མྱ་ངན་བྱེད་པའི་ཡུལ་ཤུལ་ཏེ། །
སང༵་ཉིན༵་ཆབ་སྲིད་པ་ཡིས་ལག་ཆ་ལ། །
བསམ་ཞིང་བསམ་ན་སྐྱོ་བའི་མིག་ཆུ་ཞིག །
ཁ༵་སང༵་བདེ་སྐྱིད་ལྡན་པ་ལས་ཀྱིས་འབྲས། །
དེ༵་རིང༵་སྡུག་བསྔལ་འདི་ཡང་ལས་འབྲས་ཞེས། །
སང༵་ཉིན༵་ཅི་ཡོང་ལས་ལ་མ་སྒུག་པར། །
མདུན་སྐྱོད་གོམ་ཁ་སྤོས་ཤིག་སྤུན་ཟླ་ཚོ། །
སྐྱབས་གནས་ཀུན་འདུས་དྲིན་ཅན་བླ་མ་མཆོག །
ཁྱོད་ཀྱིས་བཏང་སྙོམས་མཛད་པ་མ་ལགས་ན། །
ཉམ་ངའི་གཡང་དུ་ལྷུང་བའི་ཡུལ་ཤུལ་བ། །
སྐྱབས་པའི་དུས་ལ་བབ་འདུག་བླ་མ་ཀྱེ། །
ཡ་གི་ཁྲི་ཐོག་འགྱིང་པའི་སྤྲུལ་སྐུའི་ཚོགས། །
སྐྱེས་རབས་ཕྲེང་བ་རིམ་གྱིས་འཛིན་པ་ཡིས། །
འགྲོ་རྣམས་འདྲེན་པའི་མཐུ་རྩལ་མཆིས་ལགས་ན། །
སྐྱེ་དགུ་མདོ་ལ་གཟིགས་ཤིག་སྤྲུལ་སྐུ་ཚོ། །
ངུར་སྨྲིག་ན་གཟའ་མནབས་པའི་རབ་བྱུང་ཚོགས། །
བདག་གཞན་མཉམ་བརྗེའི་སེམས་བསྐྱེད་མཛད་ལཊ་ན། །
ཤ་ཁྲག་གཅིག་པའི་ཡུལ་ཤུལ་སྤུན་ཟླ་ཚོར། །
གཟིགས་ཤིག་གཟིཊ་ཤིག་སྐྱབས་ཡུལ་དགེ་འདུན་ཚོ། །


                                                  ཁ་གདང་མཆེ་བ་གཙིགས་པའི་དམ་ཅན་ཚོགས། །
ཉིན་སྲུང་བྱ་ར་མཚན་སྲུང་མེལ་ཚེ་ཡིས། །
ལས་འབྲས་ཅན་ལ་རྟག་ཏུ་གཟིགས་ལགས་ན། །
སྐྱེ་དགུ་མདོ་ལ་མ་གཟིགས་ཅི་བྱེད་ཁྱེད། །
ལེགས་བྱས་ཅུང་ཟད་བགྱིས་པའི་འབྲས་བུ་ལ། །
ང་དང་ང་ཡིས་ཟེར་ནས་ངོ་སོ་དང་། །
ཉམ་ཐག་དཀའ་སྡུག་ཕྲན་བུ་ཕྲད་པའི་ཚེ། །
ཐམས་ཅད་ལས་འབྲས་འགོ་ལ་མ་གཡོགས་ཤིག། །

དཀའ་སྡུག་སྣ་ཚོགས་ཅི་ཞིག་ཕྲད་ན་ཡང་། །
སྐྱིད་སྡུག་མཉམ་དུ་མྱོང་བའི་ཆོད་སེམས་ཀྱིས། །
མ་འོངས་གངས་ལྗོངས་གསར་པའི་འཛུགས་བསྐྲུན་ཆེད། །
དཔུང་པ་མཉམ་དུ་སྒྲིགས་དང་སྤུན་ཟླ་ཚོ། །                      

 ༢༠༡༡// ༡༥ ཉིན་ཨ་སྤེན་ནས་རང་ཤག་ཏུ་བྲིས་སོ།

No comments:

Post a Comment