ང་ཚོས་རང་གི་མིག་ཟུང་རྒྱང་རིང་དུ་བསྲིངས་ཏེ། སེམས་ཁོང་དུ་འཇིག་རྟེན་ཡོད་དགོས་ལ། ང་ཚོས་
རང་གི་གོམ་ཁ་མདུན་ནས་མདུན་དུ་སྤོས་ཏེ། མི་དམངས་ཀྱི་ཕྱོགས་སུ་བསྐྱོད་དགོས། ང་ཚོས་རང་གི་
བརྩེ་སེམས་དང་སྟོབས་ཤུགས་ཀྱི་ལག་རྡང་གཅིག་ཏུ་སྦྲེལ་ཏེ། འགྲོ་བ་མི་རིགས་ཀྱི་བདེ་སྡུག་དང་
དགའ་སྐྱོ་མཐོང་སར་འགྲེང་དགོས། འདི་ནི་འགྲོ་བ་མི་རིགས་ཀྱི་གདོད་མའི་འགན་འཁྲི་དང་ཁག་
ཁུར་དང་པོ་དེ་རེད་འདོད།
དེའི་སྟབས་ཀྱིས་ང་ཚོ་རྩོམ་པ་པོ་དང་ཤེས་ཡོན་པ། སྙན་ངག་པ་རྣམས་ཀྱིས་ཀྱང་རང་གི་སྙན་ངག་
གི་ཕོ་བྲང་དང་སྒྱུ་རྩལ་གྱི་གཞན་ཡས་ཁང་བར་སྣང་དུ་མི་བཞེངས་པར་ནམ་ཡང་རང་གི་སྤྱི་ཚོགས་
ཀྱི་ཁྲོད་དུའབུ་དགོས་ལ། མི་དམངས་ཀྱི་སེམས་ཁམས་དང་སྐྱོ་གདུང། དཀའ་ཚེགས་དང་བདེ་སྡུག་གི་
ཉེ་སར་གཅར་དགོས། ད་རེས་ང་ཚོ་གདོང་དམར་ཚང་ལ་རང་བྱུང་གི་ཆག་འཇིག་དང་གཡོ་སྐྱོམ་གྱི་
རྦ་རླབས་དྲག་ཏུ་འཕྱོ་ཞིང་གོད་ཆག་དང་གཏོར་བཅོམ་གྱི་མེ་དཔུང་དགུང་ནས་འཕྱུ་ཏེ་གནོད་སྐྱོན་
དང་ཉམས་རྒུད་ཚབས་ཆེན་བྱུང་བའི་སྐབས་འདིར། ང་ཚོ་བོད་ཕྱི་ནང་གི་སྙུག་ཐོགས་པ་རྣམས་ཀྱིས་
ཀྱང་སྙིང་གི་ཁྲག་ལམ་བརྒྱུད་དེ་སྨྱུག་ཁའི་ཡང་རྩེ་ནས་བརྡོལ་བའི་སྙན་ངག་གི་འོད་སྣང་འདིས། མི་
ཆེན་དབང་ཆེན་དང་རྒྱུ་ཆེན་གྲགས་ཆེན་སོགས་ཆེ་ཆེ་དྲག་དྲག་དག་གི་ངོ་སྲུང་དང་ཆེ་བ་མ་བརྗོད་
པར། གདོང་དམར་ཚང་གི་ཆག་འཇིག་གི་རླུང་འཚུབ་དང་གོད་ཆག་གི་བཙག་རླུང་གིས་དེད་ནས་
འོངས་པའི་མིག་མཆི་དང་ན་ཟུག མཁུན་སྒྲ་དང་ངུ་འབོད། དཀའ་སྡུག་དང་སྐྱོ་གདུང་རྣམས་སྙིང་གི་
རུས་གསེང་དུ་བཅུག་ནས་སྤྱི་བོའི་གཙུག་ཏུ་འགྲེང་སྟེ་འགྲིན་པའི་ངག་སྒོ་ནས་དལ་མེད་ལྷོད་མེད་དུ་
གྱེར་་ནི་སྙུན་ཐོགས་པ་རྣམས་ཀྱི་གཟི་བརྗིད་རེད་ལ་དེབ་འདིའི་གཟི་བརྗིད་ཀྱང་རེད་བསྙམ།
རྩོམ་པ་པོ་རྣམས་ཀྱིས་རང་གི་མི་རིགས་ཀྱི་བདེ་སྡུག་ལ་དོ་ཁུར་བྱེད་པའི་ལྷག་བསམ་དང་། དུས་
རབས་ཀྱི་འཕར་རྩ་མཐུག་པོར་འཛིན་པའི་སྙིང་སྟོབས། རང་གི་མི་རིགས་ཀྱི་འདས་མ་ད་གསུམ་གྱི་
བདེ་སྡུག་ཕྲག་ཏུ་ལེན་པའི་བློ་སྤོབས་དང་། སེམས་ཁོང་གི་ན་ཟུག་དྲག་ཏུ་མཆེད་པའི་ཚ་ལམ་ལེམ་གྱི་
སྙན་ངག་འདི་དག་གིས་ང་ཚོ་ལ་ཚེ་སྲོག་གསར་བ་ཞིག་དང་། མིག་མདུན་དྭངས་མ་ཞིག གཞི་ཁྱིམ་
དྲོད་མོ་ཞིག་སྩོལ་ངེས།
ཡང་གཅིག་བཤད་ན་ང་ཚོའི་སྤྱི་ཚོགས་འདི་ཕྱོགས་ཞེན་འཐེན་འཁྱེར་དང་འུད་སྒྲོགས་གཡམ་
རྒྱུགས་ཀྱི་ལམ་ལུགས་ཤིག་གི་རྗེས་སུ་འབྲང་སྟེ། བླ་ཆེན་དཔོན་ཆེན་དང་དབང་ཆེན་རྒྱུ་ཆེན་ཞིག་
འདས་་རྗེས་དེ་ལ་མྱ་ངན་རྗེས་དྲན་གྱི་དཔེ་དེབ་ཅིག་དང་ཡང་སྤྲུལ་ཞིག་གཏན་ཁེལ་བ་རེད། ཡིན་
ན་ཡང་། མི་དམངས་དཀྱུས་མ་དག་གི་ཚེ་སྲོག་ལ་ཆག་འཇིག་དང་གཏོར་རྒོལ་ཚབས་ཆེན་བྱུང་སྟེ་
འཆི་ལམ་དུ་བརྫངས་ནའང་དེ་ལ་མྱ་ངན་གྱི་དཔེ་དེབ་ཅིག་ ཀྱང་བཏོན་མྱོང་མེད་པ་ནི་བློ་ཕམ་པ་
དང་ཞེ་སྨྲེང་བ་ཞིག་རེད། འོན་ཀྱང་ད་རེས་བོད་ཕྱི་ནང་གི་རྩོམ་པ་པོ་ཡོངས་ཀྱིས་རྗེ་ཁོལ་གཉིས་ཀྱི་
ཚེ་སྲོག་གི་རིན་ཐང་ཁྱད་མེད་དུ་བརྩིས་ཤིང་། དཔོན་འབངས་གཉིས་ཀའི་བདེ་སྡུག་འདྲ་མཉམ་དུ་
བལྟས་ཏེ་སྨྱུག་རྩེ་ཡི་མདུང་ཁ་གཟུར་གནས་ཀྱིས་ང་ཚོ་སྒང་པ་ཚང་གི་ད་ཐེངས་ཀྱི་སྐྱོ་སྡུག་དང་ན་
ཟུགལ་གཏད་པ་ནི་ང་ཚོ་ལ་ཚེ་སྲོག་གསར་བ་ཞིག་འབུ་བའི་སྔ་ལྟས་རེད་ལ་དེབ་འདིའི་འོད་སྣང་
ཞིག་ཀྱང་རེད།
དེར་བརྟེན་གྲྭ་རྐྱང་ངེད་གཉིས་ཀྱིས་ཀྱང་འཛད་མེད་ཀྱི་མྱི་ཁ་རྒོད་པོར་མ་འཛེམས་པར་ཟོལ་རྫུ་དང་
གསོག་གསོབ་ཚུལ་འཆོས་ཀྱི་དུག་རླངས་ཀྱིས་མ་སྦས་པར་བཀུར་སྟི་དང་སྙན་གྲགས་འཚོལ་བའི་
སེམས་ངལ་ཡེ་ནས་མེད་པར་མིག་མཆི་དང་སྐྱོ་གར་ཞིག་གིས་འགྱོད་གདུང་དང་ན་ཟུག་ཅིག་གིས་
རྨང་ནས་སྒུལ་ཞིང་ཙན་གྱིས་དེད་དེ་༼མགོ་བོ་བཏུད་དེ་མྱ་ངན་ཞུ༽་ཞེས་བའི་དཔེ་དེབ་འདི་འདོན་
པའི་ལས་འགོ་བརྩམས་པ་ཡིན།
འདི་ནི་རང་བྱུང་ཆག་འཇིག་གི་ཁྲོད་ནས་ཕ་གཞི་དྲོད་མོ་དང་གྱེས་བྲལ་དུ་སོང་བའི་ཚེ་སྲོག་ལ་མྱ་
ངན་ཞུ་བའི་སྒྲོན་མེ་ཡིན་ལ། འདི་ནི་སྐྱོ་གདུང་དང་ན་ཟུག་གི་སྦྲིད་པའི་ཤུལ་ལུས་དག་གི་སེམས་ཀྱི་
རྨ་ཁ་གསོ་བའི་བྱམས་བརྩེའི་བདུད་རྩི་ཡིན། འདི་ནི་ནང་མི་སྐྱེ་དགུ་བར་གྱེར་བའི་སེམས་ཀྱི་གདུང་
དབྱངས་ཡིན་ལ། འདི་ནི་སྤུན་ཟླ་སྐྱེ་དགུ་བའི་མདུན་ནས་བཞུར་བའི་སེམས་ཀྱི་མིག་མཆི་ཡིན། འདི་
ནི་རྩོམ་པ་པོ་ཡོངས་ཀྱི་ཤ་གསེང་རུས་གསེང་ནས་མཆེད་པའི་སྙིང་གི་སྐད་ཆ་ཡིན་ལ། འདི་ནི་སྐྱེ་
དགུ་བ་སྐྱོ་སྡུག་དང་ན་ཟུག་གིས་གཟེར་བའི་འགྲིན་པའི་ངུ་འབོད་ཡིན། འདི་ནི་གྲྭ་རྐྱང་གཉིས་ཀྱིས་
སྐྱེ་དགུ་བ་ཚོར་སྙིང་གི་རུས་གསེང་ནས་ཕུལ་བའི་ཡིད་ཀྱི་མཆོད་པའང་ཡིན།
ཞེས་སེར་བྱེས་བསམ་བྱ་གཞུང་འཇམ་དབྱངས་རྒྱ་མཚོས་སྤྱི་ལོ་༢༠༡༠་ལོའི་ཟླ་༤་པའི་ཚེས༡༩ཉིན་
བྲིས།།
No comments:
Post a Comment