Sunday, 20 March 2011

༤། ༡༤། གོད་ཆག་ལ་ཆེད་སྒྲིག་ལེ་ཚན། ཤིས་ཚང་ལྗང་མྱུག འབྲས་སྤུངས།


‘‘ན་ནིང་གི་སྐྱིད་སྡུག་མཉམ་མྱོང་། ད་ལོ་ཡི་གདུང་སེམས་མཉམ་སྐྱེད།’’ འདི་དག་ནི། མི་ལོ་ལྔ་

བཅུའི་དཀྱོགས་མཚམས་ནས་གསར་དུ་རྙེད་ཅིང་། མཐུག་པོ་གཉིད་ཀྱི་ཞིང་ཁམས་ནས་ཧར་གྱིས་

སད་པའི། བོད་མིའི་ཆིག་སྒྲིལ་གྱི་འདུ་ཤེས་ལ་གསོན་ཤུགས་བརྟས་པའི་རྟགས་དང་རྟེན་འབྲེལ་ལྷན་

འཛོམས་ཀྱི་ལོ་ཟླ་རེ་རེ་ཡིན་ལ། ཁ་དང་ཁོག་པ་མཉམ་རུབ་ཀྱི་དུས་ཚིགས་རེ་རེ་ཡིན། མི་ཤི་རྟ་འགྱེལ་

གྱི་གོད་ཆག་མགོ་དང་གཉའ་བར་ཇི་ལྟར་ལྷུང་ནའང་། གཅུར་གནོན་གཙབ་ཧྲལ་གྱི་སྡུག་ཡུས་

སེམས་དང་བསམ་པར་ག་ཚོད་འཐིབས་ནའང་། ང་ཚོར་དཔའ་དཔུང་ལག་སྦྲེལ་དང་། སྙིང་ཤ་

མཆིན་གླན་གྱི་བློ་སྟོབས་ཡོད་པས། ང་ཚོར་འདུ་ཤེས་སྲ་བརྟན་དང་། འཆི་མེད་རྟག་བརྟན་གྱི་ཚེ་

སྲོག་ཡོད་པས། ང་ཚོས་རྐྱེན་ངན་གྲོགས་ཤར་གྱི་ལོ་ཟླ་བསུས་ཏེ། མྱ་ངན་དེ་དག་སྤོབས་པར་སྒྱུར་


ཆོག་ལ། སྡུག་ཡུས་དེ་དག་གཙང་བོར་སྐུར་ཡང་ཆོག ང་ཚོ་ལ་ཆིག་སྒྲིལ་དགོས། ཆིག་སྒྲིལ་ནི་སྟོབས་

ཤུགས་ཡིན། ང་ཚོ་ལ་མཐུན་སྒྲིལ་དགོས། མཐུན་སྒྲིལ་ནི་མཉམ་རུབ་ཡིན། ཐེངས་འདིའི་༤༌༡༤ས་

ཡོམ་གོད་ཆག་ཁྲོད་ནས་ང་ཚོས་ཉིན་ལྟར་ཐོས་པ་ནི་མིག་ཆུ་བཞུར་བའི་རླབས་སྒྲ་ཡིན་ནའང་། ང་

ཚོས་ལྷང་ངེར་མཐོང་བ་ནི་དམ་ཚིག་བརྩེ་བའི་ལག་རྡང་དང་། ཕྱི་ནང་མེད་པའི་སེམས་པ་རེད།

ལྟོས་དང་། ཡུལ་ཤུལ་ས་ཡོམ་གྱི་གོད་ཆག་ཁྲོད་དུ། སྨད་ཨ་མདོའི་ལུང་བ་ཡོམ་ཡོམ་འགུལ་བྱུང་།

སྟོད་དབུས་ཀྱི་གྲོང་ཚོ་ག་ལེར་གྲགས་བྱུང་། ཁམས་ཕོ་རྒོད་དར་མས་དཔུང་ཤུགས་སྤྱད་སོང་། ཕྱི་

བྱེས་གྱར་མགོ་ནག་ཡུད་ཀྱིས་རུབ་བྱུང་། ད་དུང་། དགུང་ཞག་ཞེ་དགུའི་བདུན་ཚིགས་ཀྱི་ཞག་མལ་

རེ་རེར། མར་མེ་ཁྲི་སྟོང་གི་ཚེ་སྲོག་གཟིམ་ཏུ་བཅུག་མེད་ལ། མ་ཎི་ཡིག་དྲུག་གི་དབྱངས་རྟའང་

ཉམས་སུ་བཅུག་མེད།

སུས་ཀྱང་མ་སྐུལ་མ་བགྲོས་པའི་གདུང་ཁུར་མཉམ་ལེན་གྱི་བོད་མིའི་ཆིག་སྒྲིལ་ཁྲོད་དུ། ཁོ་བོའང་

སེམས་པའི་སྙི་ས་དང་གདུང་བའི་ཟབ་ས་ནས་འགྲེང་སྟེ། དུས་ཀྱི་བགྲོད་ལམ་དང་བརྡ་འཕྲིན་དྲ་བ་

ལ་བསྡོངས་ཏེ། རིགས་མཐུན་སྤུན་ཟླ་ཁག་གི་མྱ་ངན་སེམས་པའི་ཞུ་ཚིག་རེ་རེ། འདི་ལྟར། སྒ་སྐྱེ་

དགུའི་སྤྱན་དང་སྙན་ལ་གཏད་དེ། སྒ་སྐྱེ་དགུའི་བོད་མིས་མཐོང་ན་དྲན་སོང་།

                                                                                  
                                                          སྙན་ངག་ཚགས་པར་༼མཆོད་མེ་༽རྩོམ་སྒྲིག་པས།
མཆོད་མེ་ཚགས་པར་བཀླག་ན་འདིར་སོང་། 

No comments:

Post a Comment