Sunday, 20 March 2011

གོད་ཆག སྒོ་ཡོན།


4.14བོད་ཁམས་ཡུལ་ཤུལ་གྱི་ས་འགུལ་དོན་རྐྱེན་ཆེན་མོ་ལ་བྲིས་པ།

རླུང་གི་འཁོར་ལོ་ཡོམ་ཡོམ་འགུལ་ཙམ་གྱིས།།

ས་ཡི་གཤོག་པ་འདར་འདར་བྱས་ཙམ་གྱིས།།

ང་ཡི་གློ་བ་འདྲེས་པའི་བོད་ཁམས་པ།།

གནམ་གྱི་རྒྱལ་མོའི་འོག་ནས་སྡོད་མ་བཅུག།


འོད་ཀྱི་དྲོད་ཟེར་ལྷོ་ནས་མ་འཆར་གོང་།།

རེ་བའི་རི་མོ་རི་ལ་མ་བྲིས་གོང་།།

སྙིང་གི་མཐིལ་ལ་འཁྱིལ་བའི་བོད་ཁམས་པ།།

མི་ཡུལ་དཀར་ངོགས་ཞིང་ནས་གསོན་མ་ཐུབ།།


གྱེས་ཕྱག་འཇོག་པའི་ཐོབ་ཙམ་མེད་བཞིན་དུ།།

ཕྱིར་བལྟས་གནང་བའི་དུས་ཙམ་བྲལ་བཞིན་དུ།།

ཟུངས་ཁྲག་གངས་ལ་བཅོལ་བའི་བོད་ཁམས་པ།།

ཐལ་རྡུལ་སྐྱེལ་མའི་ཀློང་ནས་གཏན་དུ་བཞུད།།


བརྩེ་བ་སྨིན་མར་འཐིམ་པའི་ན་གཞོན་རིགས།།

རྒས་པ་སྒོ་ཁར་བསླེབས་པའི་ལོ་ལོན་ཚོགས།།

བདེ་བ་གདན་དུ་འདང་བའི་བོད་ཁམས་པ།།

སྔ་ཕྱི་བར་ཁྱད་མ་བྱིན་གཅིག་ཏུ་རྫོགས།།

རིགས་ཀྱི་དཔུང་བ་མཉམ་དུ་གཤིབ་པ་ཡི།།

སེམས་ཀྱི་གཏད་ཕྱོགས་ལྷན་དུ་བཅངས་པ་ཡི།།

ང་ཡི་རུས་པ་ཟུག་པའི་བོད་ཁམས་པ།།

འདི་ལྟར་སྐྱོ་བས་ཆས་ཤིང་སྐྱོ་བས་བྲལ།།

མཁའ་དབུགས་གནག་པའི་ཉིན་མོ་འདི་དག་ལ།།

ཁོར་ཡུག་རུབ་པའི་མཚན་མོ་འདི་དག་ལ།།

བེམ་གཟུགས་ཐང་ལ་གཏོར་བའི་བོད་ཁམས་པ།།

མཆི་མའི་ཤག་སྒྲ་འདི་ཡི་སྔོན་དུ་ཚར། །

ཆབ་སྲིད་མྱུལ་ཞིབ་པ་ཡི་འཕྲུལ་རྩེ་ན།།

སྲིད་འཛིན་དཔོན་པོ་དག་གི་མདུན་རོལ་ན།།

འཚོ་བ་རྡོ་ལ་བརྡབས་པའི་བོད་ཁམས་པ།།

རྒྱལ་སྲུང་དར་ཡུ་ཙམ་གྱི་མྱ་ངན་ཡིན།།

བྱམས་སྐྱོང་གྲྭ་བ་རྣམས་ཀྱི་མིག་མཐའ་ན།།

རོགས་སྐྱོར་གྲོང་བ་ཀུན་ཀྱི་སེམས་ནང་ན།།

ཕྱིར་འོང་ནམ་ཡང་མེད་པའི་བོད་ཁམས་པ།།

བརྩེ་དུངས་སྲ་མོ་འདི་ཡི་ཕྱེད་ཀ་ཡིན།།

ཕ་ས་དྲོན་མོའི་དཀྱིལ་གྱི་ཆག་ཀྲུམ་འདི།།

བོད་རིགས་བྱེ་བ་བདུན་གྱི་གས་ཀ་འདི།།

དུར་ཁུང་ཁྲག་ལ་བརྫིས་པའི་བོད་ཁམས་པ།།

ཡོད་ཚད་དབྱིངས་ལ་བཞག་པའི་ལོ་རྒྱུས་ཡིན།།

ཁྱོད་ཚོ་འདི་ལྟར་གཤེགས་པས་མི་ཚེ་རྟོགས།།

ཁྱོད་ཚོ་འདི་ལྟར་ཕྱིན་པས་མི་ལུས་མཐོང་།།

རེ་སྨོན་རྒྱང་ལ་སྦས་པའི་བོད་ཁམས་པ།།

མི་དོན་རྫུན་པར་བཟོ་བའི་དཔང་བོ་ཡིན།།

འགྲོ་མིའི་ཚོགས་ཀྱིས་གདུང་ཡས་འཐེན་གྱིན་ཡོད།།

སྤུན་ཟླའི་རིགས་ཀྱིས་སྐྱེལ་ཚིག་ཞུ་བཞིན་ཡོད།།

འཇིགས་པའི་རྨི་ལམ་རྨིས་པའི་བོད་ཁམས་པ།།

འཇིག་རྟེན་ལག་ནས་ཤོར་བའི་མགྲོན་པོ་ཡིན།།

ཁྱོད་ཚོ་རྗེས་ཤུལ་མེད་པར་སོང་ན་ཡང་།།

ཁྱོད་ཚོས་སྡུག་བསྔལ་འཁུར་བཞིན་ཚར་ན་ཡང་།།

ང་ཡི་སྙིང་ལ་ཐོགས་པའི་བོད་ཁམས་པ།།

ང་ཡི་ཚེ་ལུས་གཅིག་གི་ཁུག་པ་ཡིན།།

2010/04/19ཉིན་རྒྱ་མིའི་གྲོང་ཁྱེར་ཁྲེང་ཆིན་ནས་སྐྱོ་གདུང་དྲག་པོས་སྦྱར།

No comments:

Post a Comment