Sunday, 20 March 2011

ཕྱི་རྒྱལ་གྱི་བོད་པ་ཚོས་མ་མཐའ་ཡང་ཡོ་སྒོར་བརྒྱ་རེ་བྱིན། ཟ་ལེ་རྒྱལ། ཡུ་རོབ།

ཤ་རུས་གདོང་རྒྱུད་གཅིག་པའི་ཧྥ་རན་སིའི་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུར།
ཁ་སང་ཁམས་སྐྱེ་རྒུ་མདོར་ས་འགུལ་གྱིས་སྐྱེན་པས་བོད་མི་ཁྲི་གཅིག་གི་ཚེ་སྲོག་ཤོར་ཟིན་མ་ཟད་ད་དུང་དེ་ལས་མང་བའི་བོད་མི་མང་བོར་རྨས་སྐྱོན་བྱུང་འདུག་ན་ང་ཚོའི་འགན་དུ་བབས་པའི་རོགས་སྐྱོར་ཞལ་འདེབས་གང་མང་མྱུར་བསྡུ་བྱས་ནས་བསྐུར་དགོས་བས་ཡོད་མེད་ལ་མི་བལྟ་བར་ཤུལ་ལུས་ཀྱི་བོད་རིགས་མི་དམངས་ཀྱི་ཟས་གོས་དང་སྨན་རིན་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཆེད། གང་མྱུར་མྱུར་གྱིས་བོད་རིགས་ཚོགས་པར་འབྲེལ་བ་བྱས་ཏེ་ཁ་མིན་སེམས་གཏིང་ནས་གདོང་སེམས་མཉམ་སྐྱེད་ཀྱི་ཞལ་འདེབས་གང་མང་ཡོང་བ་ཞུ།
ངས་དེ་རིང་སྔ་དྲོ་ཕ་ཡུལ་ལ་ཁ་པར་བཏང་ནས་ཤེས་གསལ་ལ་གྲོང་སྲུབ་མི་དམངས་ནས་ཀྱང་རང་རང་གི་འཛོམས་ཚོད་ལྟར་མར་དང་རྩམ་པ། གྲོ་ཕྱེ་སོགས་སོགས་བསྡུས་ནས་ས་གནས་ས་ཐོག་ལ་འབྱོར་ཐབས་བྱེད་བཞིན་འདུག་ན་ང་ཚོ་ཕྱི་རྒྱལ་ན་ཡོད་པའི་བོད་རིགས་མི་མང་གིས་མ་མཐའ་ཡང་མི་རེ་ངོས་ནས་ཡོ་སྒོར་བརྒྱ་རེ་གཏོང་ཕོད་བྱེད་ཐུབ་པ་དགོས།
ཚོགས་གཙོ་ལགས། ཡི་གེ་འདི་ཧྥ་རན་སིའི་བོད་རིགས་མི་དམངས་ཚང་མར་བསྐུར་རོགས། ང་ལ་མི་ཚང་མའི་ཁ་བྱང་མེད་པས་ཡི་གེ་འདི་ཁྱོད་ལ་བཏངས་བ་ཡིན། བོད་རིགས་ཚོགས་པས་ཞལ་འདེབས་བསྡུ་བའི་གོ་སྒྲིག་ཅིག་མང་མྱུར་བྱེད་རོགས། ངོ་མ་སེམས་ཀྱིས་མི་བཟོད་པ་ཞིག་རེད།
ཡི་གེ་འདི་ངས་ད་ནང་ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོར་བཏངས་བ་ཡིན།
ཕྱི་རྒྱལ་གྱི་བོད་རིགས་ཚོགས་པ་ཚོས་གང་མྱུར་གྱིས་ཞལ་འདེབས་བསྡུས་ནས་ས་གནས་མི་དམངས་ཀྱི་དཀའ་སྡུག་སེལ་ཐབས་ལ་འབད་རོགས། ད་ཐེངས་ཀྱི་རོགས་སྐྱོར་ཞལ་འདེབས་འདི་ལ་མེད་དང་མིན་ཟེར་ས་མེད།

No comments:

Post a Comment