Monday, 21 March 2011

ང་རོ་བདག་ཡིན། རྭ་རྒྱ་བློ་དབང་།

                            ༡༽    ང་རོ་བདག་ཡིན།
  མདོ་ཁམས་སྐྱེ་དགུ་ཡུལ་གྱི་གཅེས་ཤིང་བརྩེ་བའི་སྤུན་ཟླ་རྣམ་པ། ཐེངས་འདིར་ངེད་ཅག་གི་མགོ་བོར་ལྷུང་བའི་འབྱུང་བའི་གནོད་འཚེ་དེ་ནི། ལས་དབང་ངམ་ཡང་ན་སྟེས་དབང་གི་ཆག་སྒོ་ཞིག་སྟེ། འདིས་ནི་སྐྱེ་དགུའི་ཡུལ་མི་སྟོང་ཕྲག་མང་པོར་མི་ཤི་ཁྱིམ་སྟོང་གི་རྐྱེན་ངན་བཟོས་སྟབས། གདོང་དམར་རིགས་ཀྱི་མི་ལུས་བླངས་སོ་ཅོག་ལ་བཟོད་དཀའ་བའི་གདུང་ཚོར་ལྕི་མོ་བཀལ་སོང་ལ། འཛམ་གླིང་ས་ཆེན་པོར་ཕྱོགས་མེད་དུ་བཀྲམས་པའི་རང་རིགས་ཚོས་གདུང་སེམས་ཀྱི་མིག་ཆུ་རྡོག་མ་རེ་དང་འགྲོགས་ནས། ཁྱེད་ཚོའི་བློ་སྤོབས་ནམ་མཁའ་ལྟར་རྒྱ་བསྐྱེད་པ་དང་། ཁྱིམ་གཞི་གསར་འཛུགས་ཀྱིས་གངས་རིའི་མ་འོངས་པ་དང་། སྐྱེ་དགུའི་མ་འོངས་པ་བསུ་བའི་སྟ་གོན་ལ་བསྒུག་ཡོད། ང་རང་ཁྱེད་ཅག་དང་རྒྱང་རིང་སྟེ། རྒྱང་རིང་གི་སེམས་པས་མྱོང་སྟངས་ནི་ཐག་ཉེ་ལྟར། མཐོང་ཐོས་རེ་རེ་དང་། བསམ་གཞིག་རེ་རེས་རིགས་གཅིག་སྤུན་ཟླ་དག་ལ་མ་ཎི་བགྲང་ཞིང་། གསོལ་འདེབས་སྐྱོར་བཞིན་ཡོད། མདོར་ན། ངེད་ཅག་ཇི་ལྟར་རྒྱང་རིང་ན་ཡང་། སྐྱེ་བ་འདིའི་བསྐོས་ཐང་ལས་ཚོར་བྱུང་བ་ནི། ང་རང་བཞུད་ཟིན་པ་ཚོའི་རོ་བདག་དང་། འཚོ་བཞིན་པ་དག་གི་སྤུན་ཟླ་ཡིན་ཨང་

༢༽

སྨྲེ་ངག
                                              སྐྱེ་དགུའི་ས་ཡོམ་ཁྲོད་ཀྱི་སྤུན་ཟླ་ཚོར།
འབོད་སྒྲ་གནམ་ལ་འཁོར་བའི་གསོལ་འདེབས་ཤིག་བྱས་ཡོད། །
མིག་ཆུ་གཤོང་ལ་བཞུར་བའི་སྡུག་བསྔལ་ཞིག་བསྐྱེད་ཡོད། །
གཅིག་ཐོག་གཉིས་ལ་བརྩེགས་པའི་མྱ་ངན་གྱི་སྨྲེ་ངག།།
རང་བྱུང་ཆོས་ཀྱིས་བོད་ལ་སྐྱེས་ཐོབ་ཏུ་གནང་ངམ། །
 
པོ་ཏཱ་ལ་ཡི་ཐེམ་སྐས་ཁྲག་དམར་གྱིས་མ་སྐམ། །
ཁྲི་ཤོར་རྒྱལ་མོའི་རྦ་རླབས་ཞེ་འཁོན་གྱིས་བསྐྱོམས་ཡོད། །
རྨ་རྒྱལ་སྦོམ་རའི་དབུ་འཕང་སྡུག་རུས་ཀྱིས་འགྲེང་དུས། །
ས་ཡོམ་བདུད་ཀྱིས་ཆོ་འཕྲུལ་ཅི་ཞིག་ལ་བསྟན་ནམ། །
ལ་དང་ལུང་པ་སེམས་ཀྱིས་རྨུ་ཐག་གིས་བསྟད་ཡོད། །
ཆུ་དང་གཙང་པོ་བཀྲ་ཤིས་གསེར་ཟམ་གྱིས་བསྲུང་ཡོད། །
སྤང་དང་ནགས་ཚལ་ལྷ་ཀླུའི་ཞིང་བཀོད་ལ་བསྒོམས་ཡོད། །
ཅིའི་ཕྱིར་ལན་མེད་འཁོན་འགྲུས་བོད་མི་ལ་བྱུང་སོང་། །
མགོན་གྱི་དྭངས་མ་རྒྱང་རིང་ས་མཐའ་ན་བཞུགས་སྐབས། །
ཕ་མ་བུ་ངོ་མ་འཕྲོད་གྱེས་གདུང་ལ་ལྷུང་སྐབས། །
རིགས་ཀྱི་དཔའ་བོ་ཁྲི་མུན་དོང་རུམ་ན་ཡོད་སྐབས། །
མི་མཛའ་འབྱུང་བའི་ཁྲོ་གཏུམ་མཆེ་གཙིགས་ཀྱིས་སླེབས་བྱུང་། །
ཡིན་ཡང་གངས་རིའི་བུ་རབས་ཕམ་པ་ནི་མ་མཆིས། །
ས་ཡ་བྱེ་བའི་དཀའ་སྡུག་ཕྲག་སྟེང་དུ་ལེན་ནུས། །
རིག་གནས་གསར་བརྗེའི་མུན་དོང་སྙིང་སྟོབས་ཀྱིས་སློག་མྱོང་། །
སླར་ཡང་མུན་པའི་གཤེད་དུ་སྤོབས་སེམས་ཀྱིས་འགྱིང་ངེས། །

No comments:

Post a Comment