Sunday 13 January 2013

དེ་རིང་གི་བསམ་བཞིག བདེན་དོན་འཚོལ་བ།



མི་ཚེ་མྱུར་བགྲོད་གློག་གི་ཟླ་བོར་འོས།།
སྲོལ་རྒྱུན་ལྕགས་རི་ངམ་གནག་རྔམ་ཤིང་བརྗིད།།
ཕྱི་བཤོལ་འདུ་འཛིའི་རྣམ་རྟོག་རླུང་གིས་གཙེས།།
དཔེ་མང་བརྩེགས་པའི་ཕྱོགས་སུ་དཀའ་བ་སྟོང་།།

ཐོས་བསམ་དྲོད་ཀྱིས་མ་བསྐྱངས་ཞིང་ས་རུ།།
ཉམས་རྟོགས་མྱུ་གུ་འབུས་པར་རེ་བའི་སྲོལ།།
མ་ཐེགས་བཙན་གྱིས་བཀལ་བའི་དབང་ཆེན་གྱིས།།
ན་ལེན་མཁས་པའི་སློབ་གླིང་ཕྱིར་མིག་བྱོས།།

ཐོས་བསམ་བློ་ངོར་མ་ཡོང་དཀའ་བའི་ངོར།།
རྣམ་མངས་ལས་ཀྱིས་མ་ལྕོགས་འཁུན་སྒྲ་བཅས།།
དམན་པའི་གྲོང་དུ་བློ་མིག་གཏད་པའི་གྲོགས།།
ཁྱོད་དང་འཚམ་པའི་ལམ་ཞིག་ཅི་མ་རུང་།།

སྐབས་རེར་ཁྱོད་ཀྱིས་བྱིན་པའི་འཇིགས་པ་ཆེ།།
ལ་ལས་མི་ཚེ་འཛུམ་གྱིས་བསུས་པ་མང་།།
གང་ཡང་སྟོང་གསུམ་སྤུངས་པའི་རིན་ཆེན་ལས།།
ཁྱོད་ལ་བཅངས་པའི་རིན་ཐང་སུ་ཡིས་དཔོགས།།

ཞི་བདེའི་ཐར་པ་རེ་བའི་རློམ་སེམས་མེད།།
ཐམས་ཅད་མཁྱེན་པའི་གོ་འཕང་དེ་ལས་ཅི།།
ལྷག་བསམ་གཙང་མས་ཕྱུག་པའི་རྣམ་དཔྱོད་འདི།།
ཚེ་རབས་ཀུན་ཏུ་ལྡན་ན་ཅི་མ་རུང་།།

མཐོན་པོའི་ངོ་སོ་ཕྱུག་པོའི་རྒྱུ་ནོར་དང་།།
མཛེས་མའི་འཛུམ་གྱིས་བསླུ་བྲིད་མ་ཐེབས་ཅིང་།།
ལོག་རྟོག་རྙོགས་མའི་སེམས་ཀྱིས་མ་བསླད་པར།།
བདེན་པའི་གནས་ལུགས་སྨྱུག་གུའི་རྩེ་ནས་བཞུར།།
སྤྱི་ལོའི་༢༠༡༣ སྤྱི་ཟླ་ ༡ ཚེས་ ༡༣ ཉིན། 

1 comment:

  1. བདེན་དོན་གནས་ལུགས་སྨྱུག་གུའི་རྩེ་ནས་བཞུར།། ཞེས་པ་སྨྱུ་གུ་ཞེས་རྗེས་འཇུག་ག་མེད་པ་ཉིད་འཐད་པ་ཡིན། སྔ་མའི་རྗེས་འཇུག་ཕྱི་མའི་མིང་གཞིར་སོང་བའི་རིགས་དེ་རེད། སྤྱིར་ན་དབྱངས་ཨུ་འདི་ཉིད་སྔ་མའི་རྗེས་འཇུག་ལས་ཁ་དབྲལ་ནས་ཕྱི་མའི་མིང་གཞི་སོང་བའི་རིགས་འདི་དངོས་པོ་ཆུང་ཆུང་གི་རིགས་ལ་འཇུག་པ་དེ་བརྗེད་མི་ཉན། དཔེར་ན། ལུག་ཅེས་པའི་རྗེས་འཇུག་དེ་ཕྱི་མའི་མིང་གཞི་དུ་སོང་ཞིང་དབྱངས་ཨུ་ཞིག་སྦྱར་ན་ལུག་ཆུང་ཆུང་ལ་གོ་བ་རེད། ལུ་གུ་ཞེས་འབོད་པ་བཞིན་དུ་སྨྱུག་ཅེས་པའི་རྗེས་འཇུག་འདི་ཉིད་མིང་གཞི་སོང་ནས་དབྱངས་ཨུ་ཞིག་སྦྱར་ཏེ། སྨྱུ་གུ་ཞེས་བྲིས་ན་སྨྱུག་མ་ཆུང་ཆུང་ལ་གོ་བ་ཡིན་ནོ།

    ReplyDelete