Saturday 6 October 2012

བདག་མེད་གཉིས་རྟོགས་པའི་གོ་རིམ་ལ་དཔྱད་པ། ལྡན་མ། ངག་དབང་ཆོས་འཕེལ།

སྤྱིར་བདག་མེད་གཉིས་རྟོགས་པའི་གོ་རིམ་མེད་ཅེས་གསུངས་མཁན་མཁས་པ་མང་ཡང་། འདི་ལྟར་དཔྱོད་པར་བྱ་སྟེ། ཆོས་ཀྱི་བདག་མེད་རྟོགས་པ་ལ་གང་ཟག་གི་བདག་མེད་རྟོག་པ་སྔོན་དུ་འགྲོ་དགོས་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱི་བདག་གི་འདུ་ཤེས་ནི།། ཤེས་པར་དེ་བཞིན་ཀུན་ལ་བློས་སྦྱར་བྱ།། ཞེས་གསུངས་པ་དང་། ལྷག་མཐོང་ཆེན་མོ་ལས་ཀྱང་། བདག་འཛིན་གཉིས་ཀྱི་སྐྱེ་རིམ་ལ་ཆོས་ཀྱི་བདག་འཛིན་གྱི་གང་ཟག་གི་བདག་འཛིན་བསྐྱེད་པ་ཡིན་ཡང་། བདག་མེད་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པ་ན། སྔོན་དུ་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་བསྐྱེད་ནས་དེའི་འོག་ཏུ་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་སྐྱེ་དགོས་སོ། ཞེས་གསུངས་པའི་ཕྱིར། རིགས་པས་ཀྱང་གྲུབ་སྟེ། དེ་གཉིས་ཀྱི་དགག་བྱ་ངོས་ཟིན་དཀའ་སླ་ཡོད་པའི་ཕྱིར། ངའོ་སྙམ་པའི་ཞེན་པ་ཤུགས་ཆེ་ཞིང་། རྒྱུན་བརྟན་པས་ན་འཛིན་པ་དེའི་སྣང་ཚུལ་དང་ཞེན་ཚུལ་འདི་ལྟར་འདུག་སྙམ་དུ་ངོས་ཟིན་སླ་ཞིང་། དེ་ལ་ལྟོས་ན་མིག་སྣ་སོགས་ཆོས་ཀྱི་བདག་འཛིན་ཤུགས་ཞན་ཞིང་རྒྱུན་ཡང་མི་བརྟན་པས་དེ་དག་གིས་སྣང་ཚུལ་དང་ཞེན་ཚུལ་དཀའ་བས་དེ་གཉིས་ཀྱི་ཞེན་ཡུལ་ལ་ངོས་ཟིན་དཀའ་སླ་ཡོད་པར་རིགས་པས་གྲུབ་པའི་ཕྱིར། གཞན་ཡང་འཇུག་པ་ལས། ཉོན་མོངས་སྐྱོན་ལ་མ་ལུས་འཇིགས་ཚོགས་ལ།། ལྟ་ལས་བྱུང་བ་བློ་ཡིས་མཐོང་གྱུར་ཞིང་།། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས།། རྣལ་འབྱོར་པ་ཡི་བདག་ནི་འགོག་པར་བྱེད།། ཅེས་གདགས་གཞི་ཕུང་པོའི་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པའི་ང་ང་སྙམ་པའི་བློ་ལྷན་སྐྱེས་འདི་ལས་བྱུང་བ་མཐོང་ནས་དེ་བཟློག་དགོས་པར་མཐོང་ལ་དེ་ཡང་ཞེན་ཡུལ་སུན་མ་ཕྱུངས་པར་ཟློག་མི་ནུས་པས་ཐོག་མར་ངར་འཛིན་འཇིག་ལྟའི་ཞེན་ཡུལ་དགག་དགོས་པར་གསུངས་པའི་ཕྱིར། འོ་ན་གང་ཟག་གི་བདག་མེད་རྟོགས་པ་ལ་མཐུན་དཔེར་གཟུགས་བརྙན་བདེན་མེད་དུ་རྟོགས་པར་སྔོན་དུ་འགྲོ་མི་དགོས་པར་ཐལ་ལོ་ཞེ་ན། དེ་ནི་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་གཅིག་བདེན་མེད་དུ་རྟོགས་པ་ཙམ་ཡིན་པས་ཁྱོད་རྟོགས་པ་ཙམ་གྱིས་ཆོས་ཀྱི་བདེན་མེད་རྟོགས་པའི་གོ་མི་ཆོད་པའི་ཕྱིར། སྤྱིར་གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་གཉིས་ལ་རྟོགས་པའི་གོ་རིམ་གསུངས་པ་དེ་འཇིག་རྟེན་དུ་མ་གྲགས་པའི་རྫུན་པ་རྣམས་ལ་འཇོག་དགོས་པའི་ཕྱིར།

No comments:

Post a Comment