Monday, 21 March 2011

ས་ཡོམ་ཁྲོད་ཀྱི་གནད་དོན། ཁང་གསར་རྡོ་རྗེ། ཁེ་ན་ཌ།

གཤམ་གསལ་ནི་ཕྲན་པས་ཉེ་ལམ་གྱི་ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཁག་ལ་དཔྱད་བསྡུར་བྱས་ཏེ་བཀོད་པ་ཞིག་ཡིན། ང་རང་གི་ལག་པ་གཡོན་མར་བརྡབ་སྐྱོན་བྱུང་སྟེ་སྨན་བཅོས་བྱེད་བཞིན་ཡོད་སྟབས། སེམས་ནང་གི་བསམ་ཚུལ་མང་པོ་ཞིག་འབྲི་བསམས་ནའང་འབྲི་ཐུབ་ཀྱི་མི་འདུག འོན་ཀྱང་ས་ཡོམ་ཁྲོད་གྲོངས་པའི་ཕུང་པོ་དེ་དག་དང་། བོད་མིའི་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་དེ་ཚོ་མཐོང་དུས། སྡོད་ཐུབ་ཀྱི་མི་འདུག དེར་བརྟེན་གཤམ་གསལ་ནི་ཕྲན་པས་ལག་གཅིག་གིས་ཨུ་ཚུགས་བརྒྱབ་སྟེ་བྲིས་པ་ཞིག་ཡིན། ང་རང་གིས་འབད་བརྩོན་འདི་འདྲ་ཞིག་བསྟེན་པ་དེ་དོན་སྙིང་ལྡན་པ་ཞིག་ཡིན་དྲན་གྱི་འདུག
ཀ༽ སྔོན་བརྡ། སྐྱེ་རྒུ་མདོའི་ས་ཡོམ་དེ་མ་བྱུང་གོང་ནས་རྒྱ་ནག་གི་ས་ཡོམ་ཆེད་ལས་པས་སྔོན་བརྡ་བཏང་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྣང་མེད་དུ་བཏང་བ་དང་། དེ་རྗེས་ཕྱི་ཟླ་ ༤ ཚེས་ ༡༤ སྔ་དྲོ་ཞོགས་པ་ཆུ་ཚོད་ ༥ ཙམ་ལ་ས་ཡོམ་ཞིག་བྱུང་བ་ནས་ས་ཡོམ་ཆེན་པོ་དེ་མ་བྱུང་བར་དུས་ཡུན་ཆུ་ཚོད་གཉིས་ལྷག་ཡོད་ཀྱང་མཚོ་སྔོན་དང་སྐྱེ་རྒུ་མདོའི་ས་ཡོམ་བརྟག་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ལ་སྔོན་བརྡ་གང་ཡང་བཏང་ཐུབ་མེད།
ཁ༽ ཤུགས་ཚད། ས་ཡོམ་གྱི་ཤུགས་ཚད་ཐད་མི་མཐུན་པ་གཉིས་ཡོད། དེ་ཡང་དང་པོ་ཤུགས་ཚད་༦༌༩ ཡིན་པར་བསྒྲགས་ཤིང་། རྗེས་སུ་ཤུགས་ཚད་ ༧༌༡ ཡིན་པར་བསྒྲགས། ཨ་རིའི་ས་ཡོམ་བརྟག་ཞིབ་ཁང་གིས་ད་དུང་ཡང་ཤུགས་ཚད་ ༦༌༩ ཡིན་པར་རྗོད་བཞིན་ཡོད།


     ཕྱི་ལོ་ ༢༠༠༨ ལོར་སི་ཁྲོན་ལ་ས་ཡོམ་བྱུང་སྟེ་སློབ་ཁང་འགྱེལ་བར་བརྟེན་སློབ་ཕྲུག་ཁྱོན་ཆེ་འདས་གྲོངས་སོང་བ་རེད། དོན་དེ་གནད་དོན་ཆེ་ཤོས་ཤིག་ཏུ་གྱུར་ཏེ་ད་ལྟའང་ཐག་གཅོད་ཡག་པོ་ཐུབ་མེད། དེའི་རྗེས་སུ་རྒྱ་ནག་གཞུང་གིས་རྒྱལ་ཡོངས་སུ་གསལ་བསྒྲགས་བྱས་པའི་ཡིག་ཆ་ཞིག་གི་ནང་། སློབ་གྲྭའི་ཁང་པ་ཁག་གི་བརྟན་ཚད་དེ། ངེས་པར་ཉུང་མཐར་ས་ཡོམ་ཤུགས་ཚད་ཨང་ ༧ ཐེག་ཐུབ་པ་ཞིག་དགོས་པར་བཤད་ཡོད། འོན་ཀྱང་སྐྱེ་རྒུ་མདོའི་སློབ་གྲྭའི་ཁང་པ་ཁག་ལ་ཚད་གཞི་དེ་ལོངས་མེད་པ་ནི་བཤད་མི་དགོས་པ་ཞིག་རེད། དེར་བརྟེན་ས་ཡོམ་གྱི་ཤུགས་ཚད་ ༦༌༩ ནས་ ༧༌༡ ལ་སྤར་བ་ནི། ཏག་ཏག་གནད་དོན་དེར་གཡོལ་ཐབས་ཤིག་ཡིན་སྲིད་པ་རེད།
ག༽ ཤི་ཚད། ད་རེས་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཚད་ ༦༌༩ བརྒྱབ་པའི་ནང་ཡང་སྙིང་མི་ག་ཚོད་ལ་ཤི་གོད་བྱུང་མིན་གྱི་གྲངས་འབོར་དེ་རྩོད་གཞིའི་ངོ་བོར་གནས་ཡོད། རྒྱ་ནག་གཞུང་འབྲེལ་གྱིས་བསྒྲགས་པའི་ཤི་གོད་གྲངས་འབོར་གསར་ཤོས་ནི་ ༢༡༨༣ རེད། འོན་ཀྱང་ས་ཡོམ་འབྱུང་ཡུལ་དུ་དངོས་སུ་བསྐྱོད་པའི་ཧོང་ཀོང་གི་གསར་འགོད་པར། གྲྭ་ངག་དབང་བསྟན་པ་རིན་ཆེན་ཞེས་པས་བཤད་པ་ལྟར་ན། ཁོང་གི་དགོན་པ་གཅིག་པུས་མི་རོ་ ༣༤༠༠ ལྷག་ཞུགས་འབུལ་བྱས་པ་ཡིན་ཞེས་བཤད་ཡོད། ས་གནས་ཀྱི་བོད་མི་ཚོས་ཚོད་རྩིས་བྱས་པ་ལྟར་ན། ཤི་གོད་ཀྱི་གྲངས་འབོར་དེ་ ༡༠༠༠༠ བརྒལ་ཡོད་ལ། ཧོང་ཀོང་གི་མིང་པའོ་གསར་ཤོག་ལ་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་གཅིག་གིས་ཤི་གོད་ཀྱི་འབོར་གྲངས་ ༡༠༠༠༠ བརྒལ་ངེས་པའི་སྐོར་བཤད་ཡོད།
     ང་ཚོས་གྲངས་འབོར་ངེས་གཏན་འཁེལ་བ་བརྗོད་མི་ཐུབ་ཀྱང་། སྐུ་ཕུང་ཞུགས་འབུལ་སྔ་རྗེས་གཉིས་བྱས་པ་དང་ཆུ་ལ་བཤམས་པ། སྨན་ཁང་དུ་གྲོངས་པ། སྒེར་པ་སོ་སོས་པུར་འཇུག་བྱས་པ་སོགས་བསྡོམས་ན། རྒྱ་ནག་གཞུང་གིས་བཤད་པ་དེ་ལས་ལྡབ་ཀྱིས་མང་བ་ཡོད་པ་ནི་གཏན་འཁེལ་ནས་བཤད་ཐུབ་པ་ཞིག་རེད།
    ཡང་སྐྱེ་རྒུ་མདོར་ས་ཡོམ་མ་བྱུང་སྔོན་ཟླ་ ༢ ཚེས་ ༢༧ ཉིན་ཅི་ལི་ (Chile) རྒྱལ་ཁབ་ཏུ་ས་ཡོམ་ཤུགས་ཚད་ ༨༌༨ ཅན་ཞིག་བརྒྱབ་ཅིང་། ཤུགས་ཚད་ཧ་ཅང་ཆེ་སྟབས་རྒྱལ་ཁབ་དེའི་མི་འབོར་གྱི་བརྒྱ་ཆ་ ༨༠ བརྒལ་བས་ས་ཡོམ་དེ་ཧ་ཅང་མངོན་གསལ་དུ་ཚོར་ཐུབ་པ་བྱུང་ཡོད་ལ། རྒྱུ་དངོས་ལ་ཚབས་ཆེའི་གནོད་སྐྱོན་བཟོས་ཡོད། འོན་ཀྱང་ས་ཡོམ་ནང་མི་ཤི་བའི་གྲངས་འབོར་དེ་ ༤༨༦ རེད།
    རྒྱ་ནག་གིས་རང་ཉིད་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པར་རློམ་བཞིན་ཡོད། འོན་ཀྱང་མང་ཚོགས་ཀྱི་སྡོད་ཁང་དང་འཕྲོད་བསྟེན་འགན་སྲུང་སོགས་ཀྱི་ཐད་ཅི་ལི་ལྟ་བུའི་རྒྱལ་ཁབ་ཆུང་ཆུང་ཞིག་ལ་དོ་གི་མེད།
ང༽ མྱུར་སྐྱོབས། ༢༠༠༨།༥།༡༢ ཉིན་སི་ཁྲོན་དུ་ས་ཡོམ་ཤུགས་ཚད་རིམ་པ་ ༨ བརྒྱབ་སྐབས། རྒྱ་ནག་གཞུང་གིས་དམག་དཔུང་དང་སྨན་པ། དང་བླངས་པ། ཕྱི་རྒྱལ་གྱི་རོགས་རམ་སོགས་ཧ་ཅང་ཤུགས་ཆེ་ཞིག་བཀོལ་ནས་གནོད་སེལ་མྱུར་སྐྱོབས་ཀྱི་ལས་དོན་ཚང་མ་ཧང་སངས་དགོས་པ་ཞིག་སྤེལ་ཡོད། དེ་དང་ད་རེས་སྐྱེ་རྒུ་མདོར་ས་ཡོམ་བྱུང་སྐབས་ཀྱི་གནས་ཚུལ་བསྡུར་ན་ཁྱད་པར་ཆེན་པོ་ཤོར་ཡོད། དེ་ཡང་
      ༡༽ སི་ཁྲོན་དུ་ས་ཡོམ་བྱུང་བའི་ཉིན་དེ་གར་རྒྱ་ནག་གཞུང་གིས་ཐད་འཕུར་གནམ་གྲུ་ ༢༠ བཏང་སྟེ་མྱུར་སྐྱོབས་དང་ཟ་འབྲུ་གནམ་ཐོག་ནས་གཡུག་འགོ་བཙུགས་པ་དང་། ཚེས་ ༡༥ ཉིན་ཡང་བསྐྱར་ཐད་འཕུར་གནམ་གྲུབ་འཕར་མ་ ༩༠ མངགས་ཏེ་མཐའ་ཁུལ་ཁག་ཏུ་མྱུར་སྐྱོབས་དངོས་རྫས་གཡུགས་པ་དང་། རྨས་མ་སྨན་ཁང་དུ་དབོར་བ་སོགས་བྱས་ཡོད། འོན་ཀྱང་ད་ཐེངས་སྐྱེ་རྒུ་མདོ་དང་དེའི་ཉེ་འདབས་ཀྱི་གནོད་འཚེ་ཕོག་ཁུལ་དུ་ཛ་དྲག་གི་སྐྱོབས་གསོའི་དངོས་ཟོག་གཡུག་མཁན་གནམ་གྲུ་གཅིག་ཀྱང་བཏང་མེད།
      ༢༽ སི་ཁྲོན་དུ་ས་ཡོམ་བྱུང་ནས་སྐར་མ་ ༩༠ ནང་སྲིད་བློན་དབུན་ཅཱ་སྦའོ་ས་ཡོམ་འབྱུང་ཁུལ་དུ་ངོ་བསྐྱོད་བྱས་པ་དང་། དེ་འཕྲལ་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་གྱིས་མྱུར་སྐྱོབས་སྨན་བཅོས་རུ་ཁག་ ༡༠ ས་གནས་སུ་བཏང་། དེ་བཞིན་ཉིན་དེ་རང་ལ་ཁྲིན་ཏུ་དམག་ཁུལ་ཁང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ་ ༥༠༠༠༠ མྱུར་སྐྱོབས་བྱེད་པར་མངགས། ཉིན་དེ་ག་རང་ལ་རྒྱ་ནག་རྒྱལ་ཡོངས་རྒུད་སྐྱོབས་ལྷན་ཚོགས་ཀྱིས་རིམ་པ་གཉིས་པའི་ཛ་དྲག་སྔོན་དཔག་གི་འཆར་གཞི་བཏིངས་ཤིང་། ཉིན་དེ་གའི་ཕྱི་དྲོར་འཆར་གཞི་དེ་རིམ་པ་དང་པོར་སྤར། གཞན་ཡང་ཐེ་ཝན་དང་ཉི་ཧོང་སོགས་ཀྱི་ཆེད་ལས་མྱུར་སྐྱོབས་མི་སྣ་ས་གནས་སུ་བཏང་ཡོད། དེར་བརྟེན། སི་ཁྲོན་གྱི་ས་ཡོམ་གྱི་ཁང་པ་འགྱེལ་བའི་འོག་ནས་བསྐྱབས་ཐུབ་པའི་མིའི་གྲངས་འབོར་མང་པོ་རེད།
      འོན་ཀྱང་སྐྱེ་རྒུ་མདོའི་ས་ཡོམ་ནང་བཏང་བའི་དམག་འབོར་ཉུང་བ་ཙམ་དུ་མ་ཟད། བོད་ཀྱི་ས་བབས་མཐོ་སར་གོམས་འདྲིས་མེད་པའི་དམག་མི་ཡིན་སྟབས། གཞན་བསྐྱབ་ཐུབ་རྒྱུ་ལྟ་ཅི་རང་ཉིད་ལ་སྲོག་རླུང་མ་འདང་པར་གནས་དགོས་བྱུང་ཡོད། དབུན་ཅ་སྦའོ་དང་ཧུའུ་ཅིང་ཐའོ་གཉིས་ས་གནས་སུ་སླེབས་ཀྱང་། སྡོད་ཡུན་ཐུང་ཞིང་ལས་དོན་བཀོད་སྒྲིག་བྱེད་སྟངས་ལ་བལྟས་ན། སྔོན་མ་ཁོང་གཉིས་སི་ཁྲོན་དུ་ས་ཡོམ་བྱུང་སྐབས་བསྐྱོད་སྟབས། ད་རེས་མི་རིགས་དབྱེ་འབྱེད་བྱས་མེད་ཁུལ་གྱི་རྣམ་འགྱུར་སྟོན་ཆེད་ཙམ་དུ་ཡོང་བ་མིན་ནམ་སྙམ།
ཅ༽ ཁང་པ་འགྱེལ་ཚད། སྐྱེ་རྒུ་མདོའི་ཁང་པ་བརྒྱ་ཆ་ ༨༥ ཙམ་ས་ཡོམ་ནང་འགྱེལ་ཡོད། དེ་ནི་ཁྱོན་ཡོངས་ཀྱི་ལྟ་སྟངས་ཤིག་རེད། འོན་ཀྱང་མ་འགྱེལ་བར་ལྷག་པའི་ཁང་པ་དེ་དག་གང་དང་གང་ཡིན་ནམ་ཞེ་ན། གཞུང་གི་ཁང་པ་ཁག་རེད། དེར་བརྟེན་ཚིག་གཞན་གྱིས་བཤད་ན། བོད་རིགས་མང་ཚོགས་ཀྱི་སྡོད་ཁང་བརྒྱ་ཆ་ ༩༩ ས་ཡོམ་ནང་འགྱེལ་བ་རེད། གཅིག་བྱས་ན། འདི་བོད་མིའི་གོ་རྟོགས་ཤིག་དང་འབྲེལ་བ་ཡོད་སྲིད། གཅིག་བྱས་ན་འདི་འཚོ་བའི་ཆུ་ཚད་དང་འབྲེལ་བ་ཡོད་སྲིད། དེ་གཉིས་ག་རེ་ཡིན་རུང་རྒྱ་ནག་གཞུང་ལ་འགན་ཡོད་རེད།
ཆ༽ སྐྱེ་རྒུ་མདོའི་བོད་ཕྲུག སྐྱེ་རྒུ་མདོའི་གནས་ཚུལ་ལ་བལྟ་སྐབས། མི་རྒན་པའི་ནང་རྒྱ་སྐད་ཤེས་མཁན་ཉུང་ཙམ་ཡིན་པ་འདྲ། འོན་ཀྱང་ཕྲུ་གུ་ཚོར་མཚོན་ན། བྱིས་པ་ལོ་ ༧།༨ དེ་ཚོས་ཀྱང་རྒྱ་སྐད་ཧ་ཅང་ཡག་པོ་བཤད་ཀྱི་འདུག ང་རང་གི་ལྟ་སྟངས་ལྟར་ན། འདི་ཡག་རྟགས་ཤིག་རྩ་བ་ནས་མ་རེད། བོད་ཕྲུག་དེ་ཚོ་རིམ་པས་རྒྱ་རིགས་ཅན་དུ་སྒྱུར་བཞིན་ཡོད་པའི་དཔང་རྟགས་ཤིག་རེད། བཙན་བྱོལ་གྱི་སློབ་གྲྭའི་ནང་དུ། སྔོན་འགྲོའི་འཛིན་གྲྭ་ནས་དབྱིན་ཡིག་བསླབས་ན་ཡང་། ལོ་ ༡༠ ལ་སོན་པའི་བྱིས་པས་ཀྱང་དབྱིན་སྐད་ཡག་པོ་དེ་འདྲ་བཤད་ཤེས་ཀྱི་མ་རེད། འདི་ལས་སྐྱེ་རྒུ་མདོས་མཚོན་པའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་ཅན་དུ་བསྒྱུར་བའི་གནད་དོན་འདི་ཚབས་ཆེ་ཆུང་ཅི་ཙམ་དུ་སླེབས་ཡོད་མེད་མཐོང་ཐུབ།
ཇ༽ གྲྭ་པའི་གཟུགས་བརྙན། མདང་དགོང་ངས་པེ་ཅིང་དུ་ཡོད་པའི་རྒྱ་རིགས་སློབ་གྲོགས་ཤིག་ལ་ཁ་པར་བཏང་སྟེ། སྐྱེ་རྒུ་མདོའི་ས་ཡོམ་གྱི་སྐོར་བཤད། ངེད་གཉིས་ཀྱི་སྐད་ཆ་དེ་རང་བཞིན་གྱིས་ད་རེས་ས་ཡོམ་གྱི་གོད་ཆག་ནང་བོད་པའི་གྲྭ་པས་ནུས་པ་ཧ་ཅང་ཆེན་པོ་བཏོན་ཀྱང་། རྒྱ་ནག་གཞུང་གི་གསར་འགྱུར་ཁག་ཏུ་དེའི་སྐོར་ཆེད་དུ་ནག་བསུབ་བཏང་བའི་གནད་དོན་གླེང་། མཚམས་ཤིག་ཏུ་ངས། རྒྱ་ནག་གཞུང་གི་བྱེད་སྟངས་དེ་ནི་ཧ་ཅང་བྱབ་ཆུང་རེད། བོད་རིགས་མི་དམངས་དང་ཕྱི་རྒྱལ་གསར་འགོད་པ་ཚོས་གནས་ཚུལ་གསལ་པོར་མཐོང་བཞིན་དུ། འདི་ལྟར་སྐྱག་རྫུན་བཤད་དེ་རྒྱ་གཞུང་ལ་ཕན་ཐོགས་གང་ཡང་མེད། དེ་ལས་གྲྭ་པ་དང་དམག་མི་མཉམ་རུབ་ཀྱིས་བོད་མི་བསྐྱབས་པའི་གནས་ཚུལ་སྤེལ་ན། ཧ་ཅང་གིས་ནུས་པ་ཆེན་པོ་ཐོན་ངེས་རེད་ཅེས་བཤད། འོན་ཀྱང་ངའི་སློབ་གྲོགས་དེས་གད་མོ་དགོད་བཞིན། གྲོགས་པོ་རྡོ་རྗེ། ཁྱེད་རང་ལ་ད་དུང་ལྷད་མེད་མགོ་རྨོངས་ཀྱི་བོད་པའི་གཤིས་ཀ་དེ་བསྡད་འདུག་ཟེར། ངས་ཞིབ་པར་འདྲི་སྐབས་ཁོང་གིས།
    ༢༠༠༨ ལོ་ནས་རྒྱ་ནག་གཞུང་གིས་ཐག་གཅོད་ཆེན་པོ་ཞིག་བྱས་ཟིན་པ་རེད། དེ་ནི། བོད་པའི་གྲྭ་པའི་གཟུགས་བརྙན་ཞི་དུལ་དང་གཞན་ཕན་ཅན་ནས་དྲག་སྤྱོད་པ་དང་ཚུལ་མིན་ཅན་ཞིག་ཏུ་བསྒྱུར་རྒྱུ་དེ་རེད། དེའི་ཆེད་དུ་ལྷ་སའི་ ༣༌༡༤ རུ་འབོད་པ་དེ་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་བསྟན་པར་མ་ཟད། བོད་ཁུལ་གྱི་དགོན་པས་མེ་མདའ་དང་འབར་རྫས་ཉར་ཏེ་དྲག་སྤྱོད་བྱེད་རྩིས་ཡོད་པའི་གནས་ཚུལ་ཐེངས་མང་སྤེལ་ཟིན་པ་རེད། དེ་བཞིན་ ༡༩༥༩ གོང་དུ་སེར་མོ་བས་སྐྱིད་ཉལ་བརྒྱབ་སྟེ་མི་སེར་གྱི་རྔུལ་ཁྲག་འཇིབས་བཞིན་ཡོད་ཚུལ་ཡང་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱེད་བཞིན་ཡོད། དེར་བརྟེན་གློ་བུར་དུ་བོད་ཀྱི་གྲྭ་པ་ཚོས་རང་སྲོག་བློས་གཏོང་གིས་གཞན་ཕན་བྱེད་པ་ཙམ་མ་ཟད། བྱ་སྤྱོད་ཀྱི་མྱུར་ཚད་དང་བཟང་ཚད་དེ་ཏང་དང་དམག་དཔུང་གི་སྔོན་དུ་ཤོར་ནས་བྱ་བཟང་སྒྲུབ་ཚུལ་རྣམས་རྒྱ་ནག་རྒྱལ་ཡོངས་སུ་བསྟན་ཚེ། རྒྱ་རིགས་ཡོངས་ཀྱི་སེམས་ལ་གཡོ་འགུལ་ཐེབས་རྒྱུ་རེད་ལ། བོད་པའི་གྲྭ་པའི་གཟུགས་བརྙན་ངོ་མ་དེ་མཐོང་གི་རེད། དེ་ནི་ཏང་དང་རྒྱལ་ཁབ་ལ་འཇིགས་སྣང་ཧ་ཅང་ཆེ་བ་ཞིག་རེད། མདོར་བསྡུས་ནས་བཤད་ན། ༢༠༠༨ ལོའི་དྲག་གནོན་དེ་ནོར་འཁྲུལ་ཡིན་པར་ཁས་བླངས་པ་ལྟ་བུ་རེད་ཟེར།
    ཉ༽ བཙན་བྱོལ་བོད་མིའི་རྣམ་འགྱུར།  ས་ཡོམ་བྱུང་རྗེས་༸གོང་ས་མཆོག་གིས་འཕྲལ་མ་ཉིད་དུ་གསུང་འཕྲིན་སྩལ་བ་དང་བོད་གཞུང་དང་ཆོས་སྡེ་ཁག་གིས་བསྔོ་སྨོན་གནང་བ། དེ་བཞིན་ཆོས་རྒྱུད་རིས་མེད་ཀྱི་དབུ་ཁྲིད་རྣམ་པས་ཐུགས་སྨོན་གནང་བ་བཅས་ནི་ཧ་ཅང་ནུས་ཤུགས་ཅན་ཞིག་རེད། དེ་དག་གིས་བོད་ནང་གི་མི་དམངས་ཀྱི་སེམས་སྡུག་སེལ་རྒྱུར་ཕན་པ་ཙམ་མ་ཟད། རྡོག་རྩ་གཅིག་སྒྲིལ་གྱིས་གདུང་སེམས་མཉམ་སྐྱེད་བྱེད་པར་ཡང་ནུས་པ་ཆེན་པོ་ཐོན་ཡོད། བཙན་བྱོལ་བོད་མི་བྱིངས་ལ་མཚོན་ནའང་། གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་ཧ་ཅང་ཡག་པོ་འདུག
  འོན་ཀྱང་ང་རང་གི་ལྟ་སྟངས་ལྟར་ན། གནས་ཚུལ་ཛ་དྲག་འདི་འདྲ་བྱུང་སྐབས། གཞུང་དང་གཞུང་འབྲེལ་མ་ཡིན་པ་ཚང་མར་འཆར་གཞི་གསལ་པོ་མེད་པ་དང་། འབོད་སྒྲ་གཅིག་གྱུར་མེད་པ་འདི་ཞན་ཆ་ཞིག་རེད་སྙམ། མ་འོངས་པར་འདི་དང་འདི་ལྟ་བུའི་ཛ་དྲག་གི་གནས་ཚུལ་ཡོང་སྲིད་པ་རེད། དེར་བརྟེན། བཀའ་བློན་ཁྲི་པའི་འོག་ཏུ་ཛ་དྲག་གི་ལས་འགུལ་ཚོགས་ཆུང་གཏན་འཇགས་ཤིག་ངེས་པར་དགོས་འདུག ཚོགས་ཆུང་དེས་སྔོན་ཚུད་ནས་སྤྱི་ཚོགས་ཀྱི་རྙོག་ཟིང་དང་ཆབ་སྲིད་ཀྱི་གནས་ཚུལ། འབྱུང་བའི་གནོད་འཚེ་སོགས་ཛ་དྲག་གི་གནས་ཚུལ་བྱུང་སྐབས། ལམ་སེང་གཅིག་གྱུར་གྱི་བཀོད་འདོམས་དང་གཅིག་གྱུར་གྱི་འཆར་གཞི་གཞིར་བཟུང་ལས་འགུལ་སྤེལ་དགོས་འདུག་དྲན།། །།

No comments:

Post a Comment