༡༽
རི་བོ་མེར་གྱིས་ཉིལ། ཆུ་བོ་ངར་གྱིས་བརྡོལ། སྐད་ཅིག་མའི་ཆག་སྒོ་བཙན་པོས། མཛེས་སྡུག་ཁྱིམ་གཞིས་བརླགས་སོང་།
གནམ་ས་གཡོ་བའི་འཇིགས་སྣང་གི་ཁྲོད་ན། སེམས་དང་སེམས་ཀྱི་མུ་ཁྱུད་བར་ན།
ངའི་ཕ་མ་ཤ་ཉེ་ཁ་ཁ་གཏོར་སོང་། ངའི་ཕུ་ནུ་མིང་སྲིང་གི་ཚེ་སྲོག་འཕྲོག་སོང་།
ཨོྃ་མ་ཎི་པདྨེ་ཧཱུྃ།
ཨོྃ་མ་ཎི་པདྨེ་ཧཱུྃ།
ཨོྃ་མ་ཎི་པདྨེ་ཧཱུྃ།
སྨྲེ་ངག་གི་ཀློང་ན། ངུ་འབོད་ཀྱི་ཁྲོད་ན། ཤི་གསོན་བར་གྱི་མིག་ཆུའི་ཐིགས་པ་རེ་རེ། ཆེས་མཐའ་མཇུག་གི་དྲན་རྟེན་དུ་ལུས།
༢༽
རྩྭ་ཐང་ཧར་གྱིས་བཅད། ཁང་མིག་རྡུལ་དུ་བརླགས།
བཟློག་མེད་ཀྱི་ལས་དབང་བཙན་པོས། ཕ་མེས་ཀྱི་བླ་མཁར་གཏོར་སོང་། རི་ཆུ་སྒུལ་བའི་སྐྱི་གཡའ་བའི་ཁྲོད་ན།
ལག་དང་ལག་གདང་སྦྲེལ་བའི་མཚམས་ན། ངའི་ཕ་མ་ཤ་ཉེ་ཁ་ཁ་གཏོར་སོང་།ངའི་ཕུ་ནུ་མིང་སྲིང་གི་ཚེ་སྲོག་འཕྲོག་སོང་།
ཨོྃ་མ་ཎི་པདྨེ་ཧཱུྃ།
ཨོྃ་མ་ཎི་པདྨེ་ཧཱུྃ།
ཨོྃ་མ་ཎི་པདྨེ་ཧཱུྃ།
མིག་ཆུའི་ཀློང་ན། ན་ཟུག་གི་ཁྲོད་ན། ཤི་གསོན་བར་གྱི་སྐྱོ་བའི་དབྱངས་རྟ་རེ་རེ། ཆེས་མཐའ་མཇུག་གི་དྲན་རྟེན་དུ་ལུས།
No comments:
Post a Comment