འབྱུང་བ་འཁྲུག་པའི་གོད་ཆག་གཏུམ་པོས་སྐྱེ་རྒུའི་རི་ལུང་ཡོམ་ཡོམ་སྒུལ།།
བཀྲ་ཤིས་ལུང་པའི་ཕུ་འདའ་མ་ལུས་ངུ་འབོད་འཐབ་པའི་སྒྲ་ཡིས་ཁེངས།།
དགའ་འཛུམ་མདངས་ཀྱི་ཁ་དོག་མང་པོ་ཐལ་རླུང་འཚུབ་མས་ཡོངས་སུ་བཅོམས།།
ཚེ་སྲོག་ལྗོན་པ་སྟོང་གི་རྩེ་མོ་གཤིན་རྗེའི་ཞགས་པས་བཅད་དེ་ཐལ།།
གློག་རླབས་སྣེ་མོའི་མི་སྙན་གཏམ་གྱིས་རྣ་བ་མང་པོའི་བུ་ག་ཕུག།
མི་སེམས་མང་པོའི་ལྷིང་འཇགས་པདྨོ་ཕྱོགས་སུ་རྒྱས་པའི་འདབ་ལོའི་ཕྲེང་།།
གློ་བུར་བཅོམ་པའི་མྱ་ངན་རླུང་བུས་ས་ཡ་དྲུག་གི་སེམས་པ་སྒུལ།།
གོད་ཆག་ཁྲོད་གྱི་ལག་རྡང་མདུད་པས་སྒ་བ་སྐྱེ་རྒུ་དམ་དུ་འཁྱུད།།
ལག་པ་ལེབ་མོའི་ཕྱི་ནང་ཤ་ཡིན་མཛུབ་མོ་ལྔ་པོ་སྤུན་ཡིན་ཞེས།།
ཆོལ་ཁ་གསུམ་གྱི་སྤུན་ཟླའི་བརྩེ་བ་དུས་གཅིག་འཕྱུར་བའི་རྦ་རླབས་ཀྱིས།།
སེམས་པ་མང་པོའི་ཕྱི་ནང་བཀྲུས་པའི་མི་ཤིག་ཆིག་སྒྲིལ་རྡོ་རྗེའི་རྒྱ།།
ས་ཡ་དྲུག་གི་སྙིང་ལ་བསྲིངས་པ་བསྐལ་བའི་བར་གྱི་སྒྲོན་མེ་ཉིད།།
ཐལ་རྡུལ་འགོས་པའི་མྱ་ངན་ངོ་གདོང་བྱམས་བརྩེའི་ཕྱག་གིས་བྱིལ་བ་ཡི།།
བྱང་སེམས་མཚོན་ཆ་སྙིང་ལ་ཉར་བ་སྐྱབས་གནས་འཕགས་པའི་དགེ་འདུན་ཚོགས།།
ཕྱོགས་དང་ཕྱོགས་ནས་སྐྱེ་རྒུར་ལུད་པས་བརྒྱ་སྟོང་ཚེ་སྲོག་དུས་གཅིག་བསྐྱབས།།
ཤར་ནུབ་འཛིན་མའི་གདགས་སྲིབ་ཀུན་ན་བསྟོད་པའི་སྙིམ་པ་ཐོད་དུ་བརྩེགས།།
བརྒྱ་བྱིན་ཚལ་ཡང་ཕམ་པ་ལྟར་བྱེད་བཀོད་ལེགས་བ་གམ་མཐོན་པོ་ན།།
འགྲོ་བ་རྣམས་ལ་སྤྱན་གྱིས་གཟིགས་པའི་བླ་སྤུལ་མཁས་པ་མང་པོའི་ཚོགས།།
བཞེངས་ཐེངས་གཅིག་གིས་སྐྱེ་རྒུར་འཛོམས་ཏེ་བསྔོ་སྨོན་སྐྱབས་འཇུག་བཀྲ་ཤིས་དབྱངས།།
ཉིན་མཚན་དུས་ཀྱི་སྣེ་མོར་སྦྲེལ་བ་བསོད་ནམས་དཔྱིད་ཀྱི་དཔལ་དུ་ཤར།།
ཕྱོགས་དང་མཚམས་ཀྱི་མགོ་ནག་བོད་པས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་།།
སྡུག་གི་ཁུར་པོ་མཉམ་འདེགས་སྟོབས་ཤུགས་སྐྱེ་རྒུ་མདོ་ལ་བསྐྱིལ་བ་ལས།།
བྱམས་དང་བརྩེ་བའི་ལག་པ་མང་པོ་འཇུ་ས་འཆང་ས་གཅིག་ཏུ་བརྒྱུས།།
དེ་ཚེ་རྣམ་པར་རྒྱལ་བའི་སྐྱ་རེངས་སྐྱེ་རྒུའི་སྙིང་གི་ཟབ་སར་བརྐོས།།
བཅུ་ཕྲག་བགྲང་བྱའི་སྔ་རོལ་ཞིག་ལ་དམར་པོའི་དམག་གིས་བོད་ཁམས་དཀྲུགས།།
གཙུག་ལག་ཕ་མཁར་ཆེ་ཆུང་མང་པོ་སྒྱོགས་མདེལ་ཞེད་པོས་ས་ལ་བརྡལ།།
དད་ལྡན་གཏོང་ཕོད་སྙིམ་པ་མང་པོས་སྔོན་གྱི་བཀོད་པ་གསར་པ་བསྐྲུན།།
བརྩེ་མེད་འབྱུང་བ་དཀྲུགས་པའི་གཤེད་མས་ཐང་ལ་བརྡལ་འདི་ཅི་ཡིས་ལན།།
དགའ་འཛུམ་སྤྲོ་བའི་ཀློང་ན་སྐྱོམ་པའི་མཐིང་སྨུག་མགོ་སྦྲ་ཀླད་ནས་བཤུས།།
མི་འདོད་རྡོ་ཁང་གྲུ་བཞིའི་ནང་ལ་བཙན་དང་དབང་གིས་ཚ་འདེད་བྱས།།
ད་ཀོ་ས་ཆེན་གཡོ་ཐེངས་གཅིག་གིས་ས་ལ་བསྒྱེལ་བའི་རྡུལ་ཁྲོད་ནས།།
བདག་གི་སྤུན་ཟླ་མང་པོའི་ཚེ་སྲོག་དུས་གཅིག་བསྒྱེལ་འདི་ཅི་ཡིས་ལན།།
འདི་ཕྱི་གཏན་གྱི་སྐྱབས་སུ་རེ་བ་བྱེ་བ་ཕྲག་བརྒྱའི་ལྷ་ཡི་ཚོགས།།
བར་ཆད་འཚུམ་མས་བདས་པའི་གྲོགས་དང་གཉེན་གྱི་ཚོགས་འདི་ད་སྐྱོབས་ཤིག།
བར་དོའི་ཁམས་ཀྱི་འགྲུལ་མཁན་དག་ལ་དག་པའི་ས་མཁན་ད་མཛོད་ཅིག།
ཤི་གསོན་མཚམས་ཀྱི་རྨས་མ་འདི་དག་ཡར་ལངས་ཕྱག་ཟུང་ད་རྐྱོངས་ཤིག།
No comments:
Post a Comment