Friday, 18 March 2011

ས་འགུལ་ཁྲོད་ཀྱི་གནས་ཚུལ། འོད་ཟེར། པེ་ཅིན། ནགས་ཤོད་སད་མིས་བསྒྱུར།








ས་ཡོམ་གྱི་གནས་ཚུལ་ཐོན་པའི་སྐབས་སུ། ༼སེར་ཤུལ༽ཁྲི་པ་རིན་པོ་ཆེ་ཏག་ཏག་ཧྲིང་ཀྲིང་གྲོང་ཁྱེར་ལ་ཡོད་པ་རེད། ཐོག་དང་པོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་དུ་ས་འགུལ་གྱི་གནོད་འཚེ་ཐེབས་པ་གསན་རྗེས། འཕྲལ་མ་ཉིད་ལ་སེར་ཤུལ་དགོན་ཆེན་དུ་ཁ་པར་བཏང་སྟེ་ལམ་སེང་མྱུར་སྐྱོད་བྱ་དགོས་པའི་བཀོད་ཁྱབ་གནང་། དེའི་ཚེ་རང་ལོ ༢༠ ཡན་གྱི་དགེ་འདུན་པ ༩༠༠ ལྷག་དོ་སྐྱེལ་རླངས་འཁོར ༥༠ ལ་བསྡད་ནས། ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་ལྟེ་གནས་སྐྱེ་རྒུ་མདོར་མདུན་སྐྱོད་བྱས། ཉིན་དེ་རང་གི་ཆུ་ཚོད ༡༢ ཡོལ་ཙམ་ཞིག་ནས། དགེ་འདུན་པ ༩༠༠ ཙམ་གནོད་ཐེབས་ས་གནས་སུ་འབྱོར། བཀྲ་ཤིས་ཁ་རྟ་རྒྱུག་ཐང་ཉེ་མཁྲིས་ཀྱི་ས་རོ་རྡོ་རོའི་ཁྲོད་ནས་དགེ་འདུན་པ་ཚོས་མི ༧༠༠ ལྷག་ས་འོག་ནས་བསློགས། གཉིད་ལམ་ནང་གོད་ཆག་ཕོག་པའི་མི་འདི་ཚོ་དགེ་འདུན་པ་ཚོས་ཀམ་པ་ལིང་དང་རས་ཆ་སོགས་ཀྱིས་འཐུམ་གྱིན་རེ་རེ་བྱས་ནས་བཀྲི་ཤིས་རྟ་རྒྱུག་ཐང་དུ་བསྐྱལ་སོང་། མི་མགོ་དྲུག་བརྒྱ་ལྷག་རྨས་ཕོག་ཡོད་ན་ཡང་། འཆི་སྐྱོན་ལས་ཐར་ཡོད་པ་རེད།
ཁྲི་པ་རིན་པོ་ཆེ་ཉིན་དེ་རང་ངུ་གནམ་གྲུར་བཞུགས་ནས་ཤིས་ཉིང་དུ་ཕེབས་འབྱོར་བྱུང་བ་དང་། ངལ་གསོ་བྱ་ལོང་མ་བྱུང་བར་དེ་མུར་རླངས་འཁོར་ལ་བཞུགས་ནས་ཡུལ་ཤུལ་ཕྱོགས་སུ་བསྙེགས། ཚེས ༡༦ དགོང་མོ་ཁྲི་པ་རིན་པོ་ཆེ་བཀྲ་ཤིས་ཁ་རྟ་རྒྱུག་ཐང་དུ་འབྱོར། ཁོང་གིས་འདས་པོ ༤༠༠ ལྷག་གི་ཕུང་པོ་རླུང་བུ་གཡུག་བཞིན་པའི་ས་འཁྱག་ཏུ་བཞག་ཡོད་པ་གཟིགས་རྗེས། ཁྲི་པ་རིན་པོ་ཆེ་བྲེལ་མྱུར་ངང་འདས་པོར་བསྔོ་སྨོན་བྱ་བཞིན་པའི་དགེ་འདུན་པ་ཚོའི་གྲལ་དུ་ཞུགས།



ཕྱི་ཉིན་ཁྲི་པ་རིན་པོ་ཆེའི་མདུན་དུ་འདས་པོ་སྟོང་ཚོ་ལྷག་གི་ཕུང་པོ་བསྐྱལ་ཡོང་། ཉིན་དེར་ལྷ་མོ་མཚོས་ཁང་ཤུལ་གྱི་གྱང་རོའི་གསེབ་ནས་མོ་རང་གི་ཁྱོ་ག་ཡོད་སར་བཙལ་འཚོལ་བྱས་པས། ད་གཟོད་མོས་རང་གི་སྐྱེས་པ་གྲོངས་ཚར་བ་མཐོང་བས། ཨིན། ཨིན། ཨིན། རིན་པོ་ཆེ་ཞེས་ཁྲི་པ་རིན་པོ་ཆེའི་ཞབས་ཟུང་དམ་པོར་འཁྱུད། ངུ་ངག་གིས་དབུགས་ཀྱང་འགགས་ཀྱིན། ངས། ང་རང་གི་ཁྱོ་ག་བཀྲོངས་པ་རེད་ཟེར་ནས་ངུ་འབོད་བྱས། ཁྲི་པ་རིན་པོ་ཆེས་ང་ཚོའི་དགེ་འདུན་པ་ཚོ་ཏོག་ཙམ་སྔོན་ལ་སླེབས་ཡོད་ཚེ། གཅིག་བྱས་ན་ཁོང་གི་ཁྱོ་ག་སྐྱོབ་ཐུབ་སྲིད་གསུངས།
ཁྲི་པ་རིན་པོ་ཆེས་མོ་རང་ལ་ཕྱག་དབང་གནང་ནས་བྱིན་རླབས་བསྩལ་བ་དང་། བློ་བག་ཕེབས་པོས་གསུངས་དོན།འཇིག་རྟེན་འདི་ན་སྐྱེས་ཕྱིན། སུ་ཞིག་འཆི་འཕོ་མི་ལྟུང་བ་ཡོད། བོད་མི་ཞིག་ཡིན་པའི་ཆ་ནས། འཆི་བ་ཟེར་བ་སྒོ་ཐེམ་སྟེང་དུ་ཡོད་པའི་གནས་ལུགས་འདི་ཤེས་དགོས་ངེས་ཤིག་རེད། སྒོ་ཐེམ་འདི་བརྒལ་ནས་ཀྱང་ད་དུང་དེ་ལས་རིང་བའི་བཤུལ་ལམ་རིང་མོ་བགྲོད་དགོས། ང་ཚོ་བོད་མི་ཚོར་ཁ་རྒྱུན་འདི་འདྲ་ཞིག་ཡོད་པ་ཁྱོད་ཀྱིས་བརྗེད་མི་རུང་། མི་ཚང་མ་འཆི་བ་ཡོད་ཀྱང་། དངོས་གནས་ཤི་མཁན་ཡོད་པ་མ་རེད་ཟེར་བ་མིན་ནམ།
དེ་ལྟའང། དགེ་འདུན་པ་འདི་ཚོ་ཞལ་འདེབས་མེད་ལ། དགོང་འཚོགས་ཀྱང་མེད། ཁོང་ཚོ་ཁུ་སིམ་སིམ་གྱིས་ཡོང་ནས་སྐད་ངག་དམའ་མོས་འདོན་པ་གྱེར། ཡང་ཁོང་ཚོ་འཇམ་ཐིང་ཐིང་གིས་བྲལ་འགྲོ་ལ་མིག་ཆུ་ཡང་མེད། ཁོང་ཚོས་ཁོང་ཅག་ནི་མི་སེམས་ཀྱི་ཀ་བ་ཡིན་པའང་རྩོད་ཀྱིན་མེད། འདི་འདྲར་སོང་བས། ཁོང་ཅག་ནི་ང་ཚོའི་དད་གུས་བླ་མེད་ཀྱི་དམིགས་ས་ཉག་ཅིག་ཡིན།

No comments:

Post a Comment