ས་འགུལ་གནོད་འཚེ་ཐེབས་ཡུལ་གྱི་ཡུལ་ཤུལ་མི་དམངས་ནས་ཧུའུ་ཀྲུའུ་ཞི་དང་ཝུན་ཙུང་ལི་ལ་སྤྲིངས་པའི་ཡི་གེ་ཞིག ཧུའུ་ཀྲུའུ་ཞི་དང་ཝུན་ཙུང་ལི། ཁྱེད་གཉིས་སྐུ་ཁམས་བཟང་། ང་ཚོར་ས་འགུལ་གྱི་རང་བྱུང་གོད་ཆག་ཆེན་པོ་བྱུང་དུས། ཁྱེད་ཅག་ཏང་ཀྲུང་དབྱང་གིས་མྱུར་མོར་དམག་མི་མངགས་གཏོང་དང་ཕྱོགས་གང་སའི་མི་སྡེའི་སྟོབས་ཤུགས་སྤྱད་ནས་ང་ཚོ་བསྐྱབས་པ་ལ་ང་ཚོ་གོད་ཆག་བྱུང་སའི་ཡུལ་མི་རྣམས་ནས་གཞུང་ལ་དགའ་ཚོར་ཆེན་པོ་དང་གཞུང་གི་རོགས་སྐྱོར་ལ་བཀའ་དྲིན་ཞུ་བཞིན་ཡོད། འོན་ཀྱང་ང་ཚོ་ནི་ཆོས་ལུགས་དད་མོས་ཡོད་པའི་ཚོགས་སྤྱི་ཞིག་ཡིན་ལ། ང་ཚོས་ནི་སྟོན་པ་སངས་རྒྱས་ལ་དད་མོས་དང་། ཨ་མྱེས་ཡང་མྱེས་བརྒྱུད་༸རྒྱལ་བ་རིན་པོ་ཆེ་༸གོང་ས་ཏ་ལའི་བླ་མ་མཆོག་ལ་དད་གུས་བྱེད་པ་ཡིན། ད་ཐེངས་ང་ཚོའི་ལུས་སེམས་གཉིས་ཆར་བརྡབ་གསིག་ཚབས་ཆེན་ཐེབས་ཡོད་པ་ལ།
ང་ཚོར་༸གོང་ས་ཏ་ལའི་བླ་མ་མཆོག་གོད་ཆག་ཐེབས་ཡུལ་དུ་ཕེབས་ནས་ང་ཚོའི་གྲོངས་ཟིན་པའི་འདས་པོ་རྣམས་ལམ་འཇུག་དང་ང་ཚོའི་རྨས་སྐྱོན་ཐེབས་པའི་སེམས་པར་སེམས་གསོ་རེ་མཛད་དགོས་ངེས་ཡིན་འདུག་ན། ད་རེས་ཧུའུ་ཀྲུའུ་ཞི་དང་ཝུན་ཙུང་ལི་རྣམས་གཉིས་ནས་སྙིང་རྗེ་ཆེར་བསྐྱེད་ཀྱིས་གང་ལྟར་ཡང་ང་ཚོ་གོད་ཆག་ཐེབས་ཡུལ་གྱི་མི་དམངས་ཀྱི་འདོད་བློ་འདི་བསྐང་རོགས་གནང་བར་འཚལ། ང་ཚོ་གོད་ཆག་ཐེབས་པའི་མི་དམངས་ཁྲི་བཅུ་ཕྲག་ཁ་ཤས་ནས་ཁྱེད་ཏང་ཀྲུང་དབྱང་གིས་གནས་སྐབས་སུ་༸གོང་ས་ཏ་ལའི་བླ་མའི་བར་གྱི་སྔར་འཁོན་གཡུགས་ནས། ང་ཚོ་གོད་ཆག་ཐེབས་ཡུལ་གྱི་མི་དམངས་ལ་དགོངས་པ་རེ་བཞེས་རོགས་ཞེས་རེ་འདུན་སྙིང་ནས་ཞུ་བཞིན་ཡོད། ང་ཚོས་༸གོང་ས་མཆོག་གོད་ཆག་ཐེབས་ཡུལ་དུ་གདན་དྲངས་ནས་ང་ཚོའི་གྲོངས་ཟིན་པའི་འདས་པོ་རྣམས་ལ་རིམ་གྲོ་བསྒྲུབ་པ་དང་།
ང་ཚོ་གོད་ཆག་ཐེབས་པའི་མི་དམངས་ལ་བསྔོ་བ་སྨོན་ལམ་རེ་བྱེད་རེ་གཅིག་པུའི་ཆོས་ལུགས་དད་མོས་ཀྱི་ཕྱོགས་ནས་མ་གཏོགས་ང་ཚོར་དམིགས་ཡུལ་གཞན་ཅི་ཡང་མེད་པ་ཡིན། ད་ཐེངས་༸གོང་ས་མཆོག་སྐུ་དངོས་སུ་ཕེབས་ཏེ་ང་ཚོར་བསྔོ་སྨོན་དང་སེམས་གསོ་མཛད་པ་ཁོ་ནས་ང་ཚོའི་སེམས་ཀྱི་རྨ་ཁ་སོས་ངེས་ཡིན་ལ།
དེ་ལས་གཞན་གྱི་ཐབས་བཀོད་མཆོག་ཏུ་གྱུར་བ་ནི་གང་ཡང་མེད་དོ༎
འདི་ནི་ད་ལྟ་རང་དྲ་ཐོག་ནས་བསྒྱུར་བ་ཡིན་པས།
དོགས་པ་འདྲ་ཡོད་ན་མ་རྩོམ་འདི་ལ་རྩ་འཛིན་བྱེད་རོགས།
དྲ་ཐག་འདི་ལ་བསྣུན།http://news.boxun.com/news/gb/china/2010/04/201004160551.shtml
No comments:
Post a Comment