འཐོར་ཞིག་གིས་བཅོམ་པའི་ངའི་སྤུན་ཟླ་རྣམ་ཤེས་སྟོང་ཚོ་དུ་མ་རྣམས།
ཁྱོད་ཚོ་དྲན་པའི་སེམས་པ་ལ་མིག་ཆུ་ཡི་མནར་གཅོད་མྱོང་དགོས། ཁྱོད་ཚོ་དྲན་པའི་སྐྱོ་གླུ་རེ་ལ་མཆིལ་མའི་ཆར་རྒྱུན་མཐེན་དགོས་བྱུང་།
འཐོར་ཞིག་གིས་བཅོམ་པའི་ངའི་སྤུན་ཟླ་རྣམ་ཤེས་སྟོང་ཚོ་དུ་མ་རྣམས། འབྱུང་བཞི་འཁྲུག་པའི་གཡོ་འགུལ་ཞིག་གིས་མཛེས་སྡུག་ལྡན་པའི་རི་ལུང་ཡོད་ཚད་ས་ཁྲག་གི་དམར་རྒྱུན་མཐེན་དུས། རང་ཡུལ་དང་ཤ་ཁྲག་གཅིག་པའི་འབྱོར་ལྡན་དང་ཤེས་ལྡན་དག་གིས་མགོ་བོ་སྒུར་དུས། ང་ལྟ་བུ་ནུས་མེད་རྣམས་ངུ་འབོད་ལས་གཞན་ཅི།
འཐོར་ཞིག་གིས་བཅོམ་པའི་ངའི་སྤུན་ཟླ་རྣམ་ཤེས་སྟོང་ཚོ་དུ་མ་རྣམས། རྒྱུས་མེད་ཀྱི་ཡུལ་ལུང་འདི་ནས་ཁྱོད་ཚོ་དྲན་ཐེངས་རེ་ལ་མར་མེ་རྐང་རེ་དང་གསོལ་འདེབས་ཐེངས་རེ་ཆད་ག་ལ་མྱོང་། ད་དངུ་རྒན་རབས་པ་དག་གིས་མ་ཎི་ལྟར་བགྲངས་པའི་གསོལ་འདེབས་དེ་ཡང་གྲངས་མེད་བྱས་ཡོད།
འཐོར་ཞིག་གིས་བཅོམ་པའི་ངའི་སྤུན་ཟླ་རྣམ་ཤེས་སྟོང་ཚོ་དུ་མ་རྣམས། བཞི་གཅིག་བཞི་ཡི་ཉི་མ་ནག་པོ་དེ་ལ་ངས་ཡིད་མུག་པའི་ཕྱིར་བལྟས་རེ་ཤོར་འགྲོ་ལ། ཡིན་ནའང་སེམས་ཁྲལ་མ་བྱེད། ཁྱོད་ཚོའི་ཤ་ཁྲག་ལས་གྲུབ་པའི་ཤུལ་ལུས་ང་ཚོས། མཛེས་སྡུག་དང་སྤྲོ་སྐྱིད་ལྡན་པའི་རང་ཡུལ་དེ་ང་ཚོས་སྔར་བཞིན་ཕུལ་ཐུབ་པའི་འབད་པ་ཉིན་མཚན་སྦྲེལ་ངེས་ཡིན། གོ་ཨེ་སོང་ལགས།
འཐོར་ཞིག་གིས་བཅོམ་པའི་ངའི་སྤུན་ཟླ་རྣམ་ཤེས་སྟོང་ཚོ་དུ་མ་རྣམས།
ཐོག་བརྩེགས་མཐོ་པོ་རི་བོར་མཉམ་ཞིང་བཀོད་ལེགས་མཛེས་པའི་ཁང་བཟང་དང་།།
ReplyDeleteསྐྱིད་འདོད་རེ་བ་སྟོང་གིས་ཁེངས་ཏེ་ཉིན་སྔོན་ལས་འཕྲོར་འཇུག་པ་ན།།
འབྱུང་བཞི་འཁྲུགས་པའི་གཡོ་འགུལ་ཞིག་གིས་ཐམས་ཅད་ཅིག་ཅར་བཅོམ་པའི་ཚེ།།
མི་འསུན་མྱ་ངམ་གླིང་འདིས་བྱིན་པའི་ཡིད་ཀྱི་གདུང་བ་དཔེ་ལས་འགོང་།།
རྐྱེན་ངན་གོད་ཆགས་སྟོང་གིས་ནོད་ཀྱང་སྙིང་སྟོབས་ཞུམ་ནས་མི་སྡོད་པར།།
ལ་རྒྱའི་མགོ་བོ་གྱེན་དུ་བཏེགས་དང་ཕ་བཟང་བཙན་པོའི་གདོང་གི་རྒྱུད།།
གོ་ལ་རྡུམ་པོ་གནས་སུ་བྱས་པའི་རྐང་གཉིས་པ་ཡི་སྐྱེ་བོ་ཡིས།།
བསྔགས་པའི་རིག་གཞུང་དགོས་འདོད་ནོར་བུ་གཅེས་པའི་ནོར་གྱི་བདག་པོ་ཡིན།།
གཅེས་ནོར་འདི་ལ་གོད་ཆགས་མེད་པར་བུ་ཚའི་གཡང་དུ་མ་ཞོག་ན།།
བཞག་པ་མེད་པའི་ཕ་ཁུ་འདས་པའི་ཤུལ་ལུས་སྐྱོང་མེད་དྭ་ཕྲུག་ཚོ།།
ཕུགས་ནོར་མེད་པའི་དབུལ་པོ་ཁོ་ནས་འཚོ་བར་རོལ་བའི་སྤྲང་པོ་ཞིག།།
བཙན་པོ་དམ་པའི་ཁྱིམ་གཞིས་མ་ཟིན་ངེས་པ་མེད་པའི་འཁྱམ་པོ་ཞིག།།
སྙིང་རྩ་མ་རུལ་བསམ་གཞིག་མཁས་ན་སྲུང་བའི་བྱ་ར་མ་ཉམས་པ།།
གཡོ་རྒྱུ་ཅན་གྱི་ཇག་རྐུན་མཁས་པས་རྐུ་བའི་བྱ་བ་མ་གྲུབ་པར།།
མེས་པོས་བཞག་པའི་ནོམ་ཅན་དངོས་པོ་བུ་ཚའི་གཡང་དུ་འཁྱིལ་བ་ལ།།
ཁུར་དུ་བབས་པའི་ལས་འགན་ལྕི་མོ་ཕྲག་ཏུ་ལྷུང་བ་མ་ཡིན་ནམ།།