Saturday, 19 March 2011

སྐྱེ་དགུ་མདོའི་སེམས་པ་བཏུས་པ། ཉི་མ་ཚེ་རིང་།



ཕྱི་ལོ་ ༢༠༠༨ ལོར། དགེ་འདུན་པ་ཚོ་མདུན་དུ་མཆོང་ནས་བདེན་པ་བསྒྲགས།
དེ་དུས་ཀྱི་གྲྭ་པ་ཚོས། མི་རིགས་ཤིག་གི་རེ་འབོད་བསྒྲགས།
དེ་དུས་ཀྱི་གྲྭ་པ་ཚོས། མངོན་འདོད་ཅིག་གི་ཕྱི་ནང་བསྟན།
དེ་དུས་ནས་བཟུང༌། དད་སེམས་ཀྱི་ཀློང་ཡངས་པོ་ན།
གྲྭ་པ་ཚོ་ས་ཡ་དྲུག་གི་སེམས་ཀྱི་དཀྱིལ་ལ་ལྷུང༌།


ཕྱི་ལོ་ ༢༠༡༠ ལོར། དགེ་འདུན་པ་ཚོ་མདུན་དུ་མཆོང་ནས་མང་ཚོགས་བསྐྱབས།
ཁ་སང་དེ་རིང༌། བོད་ཀྱི་དགེ་འདུན་པ་ཚོ་སྐྱེ་རྒུ་མདོའི་ཐལ་རྡུལ་ཁྲོད་ན་ཡོད།
ཁ་སང་དེ་རིང༌། དགེ་འདུན་པ་ཚོས་དད་ལྡན་མང་ཚོགས་ཀྱི་ཚེ་སྲོག་སྲུང་ནས་ཡོད།
ཁ་སང་དེ་རིང༌། ཆོལ་ཁ་གསུམ་པོའི་སེམས་དང་ལག་པ་སྐྱེ་རྒུ་མདོར་བསྲིངས་ཡོད།

རྒད་པོ་ལོ་ལོན་ཞིག་གིས་འདི་ལྟར་ཟེར།
གསོལ་བ་སྨོན་ལམ་འདེབས་ཡུལ་གྱི་སྐྱབས་གནས་ཚོ།
དུས་ཚོད་ཏག་ཏག་ལ་ཕེབས་སླེབས་སོང་ཟེར།
འདི་ཚོས་འདི་ཕྱི་གང་དུའང་མི་བསླུ་ཟེར།


ཕྱི་ལོ་ ༢༠༠༨ ལོར། སྲིད་གཞུང་གི་དམག་མིས་བོད་པ་མང་པོ་བསད། བོད་པ་མང་པོ་རྨས།
དེ་དུས་ཀྱི་དམག་མི་ཚོས། མེ་མདའི་རྩེ་གྲི་གཏད་ནས་བོད་པའི་གདོང་བཀག
དེ་དུས་ཀྱི་དམག་མི་ཚོས། མེ་མདའ་འདི་བོད་པ་ཚོ་གསོད་བྱེད་ཡིན་ཅེས་བཤད།
དུས་དེ་ནས་བཟུང༌། དམག་མི་ལ་བརྩེ་བ་ཡོད་པར་བཤད་ན།
སུ་གང་ཡང་ཡིད་ཆེས་མི་ཐུབ་པ་ཞིག་ཏུ་གྱུར།
གཤིན་རྗེའི་ལས་མཁན་ཁྱུ་གཅིག་ཏུ་བལྟས།

ཕྱི་ལོ་ ༢༠༡༠ ལོར། སྲིང་གཞུང་གི་དམག་མིས་བོད་པ་ཚོ་བསྐྱབས། ཚེ་སྲོག་གང་མང་བསྐྱབས།
ཁ་སང་དེ་རིང༌། དམག་མི་བྱམས་སེམས་ཅན་ཡང་ཡོད་པ་མཐོང་མགོ་ཚུགས།
ཁ་སང་དེ་རིང༌། དམག་མི་ཚོས་མང་ཚོགས་སྐྱོབ་ཀྱིན་ཡོད།
ཁ་སང་དེ་རིང༌། དམག་མི་ཚོས་མང་ཚོགས་ལ་ལག་པ་གཏོང་གི་ཡོད།

རྒན་མོ་ལོ་ལོན་ཞིག་གིས་འདི་ལྟར་ཟེར།
ས་ཡོམ་ལ་སྐྲག་གི་འདུག ད་དུང་དམག་མི་མཐོང་ནའང་སྐྲག་གི་འདུག
ཡིན་ནའང༌། འདི་ཚོ། ༢༠༠༨ ལོའི་དམག་མི་དང་འདྲ་གི་མི་འདུག
འདི་ཚོའི་ལག་ན་མེ་མདའ་མི་འདུག་ཟེར།
འདི་ཚོས་ཅ་ལག་འཕྲོག་གི་མི་འདུག་ཟེར།

No comments:

Post a Comment