༡༽ གངས་རི་མཐོན་པོའི་ཉེ་འགྲམ། ཆུ་བོ་ཆེན་པོའི་མགོ་ཁུངས། རི་མཐོ་ཞིང་ས་གཙང་བ། བོན་ཤེས་རིག་ཀྱི་ཕ་ས། བསིལ་ལྡན་ཁ་བའི་ལྗོངས་དེ་ནའང་། འཛམ་གླིང་དམག་ཆེན་སྔ་ཕྱིའི་བར་མཚམས་དེར། གནམ་ས་བླ་འོག་བསྒྱུར་བའི་གཡུལ་འཁྲུག་བྱུང་། ལུས་ཟུངས་དང་དཔུང་པ་ཅན་རྣམས་གྲི་རུ་ཤི་ཞིང་། གོ་མཚོན་མེད་པའི་དཔའ་བོ་ཁྱུ་གཅིག་བཙོན་དུ་ཤི། ཕལ་མོ་ཆེ་ནི་ནས་འབྲུ་རེ་ལ་ཟླ་བ་རེ་ཟོས་ཤིང་། རུས་རྐང་རེ་ལ་ལོ་འཁོར་རེ་སྣོམ་ཤིང་མཐའ་མ་དེར་དུང་མདོག་གི་མགོ་རུས་ལ་རླུང་བུས་བཏབ་ན་སིང་སིང་གི་སྒྲ་གྲགས་སྐད། དེ་ལྟར་ཤེས་རབ་ཅན་དང་། ཚུལ་ཁྲིམས་ཅན། བརྩོན་འགྲུས་ཅན་རྣམས་ནི་འཆི་ལུགས་གནག་པོ་ཞིག་གིས་གཤིན་རྗེ་རྒྱལ་པོའི་སྒོ་དྲུང་དུ་དེད་སོང་ཟེར། ང་ཚོའི་མིག་གིས་འཇིག་རྟེན་འདི་མཐོང་བའི་དུས་སུ་རི་བོ་རྣམས་འོ་དོད་ལྷང་ལྷང་དང་། ཆུ་བོ་རྣམས་སྡུག་གཏམ་ཤུབ་ཤུབ་ཏུ་འདུག ལོ་རབས་འདི་དག་ཏུ་ཆེས་ཐབས་སྡུག་གི་དུས་ཚོད་ཉིན་མཚན་འཁྱོངས་དཀའ་བ་ཞིག་སྟེ་ཉི་མ་ལྷོ་རུ་བཞུད་ཅིང་ཟླ་བ་གཟའ་ཡིས་ཟིན་པའི་གནམ་སྟོང་གི་མུན་ནག་སྟེ། མདོར་ན་གངས་རི་ལ་མགོན་པོ་མེད་པའི་ནག་ཁུངས་ཀྱི་མཚན་མོ་དེ་རེད།
༢༽
དེ་ལྟར་མུ་ནས་མུ་དང་ཡུན་ནས་ཡུན་དུ། སྟོང་ལོ་གསར་སྙིང་གི་སྣེ་མོ་འཐབ་ཅིང་། ཤར་ནུབ་སྤྱི་ཚོགས་ཀྱི་ལྟ་བ་འཐབ། ཆོས་དང་ཚན་རིག་གི་འགལ་འདུ་འཐབ་ཅིང་། འབྱོར་ལྡན་དང་དབུལ་པོའི་སེམས་ཁམས་འཐབ། ནམ་མཁའི་ཁྭ་དང་འུག་པ་འཐབ་ཅིང་། ས་ཡི་ལུང་ཚན་དང་རྒྱལ་ཁམས་འཐབ་པའི་དུས་དེར། འཆལ་སྤྱོད་དང་། གཏུམ་དྲག ཧམ་ཤེད། འདོད་རྔམས་ཀྱི་ནད་ཡམས་ཤིག་གིས་ཤུལ་དུ་ལུས་པའི་གདོང་དམར་པའི་སེམས་ཁམས་རྙོིགས་སོང་། དེ་ནས་ལས་འབྲས་ལ་རྣམ་དབྱེ་མེད་ཅིང་སྔ་ཕྱི་ལ་འདང་རྒྱག་མེད་པའི་དམུ་རྒོད་ཁྱུ་གཅིག་འདི་ན་ལྷག འདི་དག་ནི་ཅི་དགོས་ཀྱི་འཆར་གཞི་དང་། ལངས་ཕྱོགས་ལ་ངེས་པ་མེད་པས་དམར་ཧྲེང་དུ་སྲང་ལམ་དུ་རྒྱུ་བ་ཉུང་ཉུང་མིན། རྩྭ་ཐུར་རྐང་གཅིག་ལ་ཕུ་ནུའི་སྙིང་ཁྲག་བཙག ཞིང་ཁ་འཁྱིད་གང་ལ་མ་སྲུའི་མགོ་བོ་བཀོག རང་ཕྱོགས་ལ་གཉའ་བ་སྦོམ་ཞིང་གཞན་ཕྱོགས་ལ་སྒྱིད་པ་ཕྲ། བྲོས་རྒྱུ་ལ་གཙོ་བོ་བྱེད། དེས་ན་རྒྱུན་དུ་བཅར་བརྡུང་རེག་གིན་ཡོད། གལ་ཏེ་བྲོས་ལམ་མ་རྙེད་ན་ལྕེ་ནར་ནར་དང་། མིག་ཟིམ་ཟིམ་གྱིས་གདན་ལ་བསུ་ནས་ཡོད་ཚད་མདུན་དུ་སྤུངས། དེ་ལྟར་རང་ཉིད་ལ་སྒམ་བརླིང་དང་ཚུགས་ཀ་ཅི་ཡང་མེད་པས་ཙོག་ཙོག་ཏུ་ཡེ་ནས་འདུག་མི་ཐུབ་ཅིང་བྲོས་འགྲོ་རྒྱུ་དང་། ཕྱག་འཚལ་རྒྱུ་གཉིས་ལས་གདམ་ཁ་གཞན་མི་ཤེས། ཀྱེ་མ། ཁྲི་སྲོང་བཙན་དང་། མགར་སྟོང་བཙན་སོགས་མཚུན་ལྷ་སྐོར་ཞིག་དུར་ཁུང་ནས་ངུ་རྒྱངས་ཤོར་ངེས། འོན་ཀྱང་ཁོང་ཅག་ལ་ལེ་ཁག་མེད་དེ། ཕ་མེས་ཀྱི་བླ་རྐང་བླངས། མི་བུ་ཡི་སྒལ་རུས་བཅག རིག་པའི་གཞུང་ལུགས་ཀྱི་བླ་འོག་འཁྲུག་ཅིང་ཆིག་སྒྲིལ་གྱི་རྒྱུན་ཐག་འཐོར་སོང་བས་སོ།།
༣༽
གནམ་ཕུགས་གནག་ཏུ་འགྲོ་གིན་ཡོད་ནའང་། ཉི་མ་ཚ་ལྷེམ་ལྷེམས་ཤིག་ཤར། ཤར་ནུབ་ཀྱི་འགྲོ་བ་ཕལ་མོ་ཆེར་འདུག་ཆོས་ཀྱི་ལས་ཀ་བྲེལ། འདི་ན་རང་ལས་གཞན་པ་བཟའ་མི་རྣམས་ཇི་ལྟར་མེད་སོང་ཚུལ་གཏན་ནས་བརྗེད་ཚར། གྱོན་གོས་ནི་རྩག་པ་དང་འཕྱིང་དཀར་ཙམ། བཟའ་བཅའ་ནི་གཡག་ཤ་དང་འབྲི་མར་ཙམ། ད་དུང་ཁོས་དུས་རབས་གཉིས་ཀྱི་རྒྱས་སྤྲོས་དང་། མི་རིགས་གཉིས་ཀྱི་འདོད་ཡོན་ལ་ཧེབ་ལངས། ཁོ་ནི་ཀ་གཡག་རོ་ཙམ་ཡོད་ཀྱང་མི་ཤེས་པའི་གདོང་དམར་བ་དེ་ཡིན་སོང་ལ། དཀོན་མཆོག་གསུམ་ངོས་མི་ཟིན་པའི་ནང་པ་སངས་རྒྱས་པ་དེ་ཡིན་སོང་། གཞན་སྡེ་སྙིང་ནད་ཅན་འགས། གནའ་བོའི་ཀླད་རྙིང་མེད་པའི་དེང་རབས་ཀྱི་ལྟ་བ་ཅན་ཞིག་ཡིན་པར་བསྟོད་བསྔགས་བྱེད། འགའ་ཞིག་གིས་བཤད་ན་རྙིང་བཞི་རྩ་གཏོར་བགས་ཆགས་ཀྱིས་ཟིན་སོང་སྐད། གང་ལྟར་ཁོས་རིག་རིག་ཐམས་ཅད་སྒོར་མོར་བསྒྱུར། ཕུགས་ཀྱི་སྐུ་གསུང་ཐུགས་རྟེན། སྒོ་ཡི་རྟ་ནོར་ལུག་གསུམ་ཐམས་ཅད་སྒོར་མོར་བསྒྱུར། གདོད་མའི་བླ་ཤིང་ལ་སྟ་རེ་གཞུས། གནའ་བོའི་སྲོག་ཆགས་རྙི་རུ་བཙུད། དེ་ནས་ཁད་ཀྱིས་ཁད་ཀྱིས་བུ་ཡི་ལག་པ་དང་བུ་མོའི་རྐུབ་སོགས་ཡོད་ཚད་ཐམས་ཅད་སྒོར་མོར་བསྒྱུར། སྒྱོགས་མདེལ་མ་ཁེལ་བའི་དགོན་པའི་སྐུ་བརྙན་དེ་ཡང་རྒྱ་མཐོང་ནས་དྲངས་སོང་སྐད། ད་རང་ལ་ཡོད་པ་ནི་སྒོར་མོ་རེད། ཡོད་ཚད་སྒོར་མོ་རེད། སྒོར་མོ་ཡོད་ཚད་རེད།
༤༽
སྒོར་མོས་ཅི་ལོ། ཅི་མི་ལོ། གྲང་ན་གྱོན་མི་ལོ། ལྟོགས་ན་ཟ་མི་ལོ། མག་པ་ལ་གཟིག་རྩག་ཅིག་དང་། མནའ་མ་ལ་སྲམ་རྩག་ཅིག ང་རང་ལ་སྟག་རྩག་གཅིག་འདི་ནི་སྒོར་མོས་བྱེད་སྒོ་རེད། འདི་ནི་སྒོར་མོས་འཇོན་ཐང་རེད། ལར་ནས་ཡི་དམ་བདེ་འཇིགས་དུས་གསུམ་གྱི་སྟག་ཤམ་དང་། ཆོས་སྐྱོང་མ་མགོན་གཟའ་གསུམ་གྱི་གཟིག་ཤམ་གང་ལ་བལྟས་ནའང་འདི་ལས་ལྷག་པའི་རྒྱུ་ནོམས་ཆེན་རེ་ཡོད་རེ་སྐན། རྩི་ཐོག་གིས་ན་བུན་འཐིབ་པའི་དབྱར་གཞུང་དེར། གཡག་ལུག་དང་སྦྲ་གུར་མེད་པའི་འབྲོག་པ་སྐོར་ཞིག་འོད་ཤིག་ཤིག་དང་། སེར་ཁྱུག་ཁྱུག ཁྲ་འཁྱིལ་འཁྱིལ་དུ་ཕྱི་ལོག་ཏུ་ཐོན་ཡོང་། ཁོག་གནག་ཅན་གྱི་རྒྱུད་ལམ་དུ་མ་ནས་ཡར་ཐོན་ཅན་དང་། དེང་རབས་ཅན། འཕེལ་རྒྱས་ཅན་གྱི་འཚོ་བ་ཞེས་སོགས་ཀྱི་འུད་སྒྲོགས་བྱས། ཁོ་རང་ཡང་འཛུམ་དམུལ་དམུལ་གྱིས་འུད་བསྟོད་དེ་དག་དང་དུ་བླངས། འོན་ཀྱང་མཚོ་འགྲམ་ནས་སླེབས་པའི་གནས་སྐོར་བ་ཁྱུ་གཅིག་གིས་པར་ཆས་དང་རྒྱང་ཤེལ་གྱི་ཁ་རུ་བཙུགས། རང་ཉིད་ཁེར་འགྲོས་དང་ཁེར་འདུག་བྱས། པར་པ་དང་གློག་བརྙན་ཕབ་ལེན་པ་དག་གིས་ཁོ་རང་ཡང་ཡང་དེད། རང་ཉིད་འདི་འདྲ་བ་ཡ་མཚན་དང་། གཟི་བརྗིད་ཅན་ཞིག་ཡིན་པ་ད་རེས་ཤེས། དངོས་གནས་རྒྱུ་ནོམས་ཅན་དེ་འདི་རང་རེད། ད་ལོའང་ཇ་ཉུང་ཉུང་དུ་འཐུང་ཞིང་། སྤགས་ཆུང་ཆུང་དུ་ཟ། ཁོང་འཛུམ་ཞིག་དང་སྦྲགས་ཏེ་ཆིག་ལབ་བྱས་ཤིང་ཡིད་དམ་བཅས། སླར་ཡང་དབྱར་གཞུང་དེར། སྟག་ལྤགས་བརྒྱ་ལས་གྲུབ་པའི་གུར་ཞིག་ཕུབས་སྟེ། གཟིག་ལྤགས་གསུམ་ལས་གྲུབ་པའི་གདན་ཞིག་གཏིང་ཞིང་སྔར་ལས་ལྷག་པའི་མདུན་མཆོིང་བྱས། དེ་རིང་ཡང་འོད་ཤིག་ཤིག་དང་། སེར་ཁྱུག་ཁྱུག ཁྲ་འཁྱིལ་འཁྱིལ་དུ་ཕྱི་ལོག་ཏུ་སོང་། ལྗོངས་རྒྱུ་བ་སྐོར་ཞིག་སྔ་ལོ་བཞིན་དུ་སླེབས། ན་ནིང་ལས་པར་ཆས་དང་རྒྱང་ཤེལ་མང་དུ་ཕྱིན་འདུག གད་མོ་འཆོར་བ་དང་དགོད་ཁ་བསླང་བའི་རྣམ་འགྱུར་མེད་ཅིང་མིག་རུག་རུག་དང་སྣ་གཉེར་གཉེར་བྱེད། ངང་པ་སེར་པོ་དང་། བྱ་ཝང་དཀར་པོའི་སྐད་འདྲ་བས་བཤད་བཞིན་བཤད་བཞིན་ཁྲོ་གཉེར་བསྡུས། མིག་ཟུང་གིས་གདོང་ལ་བཤེར་ཞིང་པགས་པ་ལ་མཛུབ་མོ་ཀེར། ཧ་ཧ། རྒྱུ་ནོམས་ཅན་འདི་ཕོག་འགྲོ་རྩིས་མིན་འགྲོ་བསམ་ནས་སྟ་རེ་དེ་ལག་ཏུ་བླངས། འུར་ཆེམས་སེ་ཕྱི་བཀྱེད་རེ་བྱས་ཤིང་འདྲ་པར་རྒྱག་བཞིན་རྒྱག་བཞིན་གཞན་དུ་བྱོལ། སྟ་རེ་ལ་རྣོ་ངར་དང་། རང་ཉིད་ལ་དཔའ་སྙིང་ཡོད་པའི་སྤོབས་པ་སྐྱེས།
༥༽
ཉི་མ་དེའི་ཕྱི་ཉིན། རླུང་འཕྲིན་དང་། བརྙན་འཕྲིན་ཐམས་ཅད་བྲེལ་ཟིང་ངེ་སོང་། སྒོ་ཟོག་བསད་སོང་བ་འདི་ན་འདུག བླ་ཟོག་རྨས་སོང་བ་འདི་ན་འདུག ལས་ཟོག་བརླག་སོང་བ་འདི་ན་འདུག དུད་འགྲོ་རང་དབང་ཚོགས་པ་དང་། བདག་མེད་སེམས་ཅན་སྲུང་སྐྱོབ་སོགས་ཞི་བདེ་དང་རང་དབང་ལ་མོས་པའི་ཚོགས་སྡེ་ཁག་གཅིག་ཤོར་གཉིས་ཤོར་བྱས། འཛམ་གླིང་རྒྱལ་ཁབ་སྤྱི་ལ་བསྒྲགས་ཤིང་། དྲང་སྲོང་ཆེན་པོ་ལ་སྒེར་དུ་གཏུགས། སེངྒེ་དཀར་མོ་དང་། གཡུ་འབྲུག་སྔོན་མོ། མཁའ་ལྡིང་རྒྱལ་པོ་སོགས་གཏན་མེད་དུ་བཟོ་མཁན་ཡང་ད་རེས་ངོས་ཟིོན་ཡོད་ཟེར། དེ་བཞིན་དུ་གླང་ཆེན་ཐལ་དཀར་གྱི་སོ་ཕུད་མཁན། བསེ་རྐུབ་ཐོའི་རྭ་བཀོག་མཁན། འབྲོང་བྲེ་སེར་གྱི་ཤ་བཙོ་མཁན། གཙོད་དར་མའི་ཁུལ་ལུ་ལེན་མཁན། ཤྭ་ཕོ་ཆེན་གྱི་དུང་རྭ་ཕུད་མཁན། གླ་སྨུག་ཆུང་གི་རྩི་ལེན་མཁན་སོགས་ཀྱང་སུ་ཡིན་ཤེས་ཟེར། མ་ཟད་རཱ་ཇའི་སི་ཐན་དང་། པ་ཀི་སི་ཐན་སོགས་ནས་ལྐོག་བསོད་བྱེད་མཁན། དྷི་ལི་གསར་པ་དང་ཀ་ཐུ་མན་གྲུ་སོགས་ནས་ནག་ཚོང་བྱེད་མཁན། ལན་གྲུ་དང་། ལེན་ཞཱ་སོགས་ནས་ལྐོག་འདྲེན་བྱེད་མཁན་ཡང་ཁོང་ཚོ་རེད་ཟེར། རྒྱལ་ཁབ་གསུམ་གྱི་ཉེས་པ་དང་། མི་རིགས་བཞི་ཡི་ནོར་འཁྲུལ་དེ་འཇིག་ལ་ཉེ་བའི་མི་རིགས་ཉམ་ཆུང་དེའི་གཉའ་བར་ལྷུངས། འོན་ཀྱང་འདི་ན་གཟིག་གདན་གྱི་ཐོག་ནས་པགས་རིགས་འདི་དག་གིས་སྤྱོད་སྒོ་གཞན་ཅི་ཞིག་ཡོད་པར་བསམ་བློ་གཏོང་བ་ལས་གྱོད་རྔ་ཆུ་འདྲ་བ་ཞིག་དང་། ཁ་མཆུ་རི་འདྲ་བ་ཞིག་གིས་མནན་སོང་ཡོད་པ་སུས་ཤེས།
༦༽
ལྷོ་ཕྱོགས་བྷེ་དའི་ཡུལ་དུ་སྟོན་པ་དྲང་སྲོང་ཆེན་པོས་ཆོས་དང་ཚན་རིག་གི་འགལ་འདུ་སྙོམས་ཤིང་། གནའ་དེང་འདུ་ཤེས་ཀྱི་བར་སྟོང་མཐུད། གནས་སྐོར་བའི་རྒྱུད་ལམ་ཞིག་ནས། གཞིས་བྱེས་མེ་ཆ་བརྡབ་པ་ལྟར་ཕྲད་པའི་དུས་དེར། བརྩེ་བའི་མིག་གིས་གདོང་ལ་བལྟས་ནས། སྙིང་རྗེའི་གདངས་ཀྱིས་མིང་ནས་བོས་ཏེ། བླ་མའི་བཀའ་སློབ་ཀྱི་ཚུལ་དང་། ཕ་མའི་ཁ་ཏའི་ཚུལ་དང་། གྲོགས་པོའི་སྙིང་གཏམ་གྱི་ཚུལ་དང་། ཕུ་ནུའི་བརྩེ་དུང་གི་ཚུལ་སོགས་ཆེས་ཟབ་ས་དང་། ཆེས་གཏིང་རིམ་ནས་དམར་དམར་དང་། རྗེན་རྗེན་དུ་ཁོང་ཅག་གི་རྣ་བའི་སྒོ་ཁར་བསྐྱལ། ཁོང་ཚོ་ནི་རང་གི་མིག་རྣ་གཉིས་ཙམ་ལས་སུ་ལའང་ཡིད་ཆེས་མེད་ཅིང་ལྷག་པར་དུས་རབས་འདི་དག་གི་སྔ་གཞུག་ཏུ་ཁོ་ལ་མགོ་སྐོར་གཏོང་མཁན་དང་། བསླུ་བྲིད་བྱེད་མཁན། ཁྲག་འཇིབ་མཁན། རྐང་འདྲུ་མཁན། སྤུ་གཏོག་མཁན་ཞིག་ལས་སེམས་གཏམ་དྲོན་མོ་བཤད་མཁན་ཞིག་གཏན་ནས་ཐུག་མྱོང་མེད། འོན་ཀྱང་ད་རེས་དྲང་སྲོང་ཆེན་པོའི་སྙིང་གཏམ་དེ་ཁོ་ཚོས་དད་དམ་གྱི་རྨུ་ཐག་ཞིག་གི་རྒྱུད་ནས་གསལ་ལྷང་ངེར་ཐོས་ཤིང་ལྗིད་ཏིག་གེར་འཛིན་ཡོད། དང་པོ་དགོད་ཁ་འདྲ་བ་འགའ་ཞིག་བསླངས། དེ་ནས་ཁྱུ་དང་ཁྱུ། སྐོར་དང་སྐོར་བྱས་ནས་དྲང་སྲོང་བདེན་པའི་ཚིག་དེ་སྐྱར་གླེང་དང་བསམ་ཞིབ་བྱེད། སྙིང་ཁོང་ནས་ཙག་འདར་འདྲ་ཞིག་བྱེད་ནས་ངུ་དགོད་བྱེད་འོང་། ག་ལེ་ག་ལེར་སྐད་འཕང་མཐོ་རུ་མཐོ་རུ་འགྲོ་ནས་མིག་ཆུ་འགྲམ་ངོགས་གཞུར། ད་ཐེངས་ལས་དང་སྨོན་ལམ་ཞེས་གཟུགས་མེད་ཀྱི་སྒུལ་ཤུགས་ཤིག་གམ་ཡང་ན་སྟེས་དབང་ཅི་ཞིག་གིས་ཁོང་ཚོའི་བླ་སྲོག་དེ་ཁུགས་ཡོད། མི་གཞི་དེ་རྙེད་ཡོད། དེ་ནས་བཟུང་ཁོ་ཚོས་རང་ཉིད་ལའང་གཉེན་ཉེ་ཞིག་ཡོད་པ་གཞི་ནས་ཤེས། རང་ལ་སྤུན་ཟླ་ཞིག་ཡོད་པ་དེ་རིང་ཚོར། དེ་ནས་ཁོང་ཚོས་མི་རིགས་ཟེར་བ་ཞིག་བརྙེད་ཡོད་ལ་རིག་གཞུང་ཟེར་བ་ཞིག་གོ་ཡོད། ཁ་བ་གངས་ཅན་པ་ལ་གངས་རིའི་མགོན་པོ་ཞིག་ཡོད་པའི་ངེས་ཤེས་བརྙེད།
༧༽
གཞི་མདོ་ཆེན་པོ་དག་ཏུ་ནག་ལྷོག་ལྷོག་ཏུ་དུ་བ་རེ་འཐུལ་གིན་འདུག་ལ་དམར་ཆེམས་ཆེམས་སུ་མེ་ལྕེ་རེ་སྦར་བཞིན་ཡོད། ལུག་རྫིའི་ཝ་ཞྭ་དེ་རུ་གཡུགས་ཏེ་སྐྲ་ལོ་རླུང་ལ་བསྐུར་འགྲོ། བག་མའི་སྲམ་རྩག་དེ་རུ་འཕངས་ནས་དམར་ཧྲེང་དུ་ལོག་འགྲོ། མག་པའི་གཟིག་སྐོར་དེ་རུ་བསྐྱུར་ནས་དོར་རྐྱང་དུ་བུད་འགྲོ། མདོར་ན་དམར་ལྷོག་ལྷོག་ཏུ་འཕྱུར་བཞིན་པའི་མེ་ལྕེ་དེ་ནི་སྡེར་མོ་ཅན་གྱི་གྲ་ལྕེ་ཡིན་སོང་མཆེ་བ་ཅན་གྱི་རྔ་མ་ཡིན་སོང་། འདི་ནི་སྒང་པ་བོད་ཀྱི་ལོ་རྒྱུས་གྱི་ཟིན་པའི་སྙིང་སྟོབས་ཡིན་ལ། འདི་ནི། དགེ་སྦྱོང་མཐོང་གོས་ཅན་ཞིག་གིས་སྦར་བའི་མེ་ལྕེ་དང་། འདི་ནི། དྲང་སྲོང་རས་རྐྱང་ཅན་ཞིག་གིས་བཏབ་པའི་དུད་ཞགས་རེད། ནོར་བ་ལ་ངོས་ལེན་བྱས་ཏེ་གཏོ་དང་བཟློག་པ་བྱས། འཁྲུལ་བ་ལ་གཏན་འབེབས་བྱས་ནས་མཐུ་དང་དམོད་མོ་བོར། སེམས་ཁོང་ནས་དམ་བཅའ་བཞག་ཡོད། མི་བརྗེད་པའི་རྡོ་རིང་བསླངས། སྟོད་ལ་དྭགས་ནས་སྨད་དར་རྩེ་མདོའི་བར་རྒྱང་དེ་ནི་མེས་པོ་སྲོང་བཙན་གྱི་སྙོབས་ཚོད་དེ་རེད། དེ་རིང་གི་ཡོ་འཁྱོམས་འདི་ནི་དྷ་ས་ནས་ལྷ་སར་མཆེད་དེ་འཛམ་གླིང་ཤར་ནུབ་ཐམས་ཅད་འུར་གྱིས་མེ་ལྕེ་གཅིག་གིས་གཏུམས། འདི་ནི་དུད་འགྲོའི་ལྤགས་རིགས་མེར་སྲེགས་པའི་བསུར་དུད་ཙམ་མ་ཡིན་པར་འདི་ནི་རྨོངས་དད་དང་། འཆིང་རྒྱ། ཁ་འཐོར་སོགས་མེར་སྲེགས་ཀྱི་ལས་འགུལ་ཆེན་པོ་ཞིག ཡུན་རིང་བཅར་གྱིས་མནན་པའི་སྒྱིད་ལུགས་དང་། གཉའ་ཞུམ། བག་འཁུམ་སོགས་ཀྱི་ཚང་ཚིང་དང་གད་སྙིགས་མཐའ་དག་མེར་སྲེགས་ཀྱི་ལས་འགུལ་ཆེན་པོ་ཞིག་སྟེ། འདིས་ནི་གནམ་འདར་བཅུག་ཡོད་ལ་ས་འགུལ་བཅུག་ཡོད། འདིས་ནི་རང་ལ་གདེངས་ཚོད་བརྙེད་ཅིང་གཞན་ལ་ཚོད་འགོམ་བྱས། བསུར་མཆོད་འདིས་དཀར་ཕྱོགས་ལྷ་དང་དྲང་སྲོང་དགྱེས་ནས་མགོན་མེད་གངས་ཅན་ཞིང་གི་འགྲོ་བ་རྣམས།། ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པར།། དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།། སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས་པའི་ཞལ་བཞེས་ཐོབ། བསུར་དུད་འདིས་ནག་ཕྱོགས་གདོན་འདྲེ་རིགས་ཚིམས་ཏེ་ཇག་འཇོམས་དང་། ཞོད་འཇགས་སོགས་བཞག་ནས་འཆམ་མཐུན་གྱི་ཁ་གཡང་བོས། མེ་ལྕེ་འདིས་ལ་ཁ་ནས་གྱེན་དུ་འཕྱུར་ནས་ལུང་ཁུག་ཏུ་ཐུར་དུ་བབས། ཞིང་འབྲོག་གཉིས་ཀ་བརྒྱུད་ནས་མདོ་དབུས་ཁམས་གསུམ་གྱི་སེམས་ཚོར་ཐུལ་གྱིས་བསྲེགས། ཆིག་སྒྲིལ་གྱི་མགོ་བོ་དེ་ནས་ཚུགས་ཤིང་མཆོང་བསྐྱོད་ཀྱི་ལམ་བུ་དེ་ནས་རྙེད། དེ་ནས་བཟུང་རང་ཉིད་ཀྱི་མཇིང་པ་འཁྲེག་ཏུ་སོང་བས་སུས་ཀྱང་མནན་མི་ཐུབ་པའི་ཁྲོ་ལྕགས་ཀྱི་སྙིང་ཁམས་དེ་རྙེད་པ་རེད། དེ་ནས་མི་རིགས་ཀྱི་ཆེད་དུ་རྟ་རྒྱུགས། ཐོབ་ཐང་གི་ཆེད་དུ་དར་ཕྱར། ཕ་སྐད་ཀྱི་སླད་དུ་ཀི་བཏབ། རང་དབང་གི་དོན་དུ་མེ་སྦར། ཡར་ཀི་སྒང་དྲུག་རི་བོ་ནས་ས་གཡོས་ན་འུར་ཆིལ་ལེར། མར་ཀི་ཆུ་མོའི་གཞི་མདོ་ནས་རི་ཉིལ་ན་ཟིང་ཆོམས་སེ། སྲིན་པོ་གདོང་དམར་བའི་ལས་དམག་གིས་སླར་ཡང་མཐོ་སྒང་འདི་བདག་ཏུ་བཟུང་།
༨༽
དེ་རིང་ཁོང་ཚོའི་ཁྱིམ་ཕུགས་ན་ཅ་དངོས་མང་དུ་སོང་ཞིང་བྱིས་པ་ཚོའི་ཁ་ངོ་རྒྱགས་སུ་ཕྱིན། བསྡད་ན་འདུག་བདེ་ལ་བལ་གོས་ལ་མཉེན་དོགས་མེད། འགྲོ་ནའང་འགྲོ་བདེ་ལ་རས་རྐྱང་ལ་བངས་དོགས་མེད། འཕྲ་འཕྲུལ་གྱི་འགག་འཕྲང་མང་པོ་བརྒྱུད་མི་དགོས་པས་གྱོད་དང་ཁ་མཆུ་ཉུང་དུ་གྱུར། ད་ལྟ་ཁོང་ཚོས་མགོན་པོ་སྟག་ཤམ་ཅན་གླེན་པ་དང་། ཆོས་སྐྱོང་གཟིག་ཤམ་ཅན་ལྐུགས་པར་བརྩི། དུས་དེ་ནས་བཟུང་དྲང་སྲོང་ཆེན་པོའི་མིག་ལ་ལྟ་ཞིང་སྐད་ལ་སྒུག་བཞིན་ཡོད། ཁ་ཤ་མུལ་མུལ་དང་། ཡ་མཆུ་ཙུག་ཙུག་བྱས་ན་ཁོང་ཚོ་འཚང་ཁ་ཤིག་ཤིག་དང་། འུར་ཆོམ་ཆོམ་དུ་ཡོད། མཚམས་རེ་ཆུར་བ་མུར་པ་ལའང་མཆོང་གྲབས་བྱེད་ཡོང་། དེ་ནི་རྨོངས་དད་དང་། སྲོལ་རྒྱུན་གྱི་བྱེད་སྟངས་ཙམ་མ་ཡིན་པར་དྲང་སྲོང་འདིའི་ཁ་ནས་ཁོང་ཚོས་ནམ་རྒྱུན་དུ་བློ་བསྐྱེད་རེ་ལེན་གྱིན་འདུག་ལ་ཁེ་བཟང་རེ་ཟ་གིན་ཡོད། ཁེ་བཟང་འདིས་འཇིག་རྟེན་འདིའི་ཐོག་ཏུ་རང་ཉིད་མི་བུ་ཞིག་ཡིན་པ་དང་། རིག་གཞུང་འདི་ཁུང་ལུང་ཡོད་པ། སྐད་ཡིག་འདི་བྱེད་སྒོ་ཡོད་པའི་ཡིད་ཆེས་བརྙེད། དེ་ནས་བཟུང་རང་མིང་འབོད་ཕོད་པ་དང་། རང་ཡུལ་གླེང་ཕོད་པ། མི་སྡེ་གཞན་པ་དང་མཉམ་དུ་ཁྱིམ་མཚེས་བྱེད་ཐུབ་པ་བྱུང་། དེ་ནས་བཟུང་རང་ཉིད་མི་བུ་ངོ་མ་ཞིག་ཡིན་པ་རང་གཞན་གཉིས་ཀས་བརྩི་ཆོག་པ་བྱུང་། གཞན་ཡང་རྩྭ་ས་དང་། ཞིང་ཁ་སོགས་ཀྱི་རྩོད་གཞི་ཆུང་ཚགས་དེ་དག་རིམ་གྱིས་ཡལ་ཏེ། མི་རིགས་དང་། རིག་གཞུང་། ཤེས་ཡོན། སྙིང་སྟོབས། ལ་རྒྱ་སོགས་ཀྱི་ཆེད་དུ་རྩོད་རྐྱང་བྱེད། རྩོད་གཞི་དེའི་ཆེད་དུ་སྙིང་ཁྲག་ཤོར་བ་དང་། མེ་རུ་སྦར་བ། གཡང་དུ་ལྷུངས་པ། མུན་དོང་དུ་ཚུད་པ་སོགས་ཀྱི་དཀའ་ཚེགས་མྱོང་བཞིན་ཡོད་ཀྱང་སེམས་ཁོང་གི་གཟི་བརྗིད་དང་སྤོབས་པ། མ་འོངས་པའི་དམིགས་ཡུལ་དང་རེ་བ་ནི་ཧི་མ་ལ་ཡི་ཕྲག་གོང་དུ་བསྙེགས་ནས་གདའོ།། །།
༢༠༡༡ ལོའི་ཟླ་བ་༧ པའི་ཚེས་༥ ཉིན།
No comments:
Post a Comment