Monday, 23 January 2012

ཡུལ་ཤུལ། ཁྱོད་ནི་བུད་མེད་ཡུགས་མོ་ཞིག བསོད་ནམས་དར་རྒྱས།

ཡུལ་ཤུལ།ཁྱོད་ནི་བུད་མེད་ཅིག་སྟེ།
ཤེས་རྒྱ་དང་ཕྱི་ཐག་མེད་པའི་བུད་མེད་གླེན་མ་ཞིག་རེད།
ཁྱོ་ཀ་ཤི་རྗེས།
སྐར་ལྔའི་རས་དར་གྱིས།
ཁྱོད་ལ་ནམ་ནམ་ཞར་ཞར་བཙན་གཡེམ་བྱེད་ཀྱིན་འདུག
ན་ནིང་ཁྱོད་ཡུགས་སར་བུད་རྗེས་ནས།
སུ་ཞིགལྐོག་ལྐོག་སུད་སུད་ཀྱིས།
དམིགས་ཡུལ་དང་བཅས་ཏེ།
ཁྱོད་སང་གི་ཤི་འཕྲོ་ལག་ལྡུམ་ཚོར་འཇབ་རྒོལ་གཏོང་གིན་ཡོད།
ཝེ།ཡུགས་མོ།
ངས་ཁྱོད་ལ་འདྲི།
མི་དེས་བཤད་ན།
ཁྱོད་སང་ལ་ཆེས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་གཟུག་ལ།
ཁྱོད་ཀྱི་མི་ཚེ་ཡི་སྐྱིད་ཡ་སྡུག་རོགས་དེ་ཁོ་བོས་བྱེད་རྒྱུ་ཨེ་ཟེར་གི།
ཡུལ་ཤུལ།
དུར་ས་ནག་པོ་འདིའི་ཡམས་ནད་ལྟ་བུའི་རླུང་ཡན་ཞིག
དམར་ལྷབ་ལྷུབ་ཏུ་གཟུགས་སུ་རུང་བ་ནི།
ཕྱི་ནང་འབྱུང་འཁྲུགས་ཀྱི་དྲག་ཆས་འཐབ་སའི་གཙབ་གདན་ཞིག་སྟེ།
ན་ནིང་མདོ་དབུས་བོད་པའི་མིག་ཆུ་འཐོར་སའི་ཡུལ་ཤུལ་རེད་ལ།
རེ་བའི་རྨི་ལམ་ཞིང་སར་རྨོ་སའི་སྐྱེ་དགུ་རེད་འདུག
རྒན་པ་འགས།
ཡུལ་ཤུལ་ནི་ད་ལྟ་ཡུལ་ཤུལ་རེད་གསུངས།
ང་ཡུལ་ཤུལ་ལ་ཐོན་དུས།
སྐད་ཆ་དེའི་བདེན་པ་གསར་དུ་རྙེད་ཡོད།
གློག་བརྙན་ནང་གི་ཡུལ་ཤུལ།
སྐྱོབ་གུར་འོག་གི་ཡུལ་ཤུལ།
ངོ་མ་ཅི་འདྲའི་བར་ཐག་ཅིག
ན་ནིང་ཁྱོའི་གསེར་གྱི་སྐྲ་འཛེར་དེ་ཆུ་ལ་ལྷུང་ནས།
སྐྱིད་པའི་མི་ཚེ་ཡི་རུས་རྐང་ཆག་ཐལ།
དུས་དེར།
ཁྱོད་སང་གི་ཁྱིམ་ཕུག་ན། 
ངུ་ཤུམ་གྱིས་ཐོན་ཡོད་པ་དེ་དག
སུ་དག་ཡིན་པ་བརྗེད་དུ་ཕངས་ཨང༌།
ཡུལ་ཤུལ། ཁྱོད་ནི་བུད་མེད་ཡུགས་མོ་ཞིག
 ༢༠༡༢ ༡ ༢༣ཁམས་ཡུལ་ཤུལ་ནས།

No comments:

Post a Comment