བདེ་སྐྱིད་ནི་སུས་ཀྱང་འདོད་པས་སྤྱི་ཚོགས་ཀྱི་བདེ་སྐྱིད་ནི་དམིགས་ཡུལ་གྱི་གཙོ་བོ་ཡིན་ལ། འཆམ་མཐུན་དང་། འཕེལ་རྒྱས་ནི་དེའི་ཐབས་ལམ་ཡིན། དེའི་ཕྱིར་ང་ཚོ་ལ་འཆམ་མཐུན་དང་འཕེལ་རྒྱས་ནི་མེད་ཐབས་མེད་པ་རེད།
ནང་བསམ་བློའི་འཆམ་མཐུན།
འཆམ་མཐུན་ཟེར་བ་དེ་ཕན་ཚུན་ཡིད་ཆེས་གཙང་མ་ཞིག་ལ་བརྟེན་ནས་ཡོང་གི་ཡོད་པས་ང་ཚོའི་བར་ཕན་ཚུན་ཡིད་ཆེས་གཙང་མ་ཞིག་མེད་ན་འཆམ་མཐུན་རྩ་བ་ནས་ཡོང་ཐབས་མེད། དེ་ལ་ང་ཚོའི་བར་ཕན་ཚུན་ཡིད་ཆེས་གཙང་མ་ཞིག་ཇི་ལྟར་སླེབས་ཐུབ་བམ་ཞེས་པའི་དྲི་འདིི་ལ་ལན་གནལ་མ་ཞིག་དགོས་པ་ཡིན། དེ་ནི་ང་ཚོ་ཚང་མས་དྲང་བདེན་བསམ་སྤྱོད་ཀྱི་བསླབ་བྱ་དེ་ཚོགས་འདུ་དང་མཛད་སྒོ་ག་གེ་མོ་ཞིག་གི་གཏམ་བཤད་ཀྱི་རྒྱུ་ཆ་ཙམ་མ་ཡིན་པར་ང་ཚོ་རང་རང་གི་ཉིན་རེའི་འཚོ་བའི་ནང་གི་རྒྱུ་ཆ་གཙོ་བོ་ཞིག་ལ་ངོས་འཛིན་བྱས་ནས་ལག་ལེན་དངོས་སུ་བསྟར་བའི་ཉིན་མོ་དེར་ང་ཚོ་ཕན་ཚུན་ཡིད་མི་ཆེས་པའི་རང་དབང་མེད་ལ། ང་ཚོ་ཕན་ཚུན་ཡིད་ཆེས་གཙང་མ་ཡོང་བ་དེ་སུས་ཀྱང་བཀག་ཐུབ་ཀྱི་མ་རེད་ཞེས་པ་འདི་ཡིན།
དྲང་བདེན་གྱི་སྐྱེས་བུ་དེ་ལ་སྐྱེ་བོ་གཞན་གྱིས་དྲང་བདེན་གྱི་བསམ་སྤྱོད་དེ་རྒྱུ་མཚན་དུ་བཟུང་ནས་ཡིད་ཆེས་བྱེད་ཀྱི་ཡོད།
དྲང་བདེན་གྱི་བསླབ་པ་ཉམས་སུ་ལེན་ཞིང་དྲང་བདེན་གྱི་སློབ་གསོ་གནང་བའི་སྐྱེས་བུ་དམ་པ་དེ་ནི་ང་ཚོ་ཡར་རྒྱས་དང་བདེ་སྐྱིད་ཀྱི་ལམ་དུ་ཁྲིད་པའི་དད་དཔོན་འཁྲུལ་མེད་ཡིན་ལ། དྲང་བདེན་གྱི་གཞུང་ལམ་དེ་ནི་འཇིག་རྟེན་འདིའི་སྟེང་དུ་ང་ཚོ་བདེ་ནས་བདེ་བར་འགྲོ་བའི་ལམ་པོ་ཆེ་གཅིག་རང་ཡོད་པ་དེ་ཡང་ཡིན། དེའི་ཕྱིར་བདེན་པ་ནི་ང་ཚོས་ལུས་དང་ལོངས་སྤྱྱོད་དང་སྲོག་གི་ཕྱིར་ཡང་གཏོང་བར་མི་འོས་པའི་ཁྱད་ནོར་དམ་པ་དེ་ཡིན་པར་ཤེས་དགོས་པ་ཡིན། དྲང་བདེན་གྱི་བསམ་བློ་དེ་ནི་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་བའི་རྒྱུ་འབྲས་ཀྱི་གནས་ལུགས་ལ་ངེས་ཤེས་དང་ཡིད་ཆེས་བརྟན་པོ་ལས་འོང་གི་ཡོད།
མཐུན་རྒྱུ་ལས་མཐུན་འབྲས་འབྱུང་བ་མྱོང་བས་གྲུབ་པ།
སྤྱིར་བཏང་ཕར་ལ་ཚིག་རྩུབ་བརྗོད་པ་ཡིན་ན་ཚུར་ལ་ཡང་ཐད་ཀར་ཚིག་རྩུབ་བརྗོད་རྒྱུ་དང་མ་དགའ་བའི་རྣམ་འགྱུར་ཡང་སྟོན་ངེས་རེད།
མ་ཟད་ཁོང་གཉིས་སེམས་ཐག་ཇེ་རིང་འགྲོ་རྒྱུ་རེད་ལ་ཡིད་ཆེས་ཡང་རྩ་བ་ནས་བྱེད་འདོད་ཡོང་གི་མ་རེད། ཚིག་རྩུབ་ཡང་ཡང་སྨྲས་པ་ཡིན་ན་རྗེས་སུ་ཉིན་རེའི་འཚོ་བའི་ནང་ཚིག་རྩུབ་སྨྲ་རྒྱུ་ཇེ་མང་ཇེ་མང་འགྲོ་བ་དེ་མྱོང་ཐོག་ནས་ཤེས་ནུས། དེ་ལྟར་ན་ཚིག་རྩུབ་ཀྱི་ལན་ལ་ཚིག་རྩུབ་དང་དེའི་འབྲས་བུ་ལ་ཡང་ཚིག་རྩུབ་དང་མ་སྐྱིད་པ་ཡོང་གི་ཡོད་པ་དེ་མྱོང་བས་གྲུབ་པ་རེད། དེ་བཞིན་གཡོ་སྒྱུ་་དང་འཚེ་སེམས་སོགས་ལ་ཡངགཅིག་མཚུངས་ཡིན།
ཕར་ལ་དྲང་བདེན་བྱས་པ་ཡིན་ན་ཚུར་ལ་ཡང་དྲང་བདེན་བྱེད་ངེས་རེད་ལ་ད་དུང་དགའ་བའི་རྣམ་འགྱུར་ཡང་ཕྱི་རུ་མངོན་ཡོང་། མ་ཟད་ཁོང་རྣམ་གཉིས་སེམས་ཐག་ཡང་ཇེ་ཉེ་འགྲོ་རྒྱུ་རེད་ལ་ཕན་ཚུན་ཡིད་མི་ཆེས་པའི་རང་དབང་ཡང་མེད་པ་ཆགས་རྒྱུ་རེད།
ཉིན་རེའི་འཚོ་བའི་ནང་དྲང་བདེན་གྱི་ལས་ལ་གཞོལ་བ་ཡིན་ན་ནམ་ཞིག་དྲང་བདེན་བྱེད་པ་ལ་དཀའ་ཚེགས་གང་ཡང་མེད་ཐོག་དེ་ལ་དགའ་མོས་ཡང་ངང་གིས་ཡོང་རྒྱུར་ཐེ་ཚོམ་ཅི་ཡང་མེད། འདི་ནི་དྲང་བདེན་གྱི་ལན་ལ་དྲང་བདེན་དང་དེའི་འབྲས་བུ་ལ་ཡང་དྲང་བདེན་དང་བདེ་སྐྱིད་ཡོང་བ་དེ་ཡང་མྱོང་ཚོར་གྱིས་གྲུབ་པ་ཡིན། འགྲོས་དེ་ནི་བརྩེ་སེམས་དང་ཕན་སེམས་སོགས་ལ་ཡང་ཡོད། དེའི་ལན་ལ་དེ་རང་སྤྲད་འོང་བ་འདི་ནི་བདེ་སྡུག་ལ་འདོར་ལེན་བྱེད་པའི་སྐྱེ་བོ་རྣམས་ཀྱི་རང་གཤིས་རེད་ལ།
དེའི་འབྲས་བུ་ལ་དེ་རང་འབྱུང་བ་དང་གང་ལ་གོམས་པ་དེའི་ཕྱོགས་སུ་ངེས་པར་དུ་གཡོ་འགྲོ་བ་འདི་ནི་བསམ་བློའི་ཆོས་ཉིད་ཀྱང་རེད།།
བསམ་ངན་སྦྱོར་རྩུབ་གྱི་ལན་ལ་བསམ་ངན་སྦྱོར་རང་སླེབས་འོང་བ་དང་དེའི་འབྲས་བུ་ལ་ཡང་དེ་རང་འབྱུང་བའི་གནས་ལུགས་འདི་ལ་བརྟེན་ནས་ང་ཚོ་དུས་ནམ་ཡང་འཆམ་མཐུན་འོང་ཐབས་མེད་ལ་ང་ཚོའིིིསྤྱི་ཚོགས་ནང་བདེ་སྐྱིད་ཀྱི་གཞི་རྩ་ཡང་ཚུགས་ཐབས་མེད། དེའི་ལན་དང་འབྲས་བུ་ལ་དེ་རང་འབྱུང་བའི་དྲང་བདེན་སྤྱོད་བཟང་གི་ལམ་དུ་བསྙེག་པ་ཡིན་ན་གཏིང་ཟབ་ཀྱི་འཆམ་མཐུན་ལྡན་པའི་སྤྱི་ཚོགས་ཞིག་ཆགས་རྒྱུ་རེད་ལ་ངོམས་པ་མེད་པའི་བདེ་སྐྱིད་ཀྱི་དཔལ་ཡོན་ཡང་ཉིན་རེ་ནས་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་དུ་བཞད་འོང་བར་ངེས། དེའི་ཕྱིར་ང་ཚོ་ཚང་མས་ཉིན་རེའི་འཚོ་བའི་ནང་ཁ་ཞེ་གཉིས་མེད་ཀྱིས་འཇུག་ལྡོག་འདོད་པའི་ཚོར་བ་བདེ་སྡུག་གཉིས་ཀྱི་རྒྱུ་བསམ་པ་བཟང་ངན་གཉིས་ལ་འདོར་ལེན་བྱེད་ཐབས་གསལ་བར་སྟོན་པའི་ནང་དོན་ཀུན་སྤྱོད་རིག་པའི་སློབ་ཚན་དེ་དག་ང་ཚོས་མ་ཤེས་ན་ཐབས་མེད་རེད་ལ། ཤེས་དགོས་པ་དེ་ནི་གལ་ཆེན་ནང་གི་དོོན་ཆེན་ཡང་རེད། དེ་ནི་ནང་བསམ་བློའི་སྟེང་དུ་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་བ་དེ་མྱོང་བས་གྲུབ་པའི་བསྐོར་གྱི་བསམ་ཚུལ་ཅུང་ཟད་བརྗོད་པ་ཡིན།
རིགས་ཞེན་གྱི་ཚོར་བ་རྣོ་ཞིང་ནང་བསྟན་གྱི་མིང་གི་རྣམ་གྲངས་འགའ་རེ་ལ་གོ་ལོ་ཐོས་ལོ་ཙམ་ཡོད་པའི་དཔྱད་ཞིབ་པ་འགའ་ཞིག་གིས་བདག་མེད་སྒྲུབ། སྙིང་རྗེ་སྒོམ། གཞན་ཕན་བྱས་པས་བདག་འཛིན་བརླགས། གཙན་གནོན་བྱས། རང་དོན་ཤོར་སོང་ཞེས་སོགས་རྒྱུ་མཚན་དུ་བགྲངས་ནས་ནང་བསྟན་ནི་དཔལ་ཡོན་ཡར་ཐོན་གྱི་དཀག་རྡོ་ཡིན་པར་སེམས་ནས་རྒོལ་རྡུང་དང་སྐྱོན་བརྗོད་བྱེད་བཞིན་འདུག ། དེ་ལ་ཁོས་ནང་བསྟན་གྱི་ཁྱད་ཡོན་མ་ཤེས་པས་ཁག་ཅི་ཡོད་སྙམ་པ་ཡང་འོང་གི་འདུག་ལ་ཕྱོགས་གཞན་ཞིག་ནས་བསམ་ཚེ་ང་ཚོའི་སྤྱི་ཚོགས་འདི་ཅི་འདྲའི་ཉམ་དམའ་བ་དང་ཉ་ཕྲ་བའི་སྐབས་སུ་མི་ཤེས་བཞིན་དུ་ཡ་ལས་ཧམ་བཤད་བྱས་ནས་སྤྱི་ཚོགས་ནང་བརྡབ་བསྲིགས་གཏོང་བ་འདི་ནི་ཅི་འདྲའི་ཡི་མུག་པའི་གནས་ཞིག་རེད་སྙམ་པ་ཡང་ཡོང་གི་འདུག །
ཡང་རིགས་ཞེན་གྱི་ཚོར་བས་བཟི་ཞིང་ནང་བསྟན་ལ་མི་ལོ་མང་པོའི་རིང་ཉིན་སྦྱོང་མཚན་སྦྱོང་བྱས་མཐར་ལ་ལས་འདི་
ལྟར་སྨྲ་སྟེ། ནང་བསྟན་ནི་སྤྱི་ཚོགས་ཁྲོད་དུ་ལག་ལེན་དངོས་ཀྱི་ཐོག་ནས་བལྟས་ན་ཕན་ཐོག་ཅི་ཡང་མེད་པའི་རྒྱུ་མཚན་
དུ་དཔལ་འབྱོར་བསྒྲུབ་སྟངས་སྣ་གཅིག་ཀྱང་བསྟན་མེད་ཅེས་པ་དང་། ནང་བསྟན་གྱི་བཞག་པའི་བག་ཆགས་སྡུག་ཤོས་ནི་
སྐྱོ་སྣང་རིང་ལུགས་ཀྱི་དྲི་བསྒྲགས་འདི་ཡིན་ཞེས་ངེས་འབྱུང་གི་སློབ་གསོ་འདི་དངོས་པོའི་དཔལ་ཡོན་ཡར་ཐོན་གྱི་འགོག་རྐྱེན་
གཙོ་བོ་ཡིན་པར་ངོས་འཛིན་བྱས་ནས་སྐྱོན་བརྗོད་དང་དམའ་འབེབས་ཚད་མེད་བྱས་འདུག སྔ་མ་དེ་ནི་ནང་བསྟན་གྱི་དགེ་
མཚན་གསལ་བཤད་རུང་བའི་ཡུལ་ཡིན་ལ་ཕྱི་མ་ནི་བསམ་ཡོད་མིག་ལྡན་གཡང་མཆོངས་ཀྱི་རྣམ་ཐར་ཡིན་པས་བྱ་ཐབས་དཀའ་བའི་ཚོད་རེད། ཁོང་རྣམས་ཀྱི་ཀུན་སློང་གཙང་མ་ཡིན་པའི་ཡིད་ཆེས་ཡོད། ཡིན་ན་ཡང་ཀུན་སློང་གཙང་མ་ཙམ་གྱིས་ཕན་ཐོག་རྒྱུ་དཀའ་མོ་རེད།
འཕྲོས་དོན་གཉིས་པ། གལ་གནད་ཆེ་བའི་དྲི་ཚིག་གཉིས།
ཅིིའི་ཕྱིར་ང་ཚོ་ལ་དཔལ་ཡོན་ཡར་ཐོན་མེད་པ་རེད་ཅེས་པ་དང་། ཅིའི་ཕྱིར་ང་ཚོས་ནང་བསྟན་འཛིན་སྐྱོང་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་པའི་དྲི་བ་འདི་གཉིས་ལ་ལན་དངོས་གནས་དེ་ཐེབས་པ་ཡིན་ན་རྩོད་རྙོག་མང་པོ་ཞིག་རང་གྲོལ་དུ་འགྲོ་བར་ངེས་པས་ལན་ཞིག་སྨྲ་བར་འདོད་དོ། ནང་བསྟན་འཛིན་སྐྱོང་བྱས་པ་དང་སྤྱི་ཚོགས་ནང་དུ་ངེས་འབྱུང་གི་སློབ་གསོ་ཐེབས་དྲགས་ནས་ང་ཚོ་རྗེས་ལུས་ཐེབས་པ་མ་ཡིན་ལ། འོ་ན་ཅི་ཞེ་ན། ང་ཚོའི་སྤྱི་ཚོགས་་ནང་དུ་དེང་དུས་དཔལ་ཡོན་ཡར་ཐོན་གྱི་སློོོོོབ་གསོའི་རྒྱུད་ལམ་ཚད་ལྡན་ཞིག་མེད་པས་སློབ་གསོ་ཚད་ལྡན་ཞིག་མ་ཐོབ། དེའི་རྐྱེན་གྱིས་ང་ཚོ་རྗེས་སུ་ལུས་པ་རེད་ཞེས་པ་འདི་དང་པོའི་ལན་དང་། ནང་བསྟན་ནི་དཔལ་འབྱོར་འཛུགས་བསྐྲུན་གྱི་ཆེད་དུ་འཛིན་སྐྱོང་བྱེད་ཀྱི་མེད། དེ་ནི་ཀུན་སྤྱོད་འཛུགས་བསྐྲུན་གྱི་ཆེད་དུ་འཛིན་སྐྱོང་བྱེད་ཀྱི་ཡོད་ཞེས་པ་ནི་གཉིས་པའི་ལན་ཡིན།
མཐུན་རྒྱུ་ལས་མཐུན་འབྲས་འབྱུང་བ་མངོན་སུམ་གྱིས་གྲུབ་པ།
ད་ནི་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་བ་མངོན་སུམ་གྱིས་གྲུབ་པའི་བསྐོར་བཤད་རྒྱུ་ཡིན། ནས་ཀྱི་ས་བོན་ལས་ནས་ཀྱི་མྱུག་གུ་འབྱུང་བ་ཞིང་འབྲས་ཀྱི་ས་བོན་ལས་ནས་ཀྱི་མྱུག་གུ་མི་འབྱུང་བ་དེ་ང་ཚོས་མངོན་སུམ་གྱིས་མཐོང་བཞིན་པ་འདི་རེད། སྔ་མ་ནི་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་བའི་དཔེ་མཚོན་ཡིན་ལ་ཕྱི་མ་ནི་མི་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་མི་འབྱུང་བའི་དཔེ་མཚོན་ཡིན། དེ་དག་ནི་ང་ཚོས་མངོན་སུམ་གྱིས་མཐོང་གི་ཡོད་པས་དེའི་བསྐོར་ལ་རྒྱུ་མཚན་གཞན་ཞིག་འཚོལ་དགོས་དོན་མེད་ལ། ཡིད་མི་ཆེས་པའི་དོགས་པ་དང་རྣམ་རྟོག་དེ་བས་ཀྱང་དགོས་དོན་མེད།
ཚད་མ་རིགས་པ་ལ་བསླབ་པར་བསྐུལ་བ།
རྒྱུ་འབྲས་ཀྱི་གནས་ལུགས་ལ་ངེས་པ་རྙེད་ཐབས་ཀྱི་རིགས་པ་བཟང་ཤོས་ནི། འདི་ཡོད་པས་འདི་འབྱུང་འདི་ལྡོག་པས་འདི་ལྡོག་ཞེས་པའི་རིགས་པ་འདི་ཡིན་ལ། རིགས་པའི་འགྲོས་འདི་ལ་ཁ་ནང་དུ་ཕྱོགས་ནས་བསམ་གཞིགས་ནན་པོ་བྱས་པ་ཡིན་ན། མཐུན་རྒྱུ་ལས་མཐུན་འབྲས་འབྱུང་བ་དང་། མི་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་མི་འབྱུང་བའི་གནས་ལུགས་ལ་ངེས་པ་རྙེད་པར་ངེས་ཤིང་། དོན་ཆེ་ལ་ངོ་མཚར་བའི་རིག་གནས་དེ་ཤེས་པར་འདོད་ན་ཉི་མ་ལྟར་སྣང་བའི་འོད་ཞགས་འཕྲོ་བའི་ཚད་མ་རིག་པའི་གཞུང་ལུགས་དེ་སློོོབ་དེབ་གལ་ཆེན་ཞིག་ལ་ངོས་འཛིན་བྱས་ནས་རིགས་པའིིི་འགྲོས་རྣམས་ལ་དོ་སྣང་དང་རྒྱུས་ལོན་བྱེད་རྒྱུ་ནི་འདོད་དོན་འགྲུབ་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་ཞིག་ཡིན།
ཕྱི་དངོས་པོའི་འཕེལ་རྒྱས།
དུས་རབས་ཀྱི་འགྱུར་འགྲོས་དང་འགྲོ་བ་མིའི་གཤིས་སྤྱོད་གང་དང་བསྟུན་ན་ཡང་དཔལ་ཡོན་ཡར་ཐོན་ནི་ཉིན་རེའི་འཚོ་
བའི་ཁྲོད་བདེ་སྐྱིད་དང་དགོས་མཁོའི་ཆེད་དུ་མེད་ཐབས་མེད་པ་ཞིག་རེད། རྒྱལ་ཁབ་ཀྱི་འཕེལ་རྒྱས་ནི་མི་མང་གི་བདེ་
སྐྱིད་ཀྱི་ཆེད་དུ་ཡིན་དགོས། རྒྱལ་ཁབ་ཀྱི་འཕེེལ་རྒྱས་ཟེར་བ་དེ་དཔོན་རིགས་དང་ཚོང་བདག་འགའ་ཞིག་ལ་འཚོ་གནས་
ཚད་ལྡན་ཡོད་པ་ཙམ་ལ་ངོས་འཛིན་རྒྱུ་མིནཞིང་། དེ་ནི་རྒྱལ་ཁབ་དེའི་མངའ་ཁོངས་སུ་གཏོགས་པའི་ས་གནས་མི་མང་གི་
མོས་ཁམས་གཤིས་སྤྱོད་དང་མཐུན་པའི་འཛུགས་བསྐྲུན་ཚད་ལྡན་དང་། མི་རིགས་ཡོངས་ལ་འཚོ་བའི་ལོངས་སྤྱོད་ཚད་ལྡན་
ཞིག་ཡོད་ན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཞེས་བརྗོད་འོས་པ་ཡིན། མངའ་ཁོངས་སུ་གཏོགས་པའི་ས་གནས་མི་རིགས་ཡོངས་ལ་
འཚོ་གནས་འཕེལ་རྒྱས་ཚད་ལྡན་ཞིག་ཡོང་བ་ལ་ས་གནས་དེའི་ཐོན་སྐྱེད་གང་ཡིན་ས་གནས་དེ་ཡི་མི་མང་གི་ཁེ་ཕན་དུ་འགྱུར་བའི་སྲིད་ཇུས་བཟུང་དགོས་པ་འདི་ནི་རྩ་དོན་གཅིག་ཡིན། རྩ་དོན་དེ་ནི་ས་གནས་ཀྱི་འཛུགས་བསྐྲུན་དང་ལས་གཞི་གང་ཡིན་ས་གནས་མི་་མང་རང་གིས་འཆར་འགོད་དང་འཛུགས་བསྐྲུན་ལག་བསྟར་བྱེད་ཐུབ་པའི་ཤེས་ཡོན་ཆ་ཚང་བ་དང་ཚད་ལོངས་པ་ཞིག་ས་གནས་མི་མང་ལ་ཡོད་དགོས་པ་དེ་ཡིན། དེས་ན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་ས་གནས་ཡོངས་ལ་སློབ་ཆུང་དང་གཞི་རིམ་སློབ་གྲྭ་ཚད་ལྡན་རེ་ངེས་པར་དུ་ཡོད་དགོས། སློབ་གྲ་ཚད་ལྡན་ཟེར་བ་དེ་ནི་ལྟག་སྒོའི་རྒྱུད་ལམ་མེད་པའི་སྤྱི་སྙོམས། འཆལ་སྤྱོད་ཀྱི་ངན་གཤིས་རྒྱུན་འཇགས་སུ་མི་འགྲོ་བའི་མི་ལུགས་ཚད་ལྡནགྱི་མིག་དཔེ་བཟང་པོ། ས་གནས་དེ་དང་དེ་ཡི་མི་མང་གི་མོས་ཁམས་གཤིས་སྤྱོད་དང་མཐུན་པའི་སྲོལ་རྒྱུན་རིག་གནས་གདམ་བསྒྲིགས་བྱས་པའི་གནའ་བོའི་རིག་གནས་ཀྱི་སློབ་ཚན་དང་། འཛམ་གླིང་དཔལ་ཡོན་ཡར་ཐོན་གྱི་འགྱུར་འགྲོས་དང་མཐུན་པའི་ཚན་རིག་དང་ཆབ་སྲིད། དཔལ་འབྱོར་དང་ཁྲིམས་ལུགས། འཁོར་ཡུག་བསྲུང་བསྐྱོབ་དང་སྤྱི་ཚོགས་འཕྲོད་བསྟེན་གྱི་རིག་པའི་གཞུང་ལུགས་གདམ་བསྒྲིགས་བྱས་པའི་གནའ་དེང་ཟུང་དུ་འབྲེལ་བའི་སློབ་ཚན་དང་། གནའ་དེང་གང་གི་ཡང་རིག་པའི་གནས་ལ་མཁྱེན་པ་རྒྱས་ཤིང་ལྷག་བསམ་དང་སློབ་གསོའི་དཔལ་ཡོན་གྱིས་ཕྱུག་པའི་ དགེ་རྒན་ཡོད་པ་བཅས་ལ་སློབ་གྲ་ཚད་ལྡན་ཟེར་དགོས་པ་རེད་སྙམ། ས་གནས་སམ་ཡུལ་ལུང་རང་རང་གི་འཚོཐབས་དང་ཐོན་ཁུངས། ལས་གཞི་དང་འཛུགས་བསྐྲུན། དགོས་མཁོའི་གནས་བབ་དང་འཚམས་པའི་སློབ་གསོ་གཙོར་འདོན་་བྱེད་དགོས། དེ་ནི་ས་གནས་སོ་སོ་ནས་འཕེལ་རྒྱས་འོང་བའི་ཐབས་ལམ་བཟང་ཤོས་ཞིག་ཡིན།
གལ་གནད་ཆེ་བའི་སློབ་གསོའི་རྒྱུད་ལམ།
ཤེས་ཡོན་གྱི་དུས་རབས་འདིར་རང་རིགས་ཡར་ཐོན་དང་འཕེལ་རྒྱས་ཀྱི་ཆེད་དུ་གཞོན་སྐྱེས་རྣམས་ལ་སློབ་གསོ་སྤྲད་དགོས་
མིན་ཐད་ས་ཡ་དྲུག་ལ་དགོངས་ཚུལ་མི་མཐུན་པ་གང་ཡང་མེད་ཀྱང་། སློབ་གསོའི་རྒྱུད་ལམ་རང་སྐད་དང་གཞན་སྐད་གང་
ལེགས་ཞེས་པའི་དྲི་བ་དེ་ལ་གཞན་སྐད་སློབ་གསོའི་རྒྱུད་ལམ་དུ་ལེགས་པར་སྨྲ་བའི་ཕྱོགས་ཁག་གཅིག་དང་། རང་སྐད་སློབ་
གསོའི་རྒྱུད་ལམ་དུ་འོས་པར་བརྗོད་པའི་ཁག་གཉིས་སུ་གྱེས་ནས་བསམ་གཞིགས་དང་གླེང་སློང་བྱེད་བཞིན་པའི་སྒང་ཡིན།
དེ་ནི་ཁྱོད་ལ་ཇི་ཙམ་གལ་ཆེན་ཡིན་པ་དེ་ཙམ་ང་ལ་ཡང་གལ་ཆེན་ཡིན་ཞིང་ཤི་གསོན་བྱེ་བའི་ལ་ཁ་ལྟ་བུ་ཡང་ཡིན།
མི་རིགས་ཞིག་གིས་ཇི་སྲིད་གཞན་སྐད་སློབ་གསོའི་རྒྱུ་ལམ་བྱས་པ་དེ་སྲིད་དུ་ཡོལ་ཐབས་མེད་པའི་རྒུད་པ་གསུམ་འབྱུང་
བས་རེ་རེ་བཞིན་བགྲང་རྒྱུ་ཡིན།
རྒུད་པ་དང་པོ། རང་སྐད་ཀྱི་ཚེ་སྲོག་ཆད་འགྲོ།
གཞན་སྐད་སློབ་གསོའི་རྒྱུད་ལམ་བྱས་པའི་སློབ་གྲྭའི་ནང་ནས་སློབ་ཕྲུག་ཚོས་བསླབ་བྱ་ཡོད་ཚད་གཞན་སྐད་རྒྱུད་ནས་བླངས་ཡོད་པས་་ཉིན་རེའི་འཚོ་བའི་དགོས་མཁོའི་ཆེད་དུ་ཡང་གཞན་སྐད་མི་བཀོལ་ཐབས་མེད་ཆགས་ཡོད། གཞན་སྐད་དེ་ལ་བྱང་ཆ་དང་རྒྱུས་མངའ་ཇི་ཙམ་ཆེ་བ་དེ་ཙམ་གྱི་བཀོལ་སྤྱོད་ཡང་ཇེ་་མང་བྱེད་ངེས་རེད།
རང་སྐད་ལས་གཞན་སྐད་ལ་བྱང་ཆ་དང་རྒྱུས་མངའ་ཆེ་བའི་རང་རིགས་དེས་རང་སྐད་ནི་ཆ་མ་ཚང་ལ་སྟབས་མི་བདེ་ཞིང་
ཕན་ཐོགས་མེད་པའི་སྐད་ཡིག་སྐྱོན་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་རྒྱུ་ཐག་ཆོད། འོན་ཀྱང་མེས་པོའི་སྐད་ཡིག་དེ་ཆ་མ་ཚང་བ་དང་སྟབས་མི་བདེ་ཞིང་་ཕན་ཐོགས་མེད་པའི་སྐད་ཡིག་སྐྱོན་ཅན་ཞིག་མིན་ཞིང་། དེ་ནི་རང་ཉིད་ཀྱིས་རང་སྐད་མ་ཤེས་པའི་སྐྱོན་ཡིན་མོད། ཕལ་ཆེར་དེ་ངོས་ལེན་བྱེད་རྒྱུ་མ་རེད། རང་རིགས་གཞོན་སྐྱེས་ཚོས་རང་སྐད་ལ་བརྩེ་བ་དང་ཆེ་མཐོང་མེད་པའི་ཐོག་སྟབས་མི་བདེ་བའི་དགོས་མེད་ཅིག་ལ་ངོས་འཛིན་བྱས་པ་ཡིན་ན། དེ་ཉིན་མོ་རང་སྐད་ཀྱི་ཟུངས་ཁྲག་སྐམ་འགྲོ་ལ་ཚེ་སྲོག་ཡང་ཆད་འགྲོ་ངེས་རེད། དེ་དུས་སུ་ལ་ཡང་རང་སྐད་ཀྱི་ཚེ་སྲོག་བསྐྱབ་ཐུབ་པའི་ནུས་པ་མེད། དེ་ལས་ད་ལྟ་རང་ནས་རང་སྐད་བཀོལ་སྤྱོད་བྱེད་དགོས་པ་དེ་རྩ་བསྡོམས་གལ་ཆེན་ཞིག་རེད།
རྒུད་པ་གཉིས་པ། རིག་གཞུང་དང་རང་གཤིས་ཡལ་འགྲོ
གཞན་སྐད་སློབ་གསོའི་རྒྱུད་ལམ་བྱས་པའི་སློབ་ཚན་གང་གི་ནང་དུ་ཡང་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་བཅུ། མེས་པོའི་གཅེས་ནོར་ཡ་རབས་སྤྱོད་བཟང་གི་ལྟ་གྲུབ། ཡུལ་སྲོལ་གོམས་གཤིས། སྤྱི་ཚོགས་ཀྱི་གནས་སྟངས་སྣ་གཅིག་ཀྱང་འཁོད་མེད། སློབ་གྲྭའི་ནང་ནས་སློབ་ཕྲུག་ཚོས་སློབ་གསོ་དེ་དག་རྣ་བས་ཐོས་མྱོང་མེད་ལ་དེ་བས་ཀྱང་སེམས་ལ་འཁོར་མྱོང་མེད། ཆུང་བྱིས་པའི་དུས་སུ་ཕ་མ་སྤུན་མཆེད་ལས་བླངས་པའི་རང་ཉིད་ཀྱི་ལྟ་གྲུབ་་དང་གཤིས་སྤྱོད་དེ་དག་སློབ་ཆུང་འགྲིམས་པ་དང་མཉམ་དུ་རྒྱུན་ཆད་འགྲོ རང་གི་ཆོས་དང་རིག་གཞུང་གི་ཁྱད་ཡོན་ལྟ་ཞོག་དེ་དག་གི་འགྲོས་ཙམ་ལ་ཡང་རྨོངས་པའི་ལུས་ངན་ལེན་དགོས་ཤིང་། རང་གི་ཆོས་དང་རིག་གཞུང་། ལྟ་གྲུབ་དང་གོམས་གཤིས་ལས་ཐོན་པའི་བཟང་སྤྱོད་དང་སྤོབས་པ། རིགས་ཞེན་དང་ཆོད་སེམས། སྟོབས་དང་ནུས་པ། དང་བ་དང་སྤྲོ་བ་ཡོད་ཚད་རང་བཞིན་གྱིས་མེད་པར་འགྱུར་ཞིང་། ཡུན་རིང་གསོན་བྲལ་གྱུར་པའི་ཕ་་མ་སྤུན་མཆེད་དང་ལྷན་འཛོམས་བྱུང་སྐབས་སུ་ཡང་དགའ་བའི་བཀའ་མོལ་གནང་འདོད་མེད་ལ། སྤྲོ་བའི་འཛུམ་མདངས་ཡང་མངོན་རྒྱུ་མེད། ད་དུང་ཡང་མགོ་བོ་སྒུར་ནས་ལག་པས་སྐྲ་ལ་རེག་ཙམ་རེག་ཙམ་བྱས་ནས་འདུག་ལུགས་དེ་ལ་བལྟས་ན་ཅི་འདྲའི་སྡར་མ་ཉེས་ཅན་ཞིག་ཁྲིམས་ཁང་སྒོ་འགྲམ་དུ་སླེབས་པའི་ངང་ཚུལ་དེ་དྲན་འོང་། གཞན་སྐད་སློབ་གསོའི་རྒྱུད་ལམ་བྱས་པ་དེ་སྲོལ་རྒྱུན་གྱི་རིག་གནས་དང་རང་གཤིས་ཡོད་ཚད་རྨིང་མེད་གཏོང་བའི་གཤེད་མའི་ནང་གི་ཡང་གཤེད་དེ་གྲོགས་སུ་བསྟེན་པ་ཡིན།
རྒུད་པ་གསུམ་པ། རང་ཡུལ་དུ་འཕེལ་རྒྱས་འོང་མི་སྲིད།
སློབ་གྲྭ་དེའི་ནང་ནས་རང་ཡུལ་གྱི་འཚོ་བའི་གནས་སྟངས་དང་མཐུན་རྐྱེན་གྱི་ཐོན་ཁུངས་མི་མང་གི་མོས་ཁམས་གཤིསསྤྱོད་དང་མཐུན་པའི་འཆར་འགོད་དང་འཛུགས་བསྐྲུན་བྱེད་ཐབས་ཀྱི་སློབ་གསོ་གང་ཡང་རྙེད་དུ་མེད། སློབ་ཕྲུག་ཚོ་སློབ་མཐར་ཕྱིན་སྐབས་སེམས་ལ་སྤོབས་པ་དང་ནུས་པ་མེད་པ། ལས་ལ་དང་བ་དང་སྤྲོ་བ་མེད་པ། ཡ་ང་དང་ཡི་མུག་པ། ཉམ་དམའ་བ་དང་ཐབས་སྐྱོ་བའི་རྣམས་འགྱུར་དེ་ལ་བལྟས་ན་ཁོང་ཚོའི་རྒྱུད་ལ་འགྲོ་བ་མིའི་རིགས་གང་གི་ཡང་ལྟ་གྲུབ་དང་གཤིས་སྤྱོད་མེད་པ་དེ་ཤེས་ཐུབ། གཞོན་སྐྱེས་ཚོ་རང་བཞིན་གྱི་དེ་ལྟ་བུ་ཞིག་མིན་ཀྱང་སློབ་གསོའི་རྒྱུད་ལམ་ནོར་བའི་རྐྱེན་གྱིས་འགན་བཟོད་ཐབས་མེད་པའི་ཉམ་ཉེས་དེ་དག་མི་འདོད་བཞིན་དུ་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་བྱས་ནས་ཐོན་འོང་བ་རེད། གཞོན་སྐྱེས་ཚོས་རང་ཡུལ་གྱི་འཚོ་གནས་དང་ཐོན་ཁུངས་ལ་གཞིགས་པའི་འཆར་འགོད་དང་འཛུགས་ཀྱི་སློབ་གསོ་གང་ཡང་ཐོབ་མེད་ན་ཁོང་ཚོས་རང་ཡུལ་ཇི་ལྟར་ཡག་རྒྱས་གཏོང་ཐུབ། འདིའི་བསྐོར་ལོགས་སུ་བཤད་འདོདཡོད་པས་དེ་རིང་དེར་མཚམས་འཇོག་རྒྱུ་ཡིན། རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ཟླ་བ་བརྒྱད་པའི་ཚེས་བཞི། སྤྱི་ལོ་༢༠༡༡ ཟླ་བ། ༡༠ ཚེས། ༡ ཉིན།།
རག་ཤུལ་དཔལ་ལྡན་ཀྱིས་དངོས་གནས་བརྗོད་བྱ་ཟབ་པའི་དཔྱད་རྩོམ་ཞིག་སྤེལ་འདུག་པས་དགའ་བསུ་ཞུ།།
ReplyDelete