Sunday, 3 November 2013

གནོད་ཐེབས་མི་མང་ལ་ཕྱི་ཕྱོགས་ནས་རོགས་དངུལ་གྱི་རྩོད་གླེང་སྐོར།

༼རྒྱ་སྒོར་༥༧༢༩༦༨༩ བོད་ལ་བཏང་ཡོད་ཟེར། ༽ བོད་ཀྱི་བང་ཆེན་ལས་བཤུས།

ཟླ་འདིའི་ཕྱི་ཚེས་༢༡ ཉིན་ཡུལ་ཤུལ་བ་ས་གནས་འཐུས་མི་ཁག་ཅིག་གིས་ཕྱི་ལོ་༢༠༡༠ ལོར་ཡུལ་ཤུལ་དུ་ས་ཡོམ་བྱུང་སྐབས། འཛམ་གླིང་ཡུལ་གྲུ་གང་ས་ནས་རོགས་དངུལ་ཅི་བྱུང་དང་། དེ་བཞིན་བོད་ལ་གཏོང་ཕྱོགས་སོགས་ཀྱི་ཐད་ཡིག་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་སོང་།དེ་ཡང་ཐེངས་འདིར་ཡུལ་ཤུལ་བ་ས་གནས་འཐུས་མི་ཁག་ཅིག་གིས་དྷ་སར་ཉིན་གྲངས་༨ རིང་། ཕྱི་ལོ ༢༠༡༠ ལོར་ཡུལ་ཤུལ་དུ་ས་ཡོམ་བྱུང་སྐབས། འཛམ་གླིང་ཡུལ་གྲུ་གང་ས་ནས་རོགས་དངུལ་ཅི་བྱུང་དང་། གནོད་ཐེབས་མི་མང་གིས་ག་ཚོད་རག་ཡོད་མེད། དེ་བཞིན་ད་ལྟ་དངུལ་ག་ཚོད་ཅིག་ལྷག་ཡོད་མེད་དང་། དངུལ་བོད་ལ་གཏོང་ཕྱོགས་སོགས་ལ་ཞིབ་འཇུག་བྱས་མཐར་ཡིག་ཐོག་ནས་དོན་ཚན་གསུམ་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།ཕྱི་ལོ་༢༠༡༠།༤།༡༤ ཉིན་བོད་མདོ་ཁམས་སྐྱེ་རྒུ་མདོར་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ས་ཡོམ་ཤུགས་ཆེན་བརྒྱབས་པའི་རྐྱེན་ངན་གོད་ཆག་དབང་གིས་མི་གྲངས་ཁྲི་ཕྲག་བརྒལ་བར་རྨས་སྐྱོན་དང་། རྨས་སྐྱོན་ཕོག་པ་གྲངས་ལས་འདས་སོགས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་བྱུང་སྐབས། དྷ་སར་ཡུལ་ཤུལ་བ་འགའ་ཞིག་གིས་གསར་འཛུགས་བྱས་པའི་༤།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ། ལྷག་བསམ་དང་སྙིང་རྗེ་ལྡན་པའི་གཏོང་ཕོད་ཅན་གྱི་བོད་རིགས་གཙོ་བོར་གྱུར་པའི་འཛམ་གླིང་ཡུལ་གྲུ་གང་ས་ནས་དངུལ་ཕོན་ཆེན་བྱུང་བ་རྣམས། ད་བར་ལོ་ངོ་གསུམ་ལྷག་ལ་ཚོགས་ཆུང་གིས་བོད་ནང་འཐུས་མི་བཞི་ཕེབས་ཐུབ་པ་མ་ཟད། སྔ་ཕྱིའི་ལས་དོན་མཐའ་དག་གང་འཚམས་སྒྲུབ་བཞིན་པའི་ཡུལ་ཤུལ་བ་གནས་སྡོད་ས་གནས་མང་པོ་ནས་འཐུས་མི་ཁག་ཅིག་དྷ་སར་ཆེད་བཅར་གྱིས་ཉིན་བརྒྱད་རིང་ས་ཡོམ་གོད་ཆག་ཆེད་ཞལ་འདེབས་བྱུང་བ་དང་། བོད་ནང་དངོས་སུ་གཏོང་ཕྱོགས་སྐོར་སོགས་ལ་ལས་དོན་ཅི་བྱས་སྐོར་ལ་ཉམས་ཞིབ་བྱས་འབྲས་སུ།དོན་ཚན་དང་པོ། རོགས་དངུལ་བྱུང་སོང་རྒྱལ་བལ་འབྲུག་གསུམ་ནས་ཧིན་སྒོར་༤༨༧༣༤༣༢༥ ལ་རྒྱ་སྒོར་༦༦༧༥༩༣༥ བཅས་བྱུང་ཡོད། བོད་ནང་དངོས་སུ་གཏོང་ཐུབ་པ་རྒྱ་སྒོར་༥༧༢༩༦༨༩ བྱུང་ཡོད།དོན་ཚན་གཉིས་པ། གོད་ཆག་ཕོག་ཡུལ་ས་གནས་སུ་རོགས་དངུལ་གཏོང་ཕྱོགས་སྐོར། རྒྱ་སྒོར་༥༠༣༥༡༠༤ གནོད་འཚེ་ཕོག་པའི་ས་ཁུལ་ཁག་ལ་བཏང་ཡོད་ཀྱང་དེའི་ནང་ནས་རོགས་དངུལ་དང་ཅ་དངོས་སྤྲོད་ཡོད་ཟེར་བ་འགའ་ཞིག་ལ་བྱུང་འཛིན་དང་ཁུངས་ལྡན་ཁ་གསལ་མེད་པར་ལྷག་ཡོད། གོད་ཆག་ཚབས་ཆེན་མ་ཕོག་པའི་ས་ཁུལ་ཁྲི་འདུ་རྫོང་ཁོངས་སྡོམ་འདར་ཞང་འབྲོག་སྡེ་ཁག་ཅིག་ལ་ཧིན་སྒོར་༣༦༥༩༨༥༥ ལ་རྒྱ་སྒོར་༥༠༡༣༥༠ དང་། ནང་ཆེན་ས་ཁུལ་ཁག་ཅིག་ལ་ཧིན་སྒོར་༡༠༧༨༤༦༥ ལ་རྒྱ་སྒོར་༡༤༧༧༣༥ དང་། ཁྲི་འདུ་ཁ་སྔོན་གྲོང་སྡེའི་མི་ཞིག་གི་བརྒྱུད་ནས་ཉམས་ཐག་ཁག་ཅིག་ལ་ཧིན་སྒོར་༧༣༠༠༠ ལ་རྒྱ་སྒོར་༡༠༠༠༠ དང་། དྭ་ཕྲུག་སློབ་གྲྭ་ཡིན་ཟེར་བ་ཞིག་ལ་ཧིན་སྒོར་༢༤༠༩༠༠༠ ལ་རྒྱ་སྒོར་༣༣༠༠༠ དང་། ཡང་རྒྱ་སྒོར་༡༩༥༠༠༠ ལྷག་གོད་ཆག་ཕོག་ཡུལ་མི་མང་ལ་མགྱོགས་མྱུར་སྤྲོད་བདེ་ཆེད་རྒྱ་སྒོར་༧༠༠༠༠ སྤྲད་ཡོད་ཟེར་བ་ལས་གསལ་ཁ་མ་བྱུང་།དོན་ཚན་གསུམ་པ། རག་རྩིས་བྱས་པའི་བྱུང་སོང་ལྷག་མ་ཧིན་སྒོར་འབུམ་༣༢༠༡༨༦༧ ཡོད། གོང་གསལ་གནས་ཚུལ་ཁག་ལ་ང་ཚོའི་འཐུས་མི་རྣམས་ཀྱིས་ད་དུང་ཞིབ་འཇུག་མཐིལ་ཕྱིན་མ་ཐུབ་ཀྱང་། མི་རིང་བར་༤།༡༤ གདུང་སེལ་ཚོགས་ཆུང་ནས་རྩིས་ཁྲ་གཙང་བཟོ་བྱས་ཏེ་གསལ་བསྒྲགས་ཞུ་འཆར་འདུག་ན། དེའི་སྐབས་རྩིས་ཞིབ་ཚོགས་ཆུང་ཟུར་འཛུགས་ཀྱིས་རོགས་དངུལ་ཁག་ལ་རྩིས་ཁྲ་ཞིབ་བཤེར་གནང་རོགས་ཞུ་བཞིན་ཡོད་ཅེས་འཁོད་འདུགམཐའ་མའི་བསྐྱར་བཅོས། ( '2013, 09, 21' )

Sunday, 14 April 2013

ལོ་གསུམ་གོང་གི་ཉི་ནག

ཉི་མ་ནག་པོ་དགུང་ནས་ཤར་ཞིང་སྲིན་བྱ་སྐྱ་བོ་ཧབ་བགོད་ཤོར།།
ཕ་ས་གྲུ་བཞི་དགྲ་རུ་ལངས་ནས་ཕུ་ནུ་གཤིན་རྗེའི་ཁྲིམས་ཁ་བརྫངས།།
ཤི་གཅིག་ཤི་ཡི་དུས་ནག་དེ་ཉིད་གསལ་རིག་ཡིད་ལ་ཤར་ཐེངས་རེར།།
སྐྱོ་གདུང་འདྲེས་མའི་ཧུ་ཤུ་ཞིག་དང་སྐྱབས་གནས་ལྷ་ལ་སྐྱབས་འཇུག་ཞུས།།

Monday, 14 January 2013

༼ དེང་དུས།༽ བདེ་ལེགས་རིགས་པའི་རལ་གྲི།




གང་ཞིག་སྣང་བས་སྤྲོས་བའི་འཇིག་རྟེན་འདིར།།
མ་རིག་རྨོངས་བས་སྐྱེད་པའི་ཀླད་གསར་པ།།
གང་ཤར་གནས་ལུགས་འཇོག་བའི་མཆོག་འཛིན་གྱིས།།
བདེན་མཐའི་ཡུལ་ལ་འཇུག་པའི་དཔྱད་སྒོ་བསལ།།

གང་ཞིག་ལྷན་སྐྱེས་སེམས་ཀྱི་མཁའ་དབྱིངས་ངོས།།
གནས་ལུགས་ཚེས་རིས་ཟླ་གཟུགས་ཤར་ཀྱང་རུང་།།
ཞེན་ཆགས་ཆུ་འཛིན་སྨུག་པོ་འཁྲེགས་པས་ན།།
བདེན་མཐའི་འོད་སྣང་འཕྲོས་པའི་སྐལ་བ་ཡལ།།
༈དེ་ཡང་དེང་སང་མཆོག་འཛིན་གྱི་མི་ཚེ་ཁྲོད་ནས་དཀའ་སྡུག་དང་འབད་བརྩོན་རི་བོ་བཞིན་སྤུངས་ནས་འདུན་མ་འཚོལ་མཁན་ཚོས་སྔོན་དུས་ཀྱི་ལོ་པཎ་དག་གི་ཁ་བ་གངས་ཅན་ལྗོངས་འདིར་སྙིང་རྗེ་དང་བརྩེ་བས་སྐྱོད་པའི་ལྟ་གྲུབ་དང་བསམ་བློའི་ཀུན་སྤྱོད་ལ་སྒེར་དཔྱོད་དང་ཀླད་རྙིང་པའི་ཕྱོགས་འཛིན་གྱི་རིང་ལུགས་སུ་ཕུད་ནས་ཕྱོགས་འཛིན་དང་ཞེན་ཆགས་ཇི་རྒྱས་སུ་སྐྱོད་པ་ལ་བསམ་གཞིགས་ཅིག་ཞིབ་ཏུ་གཏད་ན་སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད་ཅེས་ལ་ལྟར་བདེན་དོན་དཔྱོད་པས་བསུ་བའི་རྙེད་དོན་དང་དཔྱོད་བྱེད་ལ་མཆོག་འཛིན་གྱི་ལྟ་བ་དང་མཆོག་འཛིན་གྱི་གཏན་ཚིགས་ཀྱིས་ཚབ་མི་འགྲོ་པའི་འདུ་ཤེས་དང་ལྟ་གྲུབ་ཞིག་རྙེད་ངེས།།

སྔོན་བྱོན་མཁས་པའི་སྲོལ་ལ་ལོག་འཛིན་མེད།།
དེང་དུས་མཆོག་འཛིན་ཕྱོགས་ལ་ཞེན་པ་དབེན།།
བདེན་པའི་གནས་ལུགས་བསྙེགས་སའི་དབེན་ཁྲོད་ནས།།
མི་ཚེའི་འདུན་མར་བརྩོན་ལ་སྤྲོ་བས་ཁེངས།།

མཐོན་པའི་གདན་ལ་རེ་བའི་ཞེན་ཆགས་མེད།།
རང་ཉིད་དམན་ལ་ལྟ་བའི་ཁེངས་སྐྱུང་དབེན།།
ཆོས་མཐུན་བཤེས་གཉེན་བརྩེ་བའི་དྲོད་ཁོལ་འོག།
གཏན་གྱི་འདུན་མར་འཚོལ་ལ་དགའ་བས་གང་།།

སྐྱོ་སེམས་རྒྱ་མཚོ་ངོས་ནས་སྐད་ཆའི་རློབས་ཕྲེང་ཐེངས་གཉིས་པའོ།།

Sunday, 13 January 2013

དེ་རིང་གི་བསམ་བཞིག བདེན་དོན་འཚོལ་བ།



མི་ཚེ་མྱུར་བགྲོད་གློག་གི་ཟླ་བོར་འོས།།
སྲོལ་རྒྱུན་ལྕགས་རི་ངམ་གནག་རྔམ་ཤིང་བརྗིད།།
ཕྱི་བཤོལ་འདུ་འཛིའི་རྣམ་རྟོག་རླུང་གིས་གཙེས།།
དཔེ་མང་བརྩེགས་པའི་ཕྱོགས་སུ་དཀའ་བ་སྟོང་།།

ཐོས་བསམ་དྲོད་ཀྱིས་མ་བསྐྱངས་ཞིང་ས་རུ།།
ཉམས་རྟོགས་མྱུ་གུ་འབུས་པར་རེ་བའི་སྲོལ།།
མ་ཐེགས་བཙན་གྱིས་བཀལ་བའི་དབང་ཆེན་གྱིས།།
ན་ལེན་མཁས་པའི་སློབ་གླིང་ཕྱིར་མིག་བྱོས།།

ཐོས་བསམ་བློ་ངོར་མ་ཡོང་དཀའ་བའི་ངོར།།
རྣམ་མངས་ལས་ཀྱིས་མ་ལྕོགས་འཁུན་སྒྲ་བཅས།།
དམན་པའི་གྲོང་དུ་བློ་མིག་གཏད་པའི་གྲོགས།།
ཁྱོད་དང་འཚམ་པའི་ལམ་ཞིག་ཅི་མ་རུང་།།

སྐབས་རེར་ཁྱོད་ཀྱིས་བྱིན་པའི་འཇིགས་པ་ཆེ།།
ལ་ལས་མི་ཚེ་འཛུམ་གྱིས་བསུས་པ་མང་།།
གང་ཡང་སྟོང་གསུམ་སྤུངས་པའི་རིན་ཆེན་ལས།།
ཁྱོད་ལ་བཅངས་པའི་རིན་ཐང་སུ་ཡིས་དཔོགས།།

ཞི་བདེའི་ཐར་པ་རེ་བའི་རློམ་སེམས་མེད།།
ཐམས་ཅད་མཁྱེན་པའི་གོ་འཕང་དེ་ལས་ཅི།།
ལྷག་བསམ་གཙང་མས་ཕྱུག་པའི་རྣམ་དཔྱོད་འདི།།
ཚེ་རབས་ཀུན་ཏུ་ལྡན་ན་ཅི་མ་རུང་།།

མཐོན་པོའི་ངོ་སོ་ཕྱུག་པོའི་རྒྱུ་ནོར་དང་།།
མཛེས་མའི་འཛུམ་གྱིས་བསླུ་བྲིད་མ་ཐེབས་ཅིང་།།
ལོག་རྟོག་རྙོགས་མའི་སེམས་ཀྱིས་མ་བསླད་པར།།
བདེན་པའི་གནས་ལུགས་སྨྱུག་གུའི་རྩེ་ནས་བཞུར།།
སྤྱི་ལོའི་༢༠༡༣ སྤྱི་ཟླ་ ༡ ཚེས་ ༡༣ ཉིན། 

Saturday, 6 October 2012

དབུ་མའི་ལུགས་ཀྱི་ཆོས་རྣམས་ཀྱི་རང་བཞིན་ལ་དཔྱད་པ། ལྡན་མ། ངག་དབང་ནོར་བུ།

རྒུད་པ་ཀུན་གྱི་སྒོ་གཅིག་པུ།། མ་རིག་མུན་པའི་སྨགས་ཆེན་ལས།། གྲོལ་བྱེད་མཐོང་བ་དོན་ལྡན་མཆོག། ཆོས་ཀྱི་དབྱིངས་ལ་གུས་པས་འདུད།།
ཅེས་མཆོད་པ་བརྗོད་པ་སྔོན་དུ་བཏང་སྟེ། གང་དཔྱད་པར་བྱ་བའི་གཞི་ནི། དབུ་མ་རྩ་བ་ཤེས་རབ་ལས།། རང་བཞིན་དག་ནི་བཅོས་མིན་དང་།། གཞན་ལ་ལྟོས་པ་མེད་པ་ཡིན།། ཞེས་གསུངས། འདིའི་དོན་ལ་རྩ་ཤེར་ཊཱིཀ་ཆེན་ལས། འདི་ན་རང་གི་ངོ་བོ་ནི་རང་བཞིན་ནོ་ཞེས་ཐ་སྙད་བྱས་པས་གང་ཞིག་དངོས་པོ་གང་གི་བདག་གི་བ་དེ་ནི་དེའི་རང་བཞིན་ནོ་ཞེས་བརྗོད་དོ། གང་ཞིག་གང་གི་བདག་གི་བ་ཡིན་ཞེ་ན་ཆོས་ཅན་གང་གི་ཆོས་གང་མ་བཅོས་པ་དེ་ནི་དེའི་འོ། གང་ཞིག་བཅོས་མ་ཡིན་པ་དེ་ནི་དེའི་བདག་གི་བ་མ་ཡིན་ཏེ། དཔེར་ན་ཆུའི་ཚ་བ་ལྟ་བུའོ། གང་ཞིག་གཞན་ལ་རག་མ་ལས་པ་དེ་ཡང་དེའི་བདག་གི་བ་ཡིན་ཏེ། དཔེར་ན་རང་གི་ཁོལ་པོ་དང་། རང་གི་ནོར་དག་བཞིན་ནོ། གང་ཞིག་གཞན་ལ་རག་ལས་པ་དེ་ནི་དེའི་བདག་གི་བ་མ་ཡིན་ཏེ། དཔེར་ན་རེ་ཞིག་བརྙན་པོ་རང་དབང་མེད་པ་ལྟ་བུའོ། ཞེས་ཆོས་དེའི་མ་བཅོས་པ་དང་། ཆོས་དེའི་གཞན་ལ་རག་མ་ལས་པ་གཉིས་ནི་ཆོས་དེའི་བདག་གི་བ་ཡིན་པའམ་ཆོས་དེའི་རང་བཞིན་དུ་གསུངས་པས་མ་བཅོས་པ་དང་། རག་མ་ལས་པ་གཉིས་ཀྱི་གོ་དོན་ནི་ཆེས་འཆར་དཀའ་ཞིང་། དེ་ལས་འཕྲོས་ཏེ་ཅུང་ཟད་བཤད་ན། དཔེར་ན་སྟོང་གཞི་བུམ་པ་ལྟ་བུའི་ཆོས་ཉིད་ནི། རང་འཇོག་བྱེད་ཀྱི་བློ་ཡིས་མ་བཅོས་ཤིང་། རྒྱུ་རྐྱེན་གཞན་ལ་རག་མ་ལས་པའི་ཆ་ནས་དེའི་རང་བཞིན་དུ་འཇོག་དགོས་པ་འདྲ་ཡང་། དོགས་པ་འདི་ལྟར་བསུ་སྟེ། བུམ་པའི་ཆོས་ཉིད་ཆོས་ཅན། རང་འཇོག་བྱེད་ཀྱི་བློ་ཡིས་མ་བཅོས་པར་ཐལ། ཁྱོད་བུམ་པའི་རང་བཞིན་ཡིན་པའི ཕྱིར། འདོད་ན། དེ་ཆོས་ཅན། རང་འཇོག་བྱེད་ཀྱི་རྟོག་པས་མ་བཏགས་པར་ཐལ།  དེ་ཡིས་མ་བཅོས་པ་དེའི་ཕྱིར། མ་ཁྱབ་ན། རྟོག་པ་དེ་ཡིས་འཇོག་ཚུལ་དང་། རྟོག་པ་དེ་ཡིས་བཅོས་པའི་མཚམས་གང་དུ་བཟུང་། ཐ་སྙད་འདོགས་པའི་བློ་ཡིས་བཞག་པ་ལ་བཅོས་པ་དང་། དོན་དམ་དཔྱོད་པའི་བློ་ཡིས་བཞག་པ་ལ་བཅོས་མིན་གྱི་དོན་དུ་འཇོག་ཅེ་ན། རྟོག་པ་ཆོས་ཅན། དེ་གཉིས་གང་ཡིན། དེ་ནི་རང་ལྡོག་དང་། རྫས་སྤྱི་མ་ཡིན་ཞེས་སྨྲ་ན། གཞི་གྲུབ་ན་རྟོག་པས་བཏགས་ཙམ་ཡིན་པས་ཁྱབ་པ་ལ་འདོད་ལན་མི་ཐེབས་པར་ཐལ། རྟོག་པ་དེ་དེ་གཉིས་གང་ཡིན་ཁ་ཚོན་མི་ཆོད་པའི་ཕྱིར། ཡང་ན་རྒྱུ་རྐྱེན་གྱིས་མ་བཅོས་པ་དང་། གཞན་ལ་རག་མ་ལས་པའི་དོན་ལ་མཐའ་གཅིག་ཏུ་དེའི་རང་བཞིན་ཡིན་པ་ཞིག་གི་དོན་དུ་འཇོག་ཅེ་ན། ནམ་མཁའ་ཆོས་ཅན། སྐབས་འདིར་བསྟན་པའི་རང་བཞིན་ཡིན་པར་ཐལ། དེའི་དོན་གཉིས་པོ་ཚང་བའི་ཕྱིར། འདོད་ན་མི་འཐད་དེ། དེའི་རང་བཞིན་ནི་དེའིི་གཤིས་ལུགས་ཡིན་དགོས་སྟེ། རྩ་ཤེར་ཊཱིཀ་ཆེན་ལས། དེའི་ལྟར་གསུངས་པས་ནི་བཅོས་མ་དང་། ཆོས་དེ་ལས་གཞན་ལ་རག་ལས་པ་ཐམས་་ཅད་ཆོས་དེའི་བདག་གི་བ་མིན་པར་སྟོན་པ་མིན་གྱི་ཆོས་དེའི་རང་བཞིན་ནམ་གཤིས་སུ་འཇོག་པའི་བདག་གི་བ་དེ་ལ་དེའི་བཅོས་མ་མིན་པ་དང་། དེ་ལས་གཞན་ལ་རག་ལས་པའི་གཡར་པོ་ལྟ་བུ་མིན་པ་ཞིག་དགོས་པ་སྟོན་ནོ། ཞེས་གསུངས་པའི་ཕྱིར། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས་གསུངས་པ་ལྟར་ན། མ་བཅོས་པ་ནི་རྒྱུ་རྐྱེན་གྱིས་གསར་དུ་མ་བཅོས་པ་དང་། གཞན་ལ་མ་ལྟོས་པའི་དོན་རྒྱུས་མ་སྐྱེས་པ་ལ་བྱེད་ན་སྔ་མ་དང་ཟློས་པའི་སྐྱོན་དང་། ཆོས་གཞན་ལ་ལྟོས་ནས་བཞག་མི་དགོས་པ་ཙམ་ལ་ཡང་མི་བྱ་སྟེ། ཆོས་ཉིད་རྟེན་འབྲེལ་མ་ཡིན་པར་འགྱུར་བའི་སྐྱོན་དུ་མཛད་ནས་རིང་ཐུང་གི་ལྟོས་འཇོིག་དང་། ཚ་གྲང་ལྟ་བུའི་ལྟོས་འཇོག་དང་། ཕ་རི་ཚུར་རིའི་ལྟོས་འཇོག་ལྟ་བུ་མི་འཇོག་པའི་དོན་དུ་བྱས་ནས་མཐའ་གཅིག་ཏུ་དེའི་རང་བཞིན་དུ་སོང་བ་ཞིག་དགོས་པ་གསུངས་ཀྱང་། མཐའ་གཅིག་ཏུ་གསུངས་པའི་དོན་ལ་བརྟག་ན་ཆེས་དཀའ་བས་རེ་ཞིག་མ་སྤྲོས། སྤྱིར་དབུ་མའི་གཞུང་ནས་རང་བཞིན་ལ་གོ་ཚོད་གསུམ་སྟེ། དགག་བྱ་རང་བཞིན་གྱིས་གྲུབ་པའི་རང་བཞིན་དང་། མེའི་ཚ་བ་ལྟ་བུའི་ཐུན་མིན་མ་ཡིན་པའི་མཚན་ཉིད་ལ་རང་བཞིན་དུ་འཇོག་པ་དང་། ཆོས་དེའི་གཤིས་ལུགས་ལ་རང་བཞིན་འཇོག་པ་གསུམ་ཡོད་པས་སྐབས་འདི་ནི་གཤིས་ལུགས་ལ་གོ་དགོས་ཤིང་། དེ་ཡང་མཐའ་གཅིག་ཏུ་དགག་བྱ་ལ་སྦྱར་མི་ཆོག་པའི་ངེས་པ་མེད་དེ། དྲང་ངེས་ལེགས་བཤད་སྙིང་པོ་ལས། གཟུགས་ནས་སངས་རྒྱས་ཀྱི་བར་ལ་ངོ་བོ་ཉིད་དུ་བཏགས་པ་ཀུན་བཏགས་སུ་བཤད་པའི་ངོ་བོ་ཉིད་ནི་གཤིས་སམ་རང་བཞིན་ལ་བྱ་ཞིང་། གཞན་དབང་དེར་ཡོད་པ་ཀུན་བཏགས་ཡིན་ཡང་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡུལ་ན་དེ་ཡོད་པ་ཡོངས་གྲུབ་བོ། དེ་ཡང་གཞན་དབང་ཡིན་ལུགས་སུ་ཡོད་པའི་ཀུན་བཏགས་ཀྱིས་སྟོང་པ་དེ་གཞན་དབང་གི་ཡིན་ལུགས་ཡིན་པ་དེ་ཉིད། སངས་རྒྱས་ཀྱིས་དོན་དམ་མཁྱེན་པའི་ཡུལ་ན་ཡོད་པས་ཡིན་ལུགས་གཅིག་ཉིད་གཞི་སོ་སོ་ལ་ལྟོས་ནས་ཀུན་བཏགས་དང་ཡོངས་གྲུབ་གཉིས་སུ་འཇོག་པའོ། ཞེས་གསུངས་པས་གཤིས་ལུགས་ལྟ་བུ་གཅིག་ཉིད་གཞི་སོ་སོ་ལ་ལྟོས་ནས་ཀུན་བཏགས་དང་ཡོངས་གྲུབ་འཇོག་ཚུལ་གསུངས་པ་སོགས་དཀའ་གནད་མང་དུ་ཡོད་ཀྱང་རེ་ཞིག་དེ་ཙམ་བྱུང་ངོ་།།
དབུ་མའི་གཞུང་ལ་བློ་མིག་ཅུང་ཟད་བརྟས་པའི་འབྲས་ལྡན་མ་ངག་དབང་ནོར་བུས་དགེ་ཚོགས་བཤེས་གཉེན་དགྱེས་པའི་མཆོད་སྤྲིན་དུ་དམིགས་ཏེ་ཕུལ།
ཕྱི་ལོ་༢༠༡༢ ཟླ་དགུ་པའི་ཚེས་༩ ཉིན།

ཆུ་ཀླུང་རྡོལ་བའི་དྲི་རྟགས། ལྡན་མ། ཐུབ་བསྟན་ཕུན་ཚོགས།



ཀླུ་སྒྲུབ་གཞུང་ལུགས་མཚོ་ཆེན་ངོགས།། གུས་རྟག་སྦྱོར་བ་ཡུན་བསྲིངས་ནས།། གཞུང་དོན་ནོར་བུ་ཀེ་ཏ་ཀ། ཐོབ་པར་འདོད་ཕྱིར་སུས་མི་བརྩོན།།
དཔལ་ལྡན་ཟླ་བ་གྲགས་པས་འཇུག་པ་ལས།། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ།། ཆུ་འབབས་ཀླུང་ལ་ཡི་དྭགས་རྣག་བློ་ཡང་།། ཞེས་གསུངས་པ་དང་། བཤེས་སྤྲིངས་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི།། ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་།། ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས།། བལྟས་པ་ཙམ་གྱིས་ཀླུང་ཡང་སྐེམས་པར་འགྱུར།། ཞེས་སོགས་ཀྱི་སྐབས་སུ་རང་བློར་གང་ཤར་གྱི་དོགས་གཅོད་ཉུང་ངུ་ཞིག་བྱས་ན། ལྷ་མི་ཡི་དྭགས་གསུམ་གྱིས་བརླན་ཞིང་གཤེར་བ་ཕོར་པ་གང་ལ་གཅིག་ཅར་དུ་བལྟས་པའི་ཚེ་ལྷ་ཡི་མིག་ཤེས་ཀྱིེས་བརླན་ཞིང་གཤེར་བ་ཕོར་པ་གང་དེའི་ཆ་ཤས་སུ་གྱུར་པའི་བདུད་རྩི་དང་། མི་ཡི་མིག་ཤེས་ལ་ཆུ་རང་ག་བ་དང་། ཡི་དྭགས་ཀྱི་མིག་ཤེས་ལ་རྣག་ཁྲག་ཏུ་མཐོང་བ་ནི་ལས་དབང་གིས་ཡིན་ཞེ་ན། འོ་ན། སྐལ་ལྡན་གྱི་གང་ཟག་ཞིག་དང་ལྷན་བྱིན་གཉིས་ཀྱིས་གཅིག་ཅར་ཏུ་བདག་ཅག་གི་སྟོན་པའི་སྐུ་གཟུགས་ལ་མཇལ་བའི་ཚེ་སྔ་མས་སྐྱོན་དང་བྲལ་ཞིང་ཡོན་ཏན་ཀུན་ལྡན་གྱི་གོང་བུ་ཞིག་ཏུ་མཐོང་ནས་དད་པ་དང་གུས་པ་སོགས་སྐྱེ་བ་དང་།  ལྷས་བྱིན་གྱིས་དེ་ལས་ལྡོག་ཏེ་སྐྱོན་གྱི་གོང་བུ་ཞིག་ཏུ་མཐོང་བ་འདི་ཡང་བལྟ་བ་པོའི་ལས་དབང་གི་ཡིན་ནོ་ཞེས་ཁས་ལེན་དགོས་པར་འགྱུར་ཞིང་། དེ་ལྟར་ན་ཕྱི་མས་མཐོང་བ་ལྟར་གྱི་སྐྱོན་ཞིག་སངས་རྒྱས་རང་སྟེང་དུ་ཡོད་དགོས་ན་དེ་ཡང་མི་འཐད་དེ། སྐྱོན་གྱི་རིགས་སངས་པ་དང་། ཡོན་ཏན་གྱི་རིགས་ཡོངས་སུ་རྒྱས་པའི་སངས་རྒྱས་ཀྱི་སྒྲ་དོན་ཡང་ཉམས་པར་འགྱུར་ལ། རང་སྟེང་དུ་སྐྱོན་གྱི་རིགས་མེད་ན་གང་ཟག་གཉིས་པོ་དེ་ལ་སྣང་ཚུལ་ཐ་དད་པ་མེད་པར་ཐལ་བ་དང་། ལྷ་མི་ཡི་དྭགས་གསུམ་གྱི་མཐོང་ཚུལ་ཐ་དད་པ་ལས་དབང་གི་ཡིན་པའི་ཁས་ལེན་ཉམས་སོ། གཞན་ཡང་། མཐོང་ཚུལ་ཐ་དད་པ་དེ་འདྲ་མེད་ན་ཆ་ཅན་རི་རབ་གཅིག་ལ་དུས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་དང་། མངོན་པའི་ཆེད་་བྱ་བའི་གདུལ་བྱ་གཉིས་ཀྱི་བལྟས་པ་ན་ཟླུམ་པོ་དང་གྲུ་བཞི་སོ་སོར་མི་སྣང་བར་ཁས་ལེན་དགོས་ན་དེ་ཡང་མི་རིགས་སོ། གཞན་ཡང་། གོང་དུ་བཤད་པ་དེ་དག་ལས་དབང་གི་དེ་ལྟར་སྣང་བར་འདོད་ན། ལས་དབང་མི་འདྲ་བའི་གང་ཟག་གསུམ་གྱི་གསེར་ཕྱེ་སྡེར་མ་གང་ལ་བལྟ་བའི་ཚེ་གང་ཟག་དང་པོ་ལ་གསེར་བཙོ་མ་སྡེར་གང་དང་། གང་ཟག་གཉིས་པ་ལ་རག་ཕྱེ་སྡེར་གང་དང་། གང་ཟག་གསུམ་པ་ལ་བྱེ་མ་སྡེར་མ་གང་ལྟ་བུར་མཐོང་བ་ཡོད་པར་ཐལ་བ་སུས་ཀྱང་བཟློག་མི་ནུས་སྙམ་པས་དཔྱོད་ལྡན་དག་གིས་ཞིབ་ཏུ་དཔྱོད་ཅིག

༄༅། ། མཚན་མཚོན་གྱི་སྐོར་ལ་དཔྱད་པའི་ལོག་རྟོག་བླ་སྲོག་འཁྱེར་བའི་ཤི་འདྲེ། ལྡན་མ། བྱམས་པ་འབྱུང་གནས།

༄༅ ། ། ཀུན་རྫོབ་སྨིག་སྒྱུ་གཡོ་བའི་བྱེ་ཐང་སྟེང་།།
བདེན་གྲུབ་ཆུ་བོ་བཞུར་བའི་ཉམས་སྣང་རླབས།།
ཤེས་རབ་རི་དྭགས་མིག་ན་འཁྱུགས་པ་ཞིག །
མཁའ་དབྱིངས་ཨུཏྤལ་སྙེམས་པའི་མགོན་དེས་སྐྱོངས།།
རྒྱལ་ཡུམ་གཞུང་གི་སྦས་དོན་བ་ཀུ་ལ།།
རྣམ་དཔྱོད་ལུས་ཕྲ་སྒེག་མོའི་འགྲམ་ཆང་གིས།།
འབྱེད་ལ་དྲན་དབང་སྟོང་གི་ཀླད་པའི་བཅུད།།
ལྷག་མེད་བརྐུས་པའི་སེང་བཟང་སླར་ཡང་གུས།།
ལུས་ཕྲ་སྟོང་གི་ཉམས་འགྱུར་སྟངས་སྟབས་གར།།
ཤེས་རབ་སྙིང་ལ་གཟན་པའི་ལྷ་མོ་ཁྱོད།།
བགྲང་བྱ་བཅུ་ཕྲག་སྔོན་ནས་ངོ་ཤེས་ཀྱང་།།
ད་དུང་སྐད་ཅ་མེད་དེར་ཞེ་ནས་འཁོན།།
 རྟེན་འབྱུང་རིགས་པའི་གནམ་ལྕགས་འབར་བའི་འོད།།
ལོག་རྟོག་འུག་པའི་འདྲེན་བྱེད་བསྲེགས་པའི་མོད།།
ལུས་མེད་དཔུང་གི་མྱ་ངན་དར་ནག་ལྕེ།།
ཆད་མེད་འཕྱོ་ལ་སྙིང་རྗེ་སྐལ་བ་ཆད།།
ཅེས་རང་ཉིད་ཆུང་བྱིས་པའི་སྐབས་ནས་མཛའ་བརྩེའི་དུང་བ་ཆེས་ཟབ་པའི་མཚན་བརྗོད་པ་དཀའ་བ་ཕ་བླ་མ་བཀའ་དྲིན་ཅན་རྗེ་བཙུན་མེ་ཏྲི་བ་ཞབས་དང་།  ངོ་མ་ཤེས་ཀྱང་རེ་བའི་ཨུ་ཚུགས་ཀྱིས་རྒྱུན་བསྲིངས་པའི་ཡུལ་ཁྱད་པ་ཅན་ལ་སེམས་ཁམས་འཁྲེང་པའི་ཚིགས་སུ་བཅད་པ་འགའ་སྔོན་དུ་བཏང་ནས་སྐབས་དོན་གླེང་བར་བྱ་བ་ནི།  ཆེས་ཐོག་མཐའ་བར་གསུམ་གང་གི་སྐབས་ལ་མེད་དུ་མི་རུང་པའི་སྙིང་རྗེ་ཆེན་པོས་བྲན་དུ་བཟུང་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་མཁྱེན་དོན་གཉེར་གྱི་གང་ཟག་རྣམས་ཀྱིས་ཐམས་ཅད་མཁྱེན་པ་འཚོལ་བར་བྱེད་པ་ལ།  ཤེས་མཚན་དང་།  ཁྱད་མཚན་དང་།  བྱེད་མཚན་དང་།  ངོ་བོ་ཉིད་མཚན་གྱི་རྣམ་བཞག་དེ་དག་གསུངས་ཡོད་པ་རེད། དེ་རྣམས་ཀྱི་འགྲོ་སྟངས་དཔེའི་ཐོག་ནས་བསམ་བློ་ཞིག་འཁོར་བར་བྱས་ན་འདི་ལྟར་ཡིན་པ་རེད། ཆེས་རྒྱང་ཐག་རིང་པའི་རིན་པོ་ཆེའི་གླིང་ཞིག་ཏུ།  ནོར་བུ་རིན་པོ་ཆེ་ལེན་པར་ཆས་དགོས་པའི་ཚོང་པ་དེས་ལམ་དེར་བགྲོད་པར་ལམ་མི་འདྲ་བ་དུ་མ་ཞིག་མཆིས་པ་ན་ལམ་གང་ཞིག་དེར་བགྲོད་ན་རིན་པོ་ཆེའི་གླིང་དུ་སླེབས་མི་སླེབ་རྟོག་ནས་ཏན་ཏན་སླེབས་རྒྱུ་ཡོད་པ་ཤེས་པ་ལྟ་བུ་ཞིག་ལ་ཤེས་མཚན་ཟེར་བ་རེད།  ལམ་དེ་རུ་བགྲོད་པས་ཚོང་པ་རང་གི་འཚོལ་རྒྱུའི་ནོར་བུ་བརྙེད་ནས་འདོད་དོན་བསྐངས་ནུས་སུ་ངེས་པ་ལྟར་བུ་ཞིག་ལ་བྱེད་མཚན་ཟེར་བ་རེད  ། ནོར་གླིང་དུ་ཕྱིན་པར་ངེས་པའི་ལམ་དེ་ལས་གཞན་པའི་ལམ་དག་ཏུ་བསྐྱོད་ན་རིན་པོ་ཆེའི་གླིང་དུ་བགྲོད་མི་ནུས་པས་ལམ་དེ་ཁོ་ནར་ངེས་བཟུང་བྱས་ནས་འགྲོ་བ་ལྟར་བུ་ཞིག་ལ་ཁྱད་མཚན་ཟེར་བ་རེད། ལམ་དེ་ལ་གོང་གི་ཁྱད་ཆོས་ཀུན་ཚང་བར་ལྟ་བུ་ཞིག་ལ་ངོ་བོ་ཉིད་མཚན་ཟེར་བ་ཡིན་པར་ཐོག་མར་ཤེས་དགོས་པ་ནི་ང་ཚོའི་བསམ་བློའི་རྨང་གཞི་ཞིག་ཏུ་ཆགས་ཡོད། སྤྱིར་མཚན་མཚོན་གྱི་སྐོར་འདི་ཉིད་མཁས་པ་སྔ་མ་དག་གིས་འཆད་པ་ལ་སྤྱི་དང་བྱེ་བྲག་གི་སྒོ་ནས་བླ་མེད་བྱང་ཆུབ་འབྱུང་རུང་བསྒྲུབ་པ་ཉིད་གཙོ་བོར་ཡིན་ཞིང་    དེས་ན་ཁོ་བོས་དེ་གཉིས་ཀྱི་སྒོ་ནས་ཆེན་པོ་དག་གི་ཞལ་ངོ་བསྲུང་བ་ལ་མ་བལྟོས་ཤིང་ཉམ་ཆུང་བྱིས་པའི་ངག་ལའང་སྣང་མེད་དུ་མ་བྱས་པར་དགག་སྒྲུབ་ཀྱི་ལམ་ནས་བསྙད་པ་ལ་བཞི། དང་པོར་སྤྱིའི་མཚོན་ཚུལ་དང་བྱེ་བྲག་གི་མཚོན་ཚུལ་གྱི་རྟགས་ཀྱི་ཁྱབ་བ་དང་མཐུན་དཔེའི་སྐོར་ལ་དཔྱད་པ།  གཉིས་པ་དེའི་ཆོས་ཅན་ལ་སློབ་མི་སློབ་ཀྱི་ཡེ་ཤེས་གང་འཇོག་ལ་དཔྱད་པ།  གསུམ་པ་ཤེས་མཚན་སློབ་ལམ་དུ་ཡོད་པས་ངོ་བོ་ཉིད་མཚན་ཡིན་མིན་དང་སློབ་ལམ་གྱི་ཤེས་མཚན་རྟགས་སུ་བཀོད་ནས་འབྲས་བུས་རྒྱུ་མཚོན་ཚུལ་ལ་དཔྱད་པ། སྐབས་བཞི་བར་མཚན་མཚོན་གཏན་ལ་ཕབ་པའི་དགོས་པ་གང་ཡིན་ལ་དཔྱད་པ་དང་བཞི་ཡོད།  དང་པོ་ལ་རང་ཕྱོགས་ཀྱི་མཁས་པ་ཁ་ཅིག་ན་རེ །  འབྲས་བུས་རྒྱུ་མཚན་པའི་སྦྱོར་བ་ནི    སེམས་པའི་གཞི་ཤེས་ཀྱི་སྦྱོར་བ་ཆོས་ཅན།  གཞི་ཤེས་སུ་གྱུར་པའི་མཁྱེན་པ་བཅུ་དྲུག་སྐྱེད་པའི་ནུས་པ་ལྡན་པ་ཡིན་ཏེ།  གཞི་ཤེས་པའི་ཤེར་ཕྱིན་ལ་བརྟེན་ནས་དེ་བཞིན་གཤེགས་པས་གཞི་ཤེས་ཀྱི་སྦྱོར་བའི་ཤེར་ཕྱིན་ལས་དེ་བཞིན་གཤེགས་པ་འབྱུང་བ་ལ་སོགས་པའི་ཡུལ་བཅུ་དྲུག་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པའི་ཕྱིར། ཞེས་དང་། ལམ་ཤེས་སྦྱོར་བ་ཆོས་ཅན།  ལམ་ཤེས་སུ་གྱུར་པའི་མཁྱེན་པ་བཅུ་དྲུག་བསྐྱེད་པའི་ནུས་པ་དང་ལྡན་ཏེ།  ལམ་ཤེས་པའི་ཤེར་ཕྱིན་ལ་བརྟེན་ནས་དེ་བཞིན་གཤེགས་པས་སྟོང་ཉིད་མཚན་མེད་སྨོས་མེད་སོགས་ཡུལ་བཅུ་དྲུག་ཇི་ལྟར་བ་བཞིན་དུ་རབ་ཏུ་མཁྱེན་པའི་ཕྱིར། ཞེས་དང་།  རྣམ་མཁྱེན་གྱི་སྦྱོར་བ་ཆོས་ཅན།   རྣམ་མཁྱེན་དུ་གྱུར་པའི་མཁྱེན་པ་བཅུ་དྲུག་སྐྱེད་པའི་ནུས་པ་དང་ལྡན་ཏེ།    རྣམ་མཁྱེན་གྱི་སྤྱོད་པའི་ཤེར་ཕྱིན་ལ་བརྟེན་ནས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་དེ་ནི་རང་ཉིད་ཀྱི་རྒྱུར་གྱུར་པའི་ཆོས་རྣམ་མཁྱེན་གྱི་སྦྱོར་བའི་ཤེར་ཕྱིན་ལ་བརྟེན་ནས་མཐོང་ཆོས་ལ་བདེ་བར་གནས་པ་སོགས་ཡུལ་བཅུ་དྲུག་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པའི་ཕྱིར།   ཞེས་དང་།   དོན་གཉིས་ཕུན་ཚོགས་ལྡན་པའི་ལམ་ཤེས་དང་རྣམ་མཁྱེན་སྦྱོར་བ་གཉིས་ཆོས་ཅན།  ཉན་རང་གི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ།  བསམ་གྱིས་མི་ཁྱབ་པ་ནས་རོ་མྱོང་མེད་པའི་བར་གྱིས་ཁྱད་པར་དུ་བྱས་པའི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ངོ་བོ་རྒྱུ་འབྲས་ཅི་རིགས་སུ་ལྡན་པའི་ཐེག་ཆེན་གྱི་ལམ་ཡིན་པའི་ཕྱིར།  བྱེད་མཚན་གྱི་མཚོན་སྦྱོར་ལ།  སེམས་དཔའི་གཞི་ཤེས་ཀྱི་སྦྱོར་བ་ཆོས་ཅན།  གཞན་དོན་འཕྲིན་ལས་ཕུན་ཚོགས་བསྐྱེད་པའི་ནུས་པ་དང་ལྡན་པ་ཡིན་ཏེ།   རྟེན་སངས་རྒྱས་བྱང་སེམས་ཀྱིས་ཐབས་ཤེས་ཀྱི་སྦྱོར་བ་ལ་བརྟེན་ནས་ཡུལ་གདུལ་བྱ་རྣམས་མ་འོངས་པའི་ཕན་པ་དང་ཚེ་འདིའི་བདེ་བ་དང་སྐྱོབ་པ་སྟེ་སྡུག་བསྔལ་སླར་མི་སྐྱེ་བའི་ལྷག་མེད་མྱང་འདས་ལ་འགོད་པར་བྱེད་པའི་ཕྱིར།   ཞེས་བཀོད་ནས་རྟགས་ཡང་དག་ཏུ་སྨྲ་བར་བྱེད་ཀྱང་དེ་ལ་སྐྱོན་འདི་ལྟར་ཞིག་བབས་པར་སེམས་སོ། རྟགས་སྦྱོར་དང་པོ་དེའི་ཕྱི་རྒོལ་ཡང་དག་ཆོས་ཅན།  ཁྱོད་ཀྱིས་སྦྱོར་བ་དེ་སྐོར་གྱི་སྒྲུབ་བྱ་རྟོགས་བར་ཐལ།  སྦྱོར་བ་དེ་སྐོར་གྱི་ཆོས་ཅན་ཚད་མས་གྲུབ་པའི་ཕྱིར།  ཁྱབ་སྟེ།   སེམས་དཔའི་གཞི་ཤེས་སྦྱོར་བ་ཚད་མས་ངེས་པ་ན་དེ་རང་གི་འབྲས་དུས་ཀྱི་ཤེས་མཚན་གྱི་རྒྱུར་རྟོགས་དགོས་པའི་ཕྱིར།    མ་གྲུབ་ན་སེམས་དཔའི་རྒྱུད་ཀྱི་གཞི་ཤེས་སྦྱོར་བ་ཚད་མས་རྟོགས་པའི་ཚུལ་རྣམ་བཤད་དང་གསེར་འཕྲེང་ལས་བཤད་པ་དག་ཀྱང་བརྗོད་བྱས་སྟོང་བར་འགྱུར་ཞིང་དེའི་སྦྱོར་བ་རྟོགས་པའི་ཚད་ཀྱང་ཤིན་ཏུ་ནས་བཞག་དཀའ་བ་འགྱུར་རོ།  དང་པོ་གྲུབ་སྟེ།    རྣམ་བཤད་ལས།    མཁྱེན་གསུམ་གྱི་སྦྱོར་བ་ཚད་མས་ངེས་ནས།  དེའི་རྗེས་སུ་རྣམ་མཁྱེན་གྱི་རྒྱུར་ཐག་ཆོད་པའི་ཞེས་གསུངས་པ་དང་།  འདི་ལ་ཞིབ་ཆ་ཐལ་ཆེ་བའི་གང་ཟག་འགས།    དེ་གསུམ་གྱི་སྦྱོར་བ་ཚད་མས་ངེས་ན་དེ་རྣམ་མཁྱེན་གྱི་རྒྱུར་ཐག་ཆོད་པས་མ་ཁྱབ་སྟེ།   ཚད་མས་ངེས་ནས་ཞེས་གསུངས་འདུག་པས་སོ་ཞེས་འཆད་ཀྱང་།  དེ་ནི་རྒྱལ་ཚབ་ཀྱི་དགོངས་པ་མ་ལོན་པའི་མངོན་རྟགས་ཅིག་སྟེ།   ཚིག་གི་སྡེབ་སྦྱོར་གྱི་དབང་ལས་དེ་ལྟར་བྱུང་བ་གཞུང་ཆེན་ཁག་ན་ཆེས་མང་ངོ།  རྗེ་ཡི་ལེགས་བཤད་ལས་ཀྱང་།    སྦྱོར་བ་སྒོམ་པ་པོ་ལ་ཆོས་ཅན་དེ་ནམ་ཡོད་པར་གྲུབ་པ་ན་སྦྱོར་བ་སྐྱེས་པར་གྲུབ་པས་དེ་ལ་སྦྱོར་བ་སྐྱེས་པར་དཔགས་པ་དོན་མེད་དོ།    ཞེས་གསུངས་སོ།  གཞན་དུ་ན།   རྒྱང་འཕེན་པའི་རྒྱུད་ཀྱི་དབང་ཤེས་ཆོས་ཅན།    གཞི་ཤེས་སུ་གྱུར་པའི་མཁྱེན་པ་བཅུ་དྲུག་བསྐྱེད་པའི་ནུས་པ་དང་ལྡན་བར་ཐལ།    ཁྱོད་ཀྱིས་རྟགས་བཀོད་པ་དེའི་ཕྱིར།   འདོད་ན་སངས་འཕགས་ཀྱི་དབང་ཤེས་ལ་ཡེ་ཤེས་ཀྱིས་ཁྱབ་བར་འགྱུར་རོ།    མ་གྲུབ་ན་འབྲས་དུས་ཀྱི་གཞི་ཤེས་ཀྱི་ཤེས་མཚན་གྱིས་ཆོས་ཀུན་མ་རྟོགས་པར་ཁས་བླངས་སུ་སོང་བས་སངས་རྒྱས་ཀྱི་ས་ལ་སྒྲུབ་པ་ཡོད་པར་འདོད་པ་ཁྱོད་ཀྱིས་ཅི་ཞིག་སྨྲོས།  ད་དུང་ཁྱོད་ལ་སྐད་ཅ་འདི་སྐད་ཅེས་སྨྲ་བར་བྱ་སྟེ།   སེམས་དཔའི་གཞི་ཤེས་ཀྱི་སྦྱོར་བ་ཆོས་ཅན།  འབྲས་དུས་ཀྱི་ཤེས་མཚན་ཡིན་པར་ཐལ། ཁྱོད་ཀྱིས་བཀོད་པའི་རྟགས་དེ་འབྲས་བུས་རྒྱུས་མཚན་པའི་ཚུལ་གསུམ་ཡང་དག་ཡིན་པའི་ཕྱིར།   འདོད་ན་སློབ་མི་སློབ་ཀྱི་ལམ་འགལ་བར་འཛིན་པའི་ཚད་མའི་འཛིན་སྟངས་ལ་གནོད་པ་བབས་པས་སྲིད་ཞིའི་གནས་གང་དུའང་མཚན་ཉིད་དང་ལྡན་པའི་ཡིད་རྟོན་ཅན་གྱི་རིགས་མ་མཆིས་པར་མཁས་བླངས་པར་འགྱུར་རོ།  མ་གྲུབ་ན་རྟགས་སྦྱོར་གཞན་ལ་རེ་བ་བཅངས་བར་བྱས་ན་ལེགས་སོ།  གཞན་ཡང་རྟགས་དེའི་མཐུན་དཔེ་ཡང་དག་ལ་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་བློ་ལ་འཇོག་གམ་མི་འཇོག།   དང་པོ་ལྟར་ན་མཐུན་དཔེ་དེ་ཉིད་ཁྱོད་ཀྱིས་བཀོད་པའི་རྟགས་དེའི་སྒྲུབ་ཆོས་སུ་ཚད་མས་ངེས་པ་ན་སྦྱོར་བ་དེ་སྐོར་གྱི་སྒྲུབ་བྱ་རྟོགས་པར་ཐལ།  མཐུན་དཔེ་དེ་ཉིད་ཀྱི་སྟེང་དུ་གཞི་ཤེས་སྦྱོར་བའི་ཤེས་མཚན་གྲུབ་དགོས་པའི་ཕྱིར །  མ་གྲུབ་ན།  མཐུན་དཔེ་དེའི་སྟེང་དུ་ཁྱོད་ཀྱིས་བཀོད་པའི་རྟགས་དེ་ཡང་ཚད་མས་ཁེགས་པས་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེར་ལྟ་ཞོག།  སྤྱིར་མཐུན་དཔེ་ཙམ་ཡང་འགྲོ་ཚུལ་མ་རྙེད་པས་གསལ་བར་སྟོན་ཤིག།     འདྲ་བའི་མཐུན་དཔེ་ལ་ཁ་བསྙད་པར་བྱས་ནའང་ཙན་དན་གྱི་ཀ་བ་ཀ་བ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ལ་ཁས་བླངས་པར་ཅི་ཞིག་གིས་གནོད་སོམས་ཤིག།  གཉིས་པ་ཆོས་ཅན་གང་འཇོག་ལ་དཔྱད་པ་ནི། འདི་ནི་མདོ་ཡི་དངོས་བསྟན་གྱི་ཚུལ་ལ་དཔྱད་པའི་སྐབས་ཡིན་པས་སེམས་དཔའི་གཞི་ཤེས་ཀྱི་སྦྱོར་བ་ཆོས་ཅན་དུ་བཞག་ཅིང་འབྲས་དུས་ཀྱི་ཤེས་མཚན་རྟགས་སུ་བཀོད་ནས་རྟགས་ཡང་དག་ཏུ་སྨྲ་བ་ནི། ཕྱོགས་ཆོས་མ་གྲུབ་པའི་རྟགས་ཡང་དག་ཅིག་ཤེས་བྱ་ལ་ཡོད་པར་ཁས་བླངས་སུ་སོང་བས་ཚུལ་གཉིས་ལ་ཡང་དག་གིས་ཁྱབ་བར་སྨྲ་བའི་རྒོལ་བ་གསར་བ་ཞིག་མངོན་པས་ངོ་མཚར་རོ།  དེས་ན་འབྲས་དུས་ཀྱི་ཤེས་མཚན་རྟགས་སུ་བཀོད་པར་སངས་རྒྱས་ཀྱི་སའི་ཡེ་ཤེས་ཅིག་ཆོས་ཅན་དུ་བཟུང་དགོས་པ་སྨོས་མེད་དུ་གྲུབ་ཡོད།   གསུམ་པ་ནི།  ངེས་པར་དུ་སློབ་ལམ་གྱི་ཤེས་མཚན་ཡོད་དེ།   ཤེས་མཚན་ནི་གཙོ་བོར་སངས་རྒྱས་ཀྱི་ས་ལ་འཇོག་ཀྱང་བྱང་སེམས་ལ་མེད་པར་མིན་པ་ནི་གཞུང་ཆེན་མོའི་རང་སྐད་ཡིན་པས་སོ་ཞེས་འཆད་དོ།  འོ་ན།  ཤེས་བྱ་ཆོས་ཅན། དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་སོགས་གཞི་ཤེས་ཀྱི་དམིགས་པ་གང་ཡང་རུང་བ་ལ་དམིགས་ཅིང་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་རྣལ་འབྱོར་ཉིད་སློབ་ལམ་གྱི་ཤེས་མཚན་དུ་འཇོག་བར་ཐལ།  གཞུང་ཆེན་མོའི་རང་སྐད་འཕྱུགས་མི་སྲིད་པའི་ཕྱིར།  རྟགས་ཁས།  འདོད་ན་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་བྱང་འཕགས་ཀྱི་ཡེ་ཤེས་ལ་གཞི་ཤེས་ཀྱི་ཤེས་མཚན་གྱིས་ཁྱབ་བར་ཐལ།  འདིའི་སྐབས་ཀྱི་མཚན་མཚོན་རྣམ་པ་བཞག་འཇོག་མཚན་ཉིད་པ་ཁོ ན་ལ་བྱེད་པ་མི་འཐད་པའི་ཕྱིར།  མ་གྲུབ་ན།  དེར་ཐལ།  འབྲས་བུས་རྒྱུ་མཚོན་པའི་ཤེས་མཚན་གྱི་རྟགས་སྦྱོར་སློབ་མི་སློབ་གཉིས་ཀ་ན་ཡོད་པར་ཁས་ལེན་བཞིན་པ་ཡིན་པའི་ཕྱིར།  རྟགས་རང་ལུགས་ལའང་གྲུབ་སྟེ།  རྗེ་ཡི་གསེར་ཕྲེང་ལས།  ཚོགས་ལམ་ནས་ས་བཅུ་བའི་བར་དུ་བཞག་སྟེ། སྦྱོར་བ་སྒོམ་རེས་ཀྱིས་འདི་སྔོན་དུ་བཏང་ནས་སྒོམ་པས་སོ། ཞེས་གསུངས་སོ།  དེ་ལ་ཁོ་ན་རེ།  གོང་གི་ཐལ་འགྱུར་གཉིས་པ་ལ་འདོད་ཅེས་སྨྲས་པར།  འོ་ན་གཞི་ཤེས་སྦྱོར་བའི་ངོ་བོ་ཉིད་མཚན་དག་ཀྱང་ཤེས་མཚན་དུ་ཐལ།  དམ་བཅའ་དེའི་ཕྱིར།  འདོད་ན།  ངོ་བོ་ཉིད་མཚན་གྱིས་དོན་ཐ་དད་པའི་སྒོ་ནས་སྦྱོར་བ་མཚོན་པར་ཡོད་པ་ཐལ།  གོང་གི་གསལ་བ་ལ་འདོད་ལན་ཐེབས་པ་དེའི་ཕྱིར།  འདོད་ན། ངོ་བོ་ཉིད་མཚན་བཅུ་དྲུག་པོ་དག་ཀྱང་བྱེད་སྒྲུབ་ཏུ་ཐལ།  ཁྱོད་ཀྱིས་རྟགས་དེའི་གསལ་བ་ཁས་བླངས་པའི་ཕྱིར།  འདོད་མི་ནུས་སྟེ།  ངོ་བོ་ཉིད་མཚན་གྱིས་སྦྱོར་བ་མཚོན་པར་བྱེད་ཀྱང་འབྲས་བུས་རྒྱུ་མཚོན་པའི་རྣམ་བཞག་མི་འཐད་པའི་ཕྱིར ཏེ།  དེ་ཉིད་ལས།  ཡང་ངོ་བོ་ཉིད་མཚན་བཅུ་དྲུག་གིས་མཁྱེན་གསུམ་གྱི་སྦྱོར་བའི་ངོ་བོ་ཤེས་པར་བྱེད་པས་མཚོན་བྱེད་ཀྱང་ཡིན་ནོ། འོ་ན་བྱེད་སྒྲུབ་མ་ཡིན་ནམ་ཞེ་ན།  ཉེས་པ་མེད་དེ།  སྦྱོར་བ་མཚོན་པར་བྱེད་ཀྱང་དོན་ཐ་དད་པའི་སྒོ་ནས་མི་མཚོན་པས་བྱེད་སྒྲུབ་ཏུ་མ་བཞག་ལ།  སྔ་མ་གསུམ་ནི་ཅི་རིགས་པར་དེ་ལས་བཟློག་པས་བྱེད་སྒྲུབ་ཏུ་བཞག་གོ།  ཞེས་གསུངས་སོ།  དེས་ན་སློབ་ལམ་གྱི་ཤེས་མཚན་འཇོག་ན་ངོ་བོ་ཉིད་མཚན་དུ་དོགས་ལ་མ་བཞག་ན་གཞུང་ཆེན་མོའི་དག་ལས་བརྒལ་དཀའ་བས་གཙོ་བོ་རིགས་པའི་དཔྱད་པ་ལ་སྒོ་བསྟུན་ནས་དོན་སྤྱི་ཙམ་འཆར་བ་ལའང་རིན་ཐང་ཆེའོ།  བཞི་པ་ནི།   འདིར་མཚན་མཚོན་གཏན་ལ་ཕབ་པའི་དགོས་པ་ནི་ལམ་ཤེར་ཕྱིན་དང་འབྲས་བུ་ཤེར་ཕྱིན་གཉིས་རྒྱུ་འབྲས་སུ་ངེས་པའི་ཐམས་ཅད་མཁྱེན་པ་རིགས་པའི་སྒོ་ནས་གཏན་ལ་འབེབས་པ་ཡིན་ཅིང་།  དེ་ཡང་གང་གིས་མཚོན་ཏེ་མཚན་ཉིད་དེ། ཞེས་སོགས་ཀྱིས་བསྟན་པ་རེད་།   འོན་ཀྱང་དེ་ལ་དོགས་པ་འདི་ལྟར་བསུ་བ་ཡོད་དེ་།  མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་སྐབས་དང་པོ་ཙམ་ལ་ཐོས་གསུམ་གྱིས་འཇུག་པ་ཡོད་དམ་མེད།  དང་པོ་ལྟར་ན།  རྒྱན་ལ་ཐོས་གསུམ་གྱིས་ཞུགས་པའི་དེའི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་ཆོས་ཅན།  ཁྱོད་ལ་གང་གིས་མཚོན་དེ་མཚན་ཉིད་དེ་ཞེས་སོགས་ཀྱིས་བསྟན་པའི་དགོས་པ་ཉིད་གྲུབ་བར་ཐལ།   ཁྱོད་རྒྱན་ལ་ཐོས་བསམ་གྱིས་ཞུགས་པའི་ཕྱིར།  ཁྱབ་སྟེ།  དེས་མཁྱེན་གསུམ་གྱི་ངོ་བོ་དང་བྱེད་ལས་ལ་དང་བ་སྐྱེས་ནས་བསྟན་བཅོས་ལ་ཞུགས་པ་ཡིན་པའི་ཕྱིར། མ་གྲུབ་ན།  དེར་ཐལ།  དེའི་གདུལ་བྱ་ལ་དབང་པོ་རྣོ་རྟུལ་གྱི་ཁྱད་པ་རྒྱ་བོད་ཀྱི་གཞུང་ཆེན་ཁག་ནས་བཤད་པ་དག་འཐད་པའི་ཕྱིར།  རྩ་བར་འདོད་ན།  སྦྱོར་བ་མཚོན་བྱེད་ཀྱི་ཆོས་ལ་བཅུ་གཅིག་འཇོག་པ་དོན་མེད་དུ་ཐལ་བ་དང་།  རྗེ་བཙུན་བསྟན་བཅོས་རྩོམ་པ་ལ་མི་མཁས་པར་ཐལ།  འདོད་པའི་ཕྱིར།  ཁྱབ་སྟེ་མཁྱེན་གསུམ་སྦྱོར་བའི་རང་ལྡོག་ཕྱིན་ཅི་མ་ལོག་པ་མཁྱེན་པ་ལ་སྐབས་བཞི་པ་ལས་བཤད་པ་དག་ལ་ངེས་པར་བསྟེན་དགོས་པའི་ཕྱིར།   དེས་ན་སྔར་བསྟན་བཅོས་ལ་ཐོས་བསམ་གྱིས་ཞུགས་པ་དང་མ་ཞུགས་པའི་མཁྱེན་གསུམ་གྱི་ངོ་བོ་དང་བྱེད་ལས་ལ་དང་བ་སྐྱེས་པའི་རྒྱན་གྱི་གདུལ་དབང་རྣོན་ཡོད་ཀྱང་རྣམ་རྫོགས་སྦྱོར་བའི་ཉམས་ལེན་ཉིད་རྩལ་དུ་བསྟན་ནས་བསྟན་བཅོས་ལ་ཞུགས་པ་ནི་སྐབས་བཞི་བ་ལ་ངེས་པར་བསྟེན་དགོས་པར་ཉིད་ཀྱིས་ཁྱད་ཕྱེས་སམ་སྙམ་མོ།   ཡང་འབྲས་བུས་རྒྱུ་མཚོན་པའི་རྟགས་སྦྱོར་ལ་མཁས་པ་ལ་ལས་འདི་ལྟར་སྨྲ་བ་ཡོད་དེ །  བདེན་པའི་སྐྱེ་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཕུང་པོ་མི་རྟག་པ་ཇི་བཞིན་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན།  རང་དང་དམིགས་རྣམ་རིགས་མཐུན་པའི་སྦྱོར་བ་ཁྱད་པ་ཅན་སྔ་མ་སྔོན་དུ་སོང་སྟེ།  ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར་ཞེས་བཀོད་ཀྱང་གོང་དུ་བསྙད་པའི་རྟགས་སྦྱོར་གྱི་སྐྱོན་དག་འདི་ལའང་གཅིག་མཚུངས་སུ་བབས་པར་ངེས་པས་སླར་བརྗོད་པ་ནི་སྣག་ཤོག་བྲན་པ་ཙམ་ལས་སྙིང་པོ་མ་མཐོང་ངོ་།  རང་ལུགས་ནི།   རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་འབྲས་སྐྱབས་པའི་རྒྱུད་ཀྱི་ཕུང་པོ་མི་རྟག་པ་རྟོགས་པའི་ཡེ་ཤེས་ཆོས་ཅན།  རང་དང་དམིགས་རྣམ་རིགས་མཐུན་པའི་སྦྱོར་བ་སྔ་མ་སྔོན་དུ་སོང་སྟེ།  སངས་འཕགས་ཀྱི་གཞི་ཤེས་ཡིན་པའི་ཕྱིར།  དཔེར་ན།   ལམ་ཞུགས་ཀྱི་ཕུང་པོ་མི་རྟག་པ་རྟོགས་པའི་གསལ་རིག་བཞིན་ནོ།  ། ཞེས་པ་ལ་བྱའོ  །།     སྨྲས་པ  །། 
ཀུན་རྟོག་རིག་པའི་གྲོང་ལ་ཉུལ་བ་དང་།།
སྨྲ་ལྕེ་ཐལ་ངག་སྦུབས་སུ་འཚངས་པ་དང་།།
རྐང་ལག་རྡོ་བཅལ་འཁྲབ་པའི་རྒྱུ་ཚོགས་གསུམ།།
དཔྱད་བརྗོད་འདི་ཡི་སྔོན་འགྲོར་བདག་གིས་བྱིན།།

ཕྲག་དོགས་དངུལ་ཆུས་གཟུགས་ཕུང་ཁྲུས་ལ་རོལ།།
གཞུང་ལུགས་མ་མཐོང་ཡིག་ཆའི་ཞེན་ཁོག་འབོས།།
རྒྱུ་མཚན་མི་བསྟུན་ཆེན་པོའི་ཟེར་སྒྲོས་རྒུམ།།
དེ་གསུམ་ལྡན་ལ་འདི་ཉིད་བདུད་ཀྱི་འཕྲུལ།།

རྨོངས་པའི་ལྟོ་ལ་ཤེས་རབ་མདུང་གིས་བསྣུན།།
དྲང་བདེན་དགྲ་ལ་ཡོད་ཀྱང་མགོ་བོ་སྒུར།།
སྣ་ཚོགས་གཞུང་ལ་དཔྱད་པའི་སྤྱན་སྟོང་འབུར།།
དེ་གསུམ་ལྡན་ལ་དགྱེས་པའི་རེ་བས་ཁེངས།།

ཐོག་མེད་རྨོངས་པའི་མངལ་ན་ངུ་སྐད་སྟོང་།།
ལྷང་ལྷང་སྒྲོག་པའི་ཅོལ་ཆུང་བྱིས་པ་བདག།
ད་སྟེ་བདེ་གཤེགས་ལམ་ལ་ཕྱོགས་པ་ཉིད།།
དམ་པའི་བཤེས་ཀྱི་དྲིན་ལས་གཞན་དུ་ཅི།།

ཆུང་ནས་སྐྲ་ལོ་གྲི་ཡིས་ཏུབ་ན་ཡང་།།
ད་དུང་ངན་འགྲོའི་གཡང་དུ་ལྕེབ་པ་དེ།།
ཁོག་གི་དྲན་པ་སྨྱོན་པའི་ནད་ཟིན་པར།།
ཅུང་ཙམ་མཐོང་བ་འཛིན་གྲོགས་དམ་པའི་དྲིན།། 

འདི་འབད་རྣམ་དཀར་ཟླ་བའི་འོད་རྐང་ཞིག །
མུན་པའི་གསེབ་ནས་འཕྲོས་བའི་སྣང་བ་དེས།།
ཆོས་ཀུན་གཟིགས་པའི་ཀུན་མཁྱེན་ཡེ་ཤེས་ཉིད།།
དངོས་སྟོབས་རིགས་པའི་ལམ་ནས་མཇལ་བར་སྨོན།།

འཕགས་བོད་གཞུང་གི་ཚངས་ཐིག་ཀྱོག་ཀྱོག་ཏུ།།
རིགས་པ་འགལ་བའི་ངན་རྟོག་ཐག་ནག་གིས།།
ཅི་ཞིག་འཐེན་གང་ཟས་གཙང་སྲས་པོའི་མདུན།།
ལག་གཉིས་ཐལ་མོ་སྦྱར་ཞིང་སྙིང་ནས་མཐོལ།།
ཅེས་མཚན་མཚོན་གྱི་སྐོར་ལ་རང་གི་སྣང་བ་ལ་གང་ཤར་ཉིད་གཙོར་བཟུང་བྱས་ནས་རགས་ཙམ་གླེང་བར་བྱས་པ་འདི་ནི་མཁས་མང་བློ་གསལ་བྱེ་བའི་གླིང་གི་རིགས་པ་སྨྲ་བའི་གྲྭལ་མཐར་ཙམ་གཏོགས་པའི་ལྡན་རྗེས་བཟང་བྱམས་པ་འབྱུང་གནས་ཀྱིས་རང་སྤྱིལ་རྫ་ཤག་རྙིང་ཧྲལ་གྱི་གསེབ་ནས་བོད་རྒྱ་ལོ་  ༢༡༣༩  ལོའི    སྤྱི་ཟླ    ཚེས་ཉིན  ༢༣  འཇུག་རྫོགས་པར་བྱས་སོ  །།  །།       དགེའོ།།

ཀུན་གཞིའི་དོགས་སློང་ཕྱུགས་རྫིའི་གླིང་བུ། ལྡན་མ། ཐུབ་བསྟན་དངོས་གྲུབ།

ངུར་བའི་མདངས་ཀྱིས་གདོད་ནས་མཛེས་པའི་མཁྱེན་རབ་ལྷ་གཅིག་འཇམ་དཔལ་དབྱངས།། ལག་གཉིས་ཐལ་མོ་སྙིང་ཁར་ཟུམ་སྟེ་དད་དུང་འོ་མའི་ཡོན་ཆབ་སྟེགས།། ཁྱོད་ཞབས་པད་མོའི་རྡུལ་ཕྲན་དག་ཀྱང་སྤྱི་གཙུག་རལ་པའི་རྒྱན་དུ་བཀོད།། མོས་གུས་དུ་མས་ཁྱོད་ཉིད་འབོད་པས་ཤེས་རབ་སྣང་བ་སྩོལ་ཅིག་ཀྱེ།། ཞེས་ཚིགས་སུ་བཅད་པ་དག་གིས་སྔོན་བསུས་ནས་འདིར་བཤད་ན། སྤྱིར་ཀུན་གཞི་དང་ཉོན་ཡིད་གཉིས་ཀྱི་ངོ་བོ་དང་ཁྱད་པ་སོགས་དཀའ་འགྲེལ་སོགས་སུ་གསལ་ཡང་འདིར་བློ་ཡི་འཇུག་པ་ལས་ཅན་དང་པོ་བ་དང་གཙོ་བོར་རང་གི་བློ་གྲོས་ཀྱི་འཇུག་པ་ཡངས་པའི་ལུགས་སུ་བྱས་ནས་ཅུང་ཙམ་བྲི་བར་བྱའོ    ང་ཚོའི་གྲུབ་མཐའ་བཞི་ལས་རྣམ་རིག་པ་ལ་ལུང་རིགས་རྗེས་འབྲང་གཉིས་ཡོད་པ་ལས །  དང་པོས་རྣམ་ཤེས་ཚོགས་གཅིག་དང་།  ཚོགས་དགུ་འདོད་པ་དག་བཀག་ནས་དྲུག་གི་སྟེང་དུ་བརྒྱད་པའི་རྣམ་ཤེས་ཅེས་པའི་ཐ་སྙད་བྱས་ནས་ཚོགས་བརྒྱད་དུ་ཁས་བླངས་ཡོད།  སྲོལ་བཏོད་སྔོན་དུ་དབུ་མ་ཉིད་ཅེས་པའི་སྐབས་སུ།  ཁ་ཅིག་ན་རེ།  ཤེས་བྱ་ཆོས་ཅན།  ཐོགས་མེད་མ་བྱོན་པའི་སྔ་རོལ་ཏུ་ཐེག་ཆེན་གྱི་གྲུབ་མཐའ་འཛིན་པའི་རྣམ་རིག་པ་མེད་པར་ཐལ།  དེ་འཛིན་པར་དབུ་མ་པ་ཁོ་ནས་ཁྱབ་པའི་ཕྱིར    དེར་ཐལ    རྩ་བ་ལས    སྲོལ་བཏོད་སྔོན་དུ་དབུ་མ་ཉིད།།  ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།  དེ་ནི་ཀླུ་སྒྲུབ་ཀྱིས་དབུ་མའི་ཤིང་རྟ་སྲོལ་ཕྱེས་ཤིང་ཐོགས་མེད་ཀྱིས་རྣམ་རིག་པའི་སྲོལ་མ་ཕྱེ་པའི་བར་ན་སྲོལ་ཕྱེས་ཟིན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ལ་དབུ་མ་པ་ཁོ་ན་ཡིན་པར་དགོངས་པའི་ཕྱིར    གཞན་དུ་ན    གོང་གི་སྒྲུབ་བྱ་ཡང་མ་གྲུབ་སྟེ  ། ཐོགས་མེད་མ་བྱོན་པའི་སྔ་རོལ་ཏུ་དབུ་སེམས་སོ་སོར་བའི་བསྟན་པ་དང་དེའི་གྲུབ་མཐའ་སྨྲ་བ་ཙམ་ཡོད་པའི་ཕྱིར    དེར་ཐལ    དབུ་སེམས་སོ་སོར་གྱི་བསྟན་པ་ལ་ཞུགས་པའི་སྦས་པའི་བརྟུལ་ཞུགས་འཆང་པའི་རྣལ་འབྱོར་པ་ཡོད་པའི་ཕྱིར    མ་གྲུབ་ན    དེར་ཐལ    ཐུའུ་བཀཱན་གྲུབ་མཐའ་ལས    ཉན་ཐོས་སྡེ་བ་དར་རྒྱས་ཆེ་པའི་དབང་གིས་ཐེག་ཆེན་གྱི་སྡེ་སྣོད་ནུབ་པ་ལྟ་བུར་གྱུར་ཏེ་ཞེས་གསུངས་པའི་ཚིག་ཟུར་གྱི་ནུབ་པ་ལྟ་བུར་གྱུར་ཞེས་པའི་ཚིག་གི་ནུས་པ་ཐོན་པའི་ཕྱིར    དཀའ་འགྲེལ་ལས    ཀླུ་སྒྲུབ་དང་ཐོགས་མེད་སྔོན་དུ་དབུ་མ་པ་དང་རྣལ་འབྱོར་སྤྱོད་པའི་མིང་ཙམ་ཡོད་སྲིད་ཀྱང་ཞེས་གསུངས་པས་སོ །  ཁོ་ན་རེ  ། དེ་མི་འཐད་དེ །  དེའི་སྔ་རོལ་ཏུ་ཐེག་ཆེན་མིང་ཙམ་ཡང་མི་སྲིད་པའི་ཕྱིར    དེར་ཐལ    དཀའ་འགྲེལ་ལས    དུས་རིང་མོའི་བར་དུ་གྲུབ་མཐའ་འོག་མ་ཤིན་ཏུ་དར་ལ་ཐེག་ཆེན་མིང་ཙམ་ཡང་མེད་པ་ཀླུ་སྒྲུབ་ཀྱིས་དར་བར་བྱས་ཏེ་སྲོལ་བཏོད་ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ    དེ་ནི་ཐེག་ཆེན་གྱི་བསྟན་པ་ཆེས་ཤིན་ཏུ་ཉམ་པ་ལ་དགོངས་སོ    དཔེར་ན    ལྷ་མ་ཡིན་ལ་ལྷ་ཡི་དགག་སྒྲ་སྦྱར་བ་ཉིད་ཀྱིས་གསལ་ལོ   
དམིགས་པའི་སྐོར་ལ་བསམ་ནའང་། དོན་དང་སེམས་ཅན་བག་ཆགས་ལ  ཞེས་སོགས་ཀྱི་སྐབས་སུ    ཁོ་ན་རེ    གང་ཟག་གི་བདག་དང་ཆོས་ཀྱི་བདག་ཆོས་ཅན །  ཀུན་གཞིའི་དམིགས་པར་ཐལ    ཁྱོད་ཅག་གི་དམིགས་པ་འཇོག་ཚུལ་དེ་འཐད་པའི་ཕྱིར    འདོད་ན    བདག་འཛིན་གྱི་ས་བོན་གྱི་དབང་གིས་ཀུན་གཞི་ལ་བདག་སྣང་བར་ཐལ  ། དམ་བཅའ་དེའི་ཕྱིར    མ་གྲུབ་ན་སོང་   འདོད་ན་ཀུན་གཞི་ལ་རྟོགས་པས་སྒྲོ་བཏགས་པའི་བདག་སྣང་ཡོད་པ་ཐལ་བ་དང་    ཀུན་གཞི་ལའང་འཁྲུལ་ཤེས་ཡོད་པར་འགྱུར་བས།   ཀུན་གཞི་བཀྲ་འཛིན་གྱིས་དབེན་ཕྱིར།། ཞེས་སོགས་ཀྱི་རྩ་འགྲེལ་དང་འགལ་པར་ཐལ་ལོ་ཞེས་ཟེར་པས་དཔྱད་དོ    རྣམ་པ་རིག་པ་མི་རིགས་པ།  ཞེས་སོགས་ཀྱི་སྐབས་སུ    ཁོ་ན་རེ    ཀུན་གཞི་ཆོས་ཅན  ། ཁྱོད་ཀྱིས་ཡུལ་རྟོགས་པར་ཐལ    ཁྱོད་ཀྱིས་ཡུལ་རིགས་པའི་ཕྱིར    དེར་ཐལ    ཡུལ་གྱི་རྣམ་པ་རིག་པའི་ཕྱིར    མ་གྲུབ་ན    དེར་ཐལ    རྣམ་པ་རིག་པ་མི་རིགས་པ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ    དེའི་དོན་ནི་དེས་རང་ཡུལ་སྣང་ཡང་ངེས་པ་འདྲེན་མི་ནུས་ཞེས་པའི་དོན་ཡིན་པའི་ཕྱིེར   ་་་་་་་ས་བོན་གྱི  དབང་གི་གནས་དོན་ལུས་སུ་ནི  སྣང་ཕྱིར་་་་།  ཞེས་སོགས་ཀྱི་སྐབས་སུ    ཁོ་ན་རེ    གཟུགས་མེད་ཀྱི་ཀུན་གཞི་ཆོས་ཅན    རང་སྟེང་གི་བག་ཆགས་རང་གི་དམིགས་པར་མི་འཐད་པ་ཐལ  ། རང་སྟེང་གི་བག་ཆགས་ཀྱི་དབང་གིས་རང་ཡུལ་སྣང་བར་མེད་པའི་ཕྱིར    མ་གྲུབ་ན    དེར་ཐལ    ཐལ་ཕྲེང་ལས     སྣང་རུང་གི་རྣམ་པ་ལ་བཤད་པ་ཡིན་གྱི་སྣང་བའི་རྣམ་པ་ལ་མ་བཤད་པའི་དོན་ཡོད་པའི་ཕྱིར་ཞེས་གསུངས་པས་དཔྱད་དོ ། དེ་ལ་ཁ་ཅིག་གིས    གོང་གི་རྩ་རྟགས་ལ་འདོད་ཅེས་སྨྲས་པར    འོ་ན་དེ་ཀུན་གཞི་མ་ཡིན་པར་ཐལ    རང་གི་དམིགས་ཡུལ་དུ་གྱུར་པའི་དབང་དོན་བག་ཆགས་གསུམ་པོ་གང་རུང་ལ་མ་དམིགས་པའི་ཕྱིར  ། མ་གྲུབ་ན    དེར་ཐལ    དེས་དབང་དོན་གཉིས་ལ་མ་དམིགས་པ་གང་ཞིག།  བག་ཆགས་ལ་མ་དམིགས་པ་ཁྱོད་ཀྱི་ཁས་ལེན་པ་དེའི་ཕྱིར    གོང་དུ་འདོད་ན    གཟུགས་མེད་ཀྱི་ཀུན་གཞི་མི་སྲིད་པར་ཁས་བླངས་པས་གཟུགས་མེད་ཀྱི་འགྲོ་བ་ཡང་མེད་པར་འགྱུར་ལ། དེས་ན་ཁམས་གསུམ་གྱི་རྣམ་གཞག་གསུངས་པའི་མདོ་དང་བསྟན་བཅོས་ཀུན་སྙིང་པོ་མེད་པར་ཁྱོད་ཀྱིས་བཟོས་འདུག་གོ ། ཡང་གཟུགས་མེད་ཀྱི་ཀུན་གཞིའི་དམིགས་པ་ཡོད་པ་མི་འཐད་དེ    དཀའ་འགྲེལ་ལས    འདོད་ན་དམིགས་པ་དང་བྲལ་བའི་ཤེས་པ་ཁས་བླངས་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ།  འདས་སོགས་དེ་བཞིན་རྨི་ལམ་དང་།། ཞེས་སོགས་གསུངས་པའི་ཕྱིར་ན། དེ་ནི་གཟུགས་སོགས་ཕྱི་རོལ་གྱི་དམིགས་པ་མེད་པ་ལ་དགོངས་པས་སྐྱོན་མེད་དོ    གཞན་དུ་ན་དེ་ཀུན་གཞིའི་མཚན་ཉིད་མ་ཚང་པའི་སྐྱོན་དུ་འགྱུར་པའི་ཕྱིར་རོ     སྨྲས་པ །ཡང་དག་རིགས་ལམ་དར་མའི་རྫ་འཕྲང་ལས།། ཐལ་ཕྲེང་གངས་ཆུ་ཟེགས་མ་བབས་པའི་རྒྱུན།།
རྨོངས་པའི་ཚ་བས་སྲེག་པའི་རི་དྭགས་ལ།། རེ་ཞིག་གསོས་སུ་སྨོན་པའི་ཡིད་ཆེས་ལྕི།། མདོ་སྨད་རྔ་ཡུལ་ཆོས་སྒར་འོག་མིན་དུ།། ཐེག་ཆེན་ཆོས་ཀྱི་མེ་ཏོག་གསར་པའི་ཆར།། གྲངས་མེད་བབས་པའི་ཕུང་པོའི་གསེང་ཞིག་ནས།། གྲོགས་ཀྱིས་བསྐུལ་བའི་རེ་བས་ཐལ་སྒྲ་སློང་།།